ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་དྲུག་པ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-11
ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་དྲུག་པ)
ཀུན་ཁྱབ་ཀླུ་བྱམས།
སྦྲིད་ལེར་བཞོན།(ཡིག་སྐད) སྦྲིད་ལེ་མར་བཞོན་ཞེས་པའི་བསྡུས་མིང་སྟེ། རྟའི་རྒྱབ་ལ་སྒ་སྟན་མ་བཏིང་པར་རྒྱབ་རྗེན་སྟེང་བཞོན་པའི་དོན། ཨ་མདོའི་ཡུལ་སྐད་དུ། བཟིད་ལེར་བཞོན་སོགས་ཀྱི་གདངས་ཅི་རིགས་ཐོན། རྟར་སྦྲིད་ལེར་བཞོན་ཡུན་རིང་ན་ཨོང་ཤུ་འབུད་སླ་ཟེར་བ་ལྟ་བུ། སི་ཁྲོན་གྱི་རྔ་བ་རྫོང་དང་། མཛོད་དགེ་རྫོང་གི་སྐད་དུ། རྟ་བིད་ལེར་བཞོན། རྟ་བིད་ལེ་མར་བཞོན་ཞེས་པའི་གདངས་ཐོན། དེ་ནི་སྦྲིད་ཡིག་གི་མགོ་འདོགས་གཉིས་བོར་ནས་མིང་གཞི་བ་ལ་གི་གུ་དང་རྗེས་འཇུག་གཉིས་སྦྱར་བས་ཡིན། ཀན་ལྷོའི་རྨ་ཆུ་རྫོང་དང་། མཚོ་སྔོན་མགོ་ལོག་གི་སྐད་དུའང་། བིད(བིས་སྒྲ་ལྟ་བུ་ཐོན)ལེར་བཞོན་ཟེར། དེ་ཡང་སྒྲ་ཟུར་ཅུང་ཉམས་པ་ཙམ་ལས་གྲུབ་ཚུལ་གོང་དང་མཚུངས། སི་ཁྲོན་གྱི་ཁྱུང་མཆུ་རྫོང་དང་། རྨ་ལྷོའི་སོག་རྫོང་གི་སྐད་དུ། རིད་ལེར་བཞོན་ཞེས་པའི་གདངས་ཐོན། དེ་ནི་སྦྲིད་ཡིག་གི་མགོ་མིང་གཉིས་བོར་ནས་འདོགས་ཅན་ར་བཏགས་ཀྱི་ང་རོ་མིང་གཞིར་བྱས་ཏེ་གི་གུ་དང་རྗེས་འཇུག་སྦྱར་བས་ཡིན། རེབ་ཀོང་སོགས་ཀྱི་སྐད་དུ། བཟིད་ལེར་བཞོན་ཟེར་ཞིང་། དཔའ་རིས་རྫོང་གི་སྐད་དུ། བཟིས་ལ་བཞོན་ཞེས་པའི་གདངས་ཐོན། རྟ་ལ་སྒ་བསྟད་ཡོད་ན་རྟ་སྒ་མ་དང་། མེད་ན་བཟིས་མ་ཟེར་བ་ལྟ་བུ། དེ་ནི་སྦྲིད་ཀྱི་འདོགས་ཅན་བོར་ཤུལ་དུ་སྦིད་བྱུང་བས་ཡིན་ཏེ། སྦ་ཡིག་ཁག་ཅིག་ལ་སྐབས་འགར་བཟའ་སྒྲ་ཐོན་ཚུལ། དཔེར་ན། ལྷད་ཞུགས་པའམ་ལྷད་བརྒྱབ་པའི་དོན་གྱི་སྦགས་ལ་བཟགས་ཞེས་དང་། སྦལ་བ་ལ་བཟལ་བ། ལོག་སྦལ་ལ་ལོག་བཟལ། ཆང་གི་སྦང་མ་ལ་བཟང་མ། སྦུ་གུ་ལ་བཟུ་གུ གློ་སྦུག་ལ་གློ་བཟུག ལག་པའི་སྦར་བ་ལ་ལག་པའི་བཟར་ར། ཡུལ་ཤུལ་ནང་ཆེན་རྫོང་གི་སྐད་དུ། སྦྲ་ཡིག་གི་ར་བཏགས་བོར་ནས་སྦ་རུ་གྱུར་རྗེས་སྦ་ལ་བཟའ་སྒྲ་ཐོན་ཟེར་བ་ལྟ་བུའོ། །ཀན་སུའུ་ཡི་དཔའ་རིས་རྫོང་གི་ཡུལ་དུ། དང་པོར་ཀློག་སློབ་དུས་ནས་བཟུང་ས་བ་བཏགས་བཟའ་ཞེས་སློབ་ཀྱང་ཟེར། བོད་ལྗོངས་ནག་ཆུ་ས་ཁུལ་དང་། ཁམས་ཀྱི་ཡུལ་འགའི་སྐད་དུ། རྟ་བཞོན་ལ་རྟ་ཁྱེར་ཞེས་དང་། སྦྲིད་ལེར་བཞོན་ལ་སྦྱིད་ཁྱེར་ཟེར་བས། དེ་ནི་སྐད་གསར་བཅད་མ་བྱས་སྔོན་གྱི་གྲི་ལ་གྱི་དང་། ཁྲི་ལ་ཁྱི། སྦྲིད་ལ་སྦྱིད་ཀྱི་སྒྲ་ལྟར་ཐོན་པས་ཡིན། མཚོ་སྔོན་ཞིང་ཆེན་མཱིན་ཧོ་རྫོང་ཁོངས་ཀྱི་ཚེ་ཏན་བོད་རིགས་ཡུལ་ཚོའི་སྐད་དུ། སྒལ་རྗེན། ཟེར་ཏེ། རྟ་སྒལ་རྗེན་ལ་བཞོན་ཡོད་ཟེར་བ་ལྟ་བུ། ཀུན་ཁྱབ་ཀླུ་བྱམས།
འབྲེལ་ཡོད་འོས་སྦྱོར།