ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་བརྒྱད་པ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-13
ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་བརྒྱད་པ)
ཀུན་ཁྱབ་ཀླུ་བྱམས།
སྐད་དྲིགས།(ཡུལ་སྐད) འགྲོ་བ་མིས་འཆད་པའི་སྐད་ཆའི་རིགས་ཏེ་སྐད་ཆའི་རྗོད་ལུགས་སོགས་ཀྱི་ཁོངས་མི་གཅིག་པའམ་ཡུལ་ཁམས་ངེས་ཅན་ཞིག་ཏུ་རྗོད་མཁན་ཐུན་མོང་བས་བརྗོད་པའི་སྐད་ཆའི་དོན། ངེད་གཉིས་ཀྱི་སྐད་དྲིགས་མི་གཅིག་པས་ལབ་གླེང་བྱས་ན་བརྡ་མི་འཕྲོད་ས་མང་ཟེར་བ་ལྟ་བུ། ཨ་མདོའི་ཡུལ་སྐད་དུ། སྐད་རིགས་ལ་སྐད་དྲིགས་ཞེས་པའི་གདངས་ཐོན་ཚུལ་ནི། མིང་གཞི་ར་དང་ད་ཡིག་ཅན་ཁག་ཅིག་ལ་སྐབས་འགར་རྗེས་འཇུག་གི་དབང་གིས་ཕན་ཚུན་བརྗེ་སྤོར་ཚུལ་དུ་སྒྲ་ཐོན་པ་མཆིས་ཏེ། ཞབས་དྲུང་ལ་ཞབས་རུང་། བཤད་རེས་ལ་བཤད་དྲེས་ཟེར་བ་སོགས་ཞིབ་མོ། ཚིག་མཛོད«གབ་འགྲེལ་མེས་པོའི་ངག་རྗེས»ཀྱི་མཇུག་གི་ཟུར་བཀོད་དང་པོ་སྟེ། «ཨམ་སྐད་གསང་བཀྲོལ་ལྡེ་མིག»ཏུ་གསལ།ཀུན་ཁྱབ་ཀླུ་བྱམས།
སྐྱག ①མིང་གི་ཐོག་མར་སྦྱར་ཚེ་འཇོན་ནུས་མེད་པའི་དོན་སྟོན། སྐྱག་ལག སྐྱག་ཁ། སྐྱག་མིག སྐྱག་རྣ། སྐྱག་སྣ། སྐྱག་མཇེ། སྐྱག་རྫུན། སྐྱག་རྭ་སོགས་ཟེར་ཏེ། ཁྱོའི་སྐྱག་ལག་འདིས་ཅི་ཞིག་ལས་ནའང་མི་འཁྱོངས། བོད་ཡིག་གཙང་མ་ཞིག་ཀྱང་འབྲི་མི་ཤེས། ཁྱོའི་སྐྱག་ལག་འདི་གང་ཡིན་སར་སྲིང་གིན་མ་འདུག་ར། ཁྱོའི་སྐྱག་མིག་དེས་རིག་དགོས་པ་མི་རིག་པར་རིག་མི་དགོས་པ་རིག་པ་དེ་ཡ་མཚན་རེད། ཨ་ཁུ་འབྲོང་གི་ཁ་སྐྱག་ཁ་རེད། ཨ་ཁུ་འབྲོང་གི་རྣ་སྐྱག་རྣ་རེད། ཨ་ཁུ་འབྲོང་གི་རྭ་སྐྱག་རྭ་རེད་ཟེར་བ་སོགས་ལྟ་བུའོ། ། ②མིང་མཐར་སྦྱར་ཚེ་དོན་གྱི་ཉམས་གདོན་པའི་ཚིག་གྲོགས་སུ་འགྱུར་ཏེ། ཚད་ལས་བརྒལ་བའམ་ཐལ་དྲག་པའི་དོན་སྟོན། ཀློའུ་སྐྱག ཀློའུ་སྐྱག་མ། བསེར་སྐྱག བསེར་སྐྱག་མ། ཞར་སྐྱག ཞར་སྐྱག་མ། འོན་སྐྱག འོན་སྐྱག་མ། གྱོལ་སྐྱག གྱོལ་སྐྱག་མ། འདྲེ་སྐྱག འདྲེ་སྐྱག་མ། གདོན་སྐྱག གདོན་སྐྱག་མ། མཛེ་སྐྱག མཛེ་སྐྱག་མ་སོགས་ཟེར་ཏེ། གླེའུ་སྐྱག་ཁྱོས་ཅི་ཞིག་ཤེས་སམ། གླེའུ་སྐྱག་མ་ཁྱོད་ཁ་རོག་ཏུ་སྡོད། ཞར་སྐྱག་ཅིག་ལ་མིག་ཤེལ་གྱིས་ཅི་བྱེད། ང་འདྲེ་སྐྱག་མ་དེའི་གཡོ་འོག་ཏུ་ཚུད་ཟེར་བ་སོགས་ལྟ་བུའོ། །
འབྲེལ་ཡོད་འོས་སྦྱོར།