ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་བཞི་པ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-06
ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་བཞི་པ)
ཀུན་ཁྱབ་ཀླུ་བྱམས།
རྒྱུ།(དུས་མ་འོངས་པ་གསལ་བྱེད་ཀྱི་ཚིག་གྲོགས)ལས་ཚིག་གི་མཐར་སྦྱོར་སྐབས། དབྱུག་པས་རྒྱག་རྒྱུ་མིན། སྨན་འཐུང་རྒྱུ་ཡིན། བྱེད་རྒྱུ་མིན། འགྲོ་རྒྱུ་ཡིན་སོགས་རྗེས་འཇུག་བཅུ་བོའི་རྗེས་སུ་ཁྱད་མེད་དུ་རྒྱུ་སྒྲ་ཐོན་མོད། རྗེས་འཇུག་ད་བ་གཉིས་ཀྱི་རྗེས་སུ་དམིགས་ཀྱིས་ར་མགོ་བོར་བའི་གྱུ་སྒྲ་ཐོན། ཁྱོད་སྐྱིད་གྱུ་རེད། རྗེས་སུ་ཁྲིད་གྱུ་མིན། རྡོ་གད་གྱུ་རེད། དགོད་གྱུ་ཡོང་གིན། ཁལ་ཐྲུད་གྱུ་མ་རེད། དངོས་པོ་འཕྲོད་གྱུ་རེད། ཤ་འཚོད་གྱུ་ཡིན། སྡེ་བའི་མྱིང་བརྫོད་གྱུ་རེད། ཕན་པ་ཡོད་གྱུ་རེད། མི་གཤིས་ལད་གྱུ་རེད། ལམ་ནས་ཤུད་གྱུ་རེད། གཉིད་ལས་སད་གྱུ་མ་རེད། སྒོར་ཁྲི་གཅིག་བྱིན་ན་མང་བསྡད་གྱུ་རེད། ཤ་གཙབ་གྱུ་མིན། ཉལ་གོས་འགེབ་གྱུ་མ་རེད་སོགས་ཟེར་བ་ལྟ་བུའོ། །ཆོས་ཉིད་དེ་མ་ཤེས་པས་གྱུ་ཡིག་གི་ཚབ་ཏུ་འབྲེལ་སྒྲའི་ཕྲད་ཀྱི་དང་གྱི་གཉིས་བྲིས་དང་འབྲི་བཞིན་སྣང་སྟེ། «མཁའ་འགྲོ་འགྲོ་བ་བཟང་མོའི་གསུང་རབ་རྣམ་ཐར»གྱི་ལྡེབ38པར། ངས་མཁའ་འགྲོ་སྡེ་ལྔ་ལ་དབྱངས་ཤིག་འབུལ་གྱི་ཡིན། ཞེས་དང་། «བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས»ཀྱི་མགོ་བརྗོད་སྐབས་ཀྱི་ལྡེབ6པར། དེ་མིན། བོད་ཀྱི་གནའ་རབས་ཡིག་ཆའི་ཁྱད་ཆོས་གང་ཡོད་སྐོར་ལོགས་སུ་རྩོམ་ཡིག་ཡོད་པས་འདིར་བསྐྱར་བཟློས་བྱེད་ཀྱི་མིན། །ཞེས་དང་། «བོད་རྒྱ་ཚིག་མཛོད་ཆེན་མོ»ཡི་ལྡེབ1966པར། ཁ་དན་ནམ་ཁྲིམས་དང་འགལ་ན་ཉེས་ཆད་འདི་ཙམ་འབུལ་གྱི་ཡིན་ཞེས་འབའ་བཞག་པའི་གན་རྒྱ། ཞེས་དང་། 2008ལོར་པར་དུ་བསྐྲུན་པའི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི(མཚོ་སྔོན་པར་གཞི)ལོ་རིམ་བཞི་བའི་སྐད་ཡིག་སྟོད་ཆའི་ནང་དུ། ངས་གཤམ་གྱི་དཔེ་ཆོས་བཀླགས་ནས་ཁ་ལ་བྱང་བ་བྱེད་རྒྱུ་ཡིན། ཞེས་དང་། ངས་གཤམ་གྱི་གཏམ་དཔེ་བཀླགས་ནས་བློར་འཛིན་རྒྱུ་ཡིན། ཞེས་ཚིག་གྲུབ་དེ་འདྲ་ཚང་མར་རྒྱུ་ཡིག་བྲིས་ཡོད་ཀྱང་། 2020ལོར་པར་དུ་བསྐྲུན་པའི་བོད་ལྗོངས་ཀྱི་སློབ་ཆུང་ལོ་རིམ་བཞི་བའི་སྐད་ཡིག་སློབ་དེབ་སྟོད་ཆའི་ནང་དུ། ངས་གཤམ་གྱི་ཡི་གེར་ཚིག་གྲོགས་གཉིས་རེ་སྦྱོར་གྱི་ཡིན། ཞེས་དང་། ངས་གཤམ་གྱི་ཚིག་དུམ་བཀླགས་ནས་ཁ་ལ་བྱང་བ་བྱེད་ཀྱི་ཡིན། ངས་གཤམ་གསལ་བརྗོད་པའི་ཁྲོད་ཀྱི་དཔེ་དོན་ཤེས་པ་བྱེད་ཀྱི་ཡིན། ངས་གཤམ་གྱི་བརྗོད་པ་རྒྱས་འབྲི་བྱེད་ཀྱི་ཡིན། ངས་གཤམ་གསལ་དོན་འདྲ་བའི་ཚིག་བསྡུར་བ་བྱེད་ཀྱི་ཡིན། ངས་གཤམ་གྱི་དག་ཡིག་བཀླགས་ནས་བློ་ལ་འཛིན་གྱི་ཡིན། ཞེས་རྒྱུ་ཡིག་གི་དོད་དུ་ཀྱི་དང་གྱི་ཡིག་བྲིས་ཡོད་པ་ལྟ་བུའོ། །རྒྱུ་ཡིག་གི་ར་མགོ་དཔྱིས་ནས་གྱུ་ཡིག་ཏུ་བྲིས་ཡོད་ཚུལ་བརྡ་རྙིང་དུའང་སྣང་སྟེ། «བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང»གི་ལྡེབ86པར། (དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་པོ།)ཡྀ་གེ་གཡུང་དྲུང་མྱིང་མྱི་རླག་པར་བྱྀན་པ་དྔ། ལས་སྣ་ཆེན་པོ་བདེ་བ་ཡུན་ཏུ་ཆང་གྱུར་བྱྀན་པ་དང་། སྡའི་དཔོན་པོ་རྒྱུད་དུ་གནང་བ་དྔ་། ཞེས་ཆང་གི་རྒྱུ་ལ་ཞེས་པར་ཆང་གྱུར་ཞེས་ར་མགོ་མེད་པ་ཅན་བྲིས་ཡོད་པ་དེས་ཀྱང་གནས་ལུགས་ཤིག་གསལ་སྟོན་བྱས་ཡོད་སྙམ། ཀུན་ཁྱབ་ཀླུ་བྱམས།
འབྲེལ་ཡོད་འོས་སྦྱོར།