logo

༄༅། །སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་མ་ཕྱེས་པར་སྙམ་པའི་དོགས་དཔྱོད།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-12 ཀློག་གྲངས།:
༄༅། །སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་མ་ཕྱེས་པར་སྙམ་པའི་དོགས་དཔྱོད།
ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།
       དེ་ཡང་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ནི་སྐྱེས་པ་ནས་དམུས་ལོང་ཞིག་ཡིན་པས། འ་ཞ་རྗེས་གསེར་ཐུར་གྱིས་སྤྱན་ཕྱེས་པ་རེད་ཅེས་པའི་བཤད་རྒྱུན་ལ་དེང་སྐབས་ཡོངས་ཀྱིས་ཡིན་ཐག་ཆོད་དུ་རློམ་གྱིན་མཆིས་མོད། ཡིན་ན་ཡང་སྔོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པ་མང་པོ་ཞིག་བཀླགས་པ་ལ་གཞི་བཅོལ་ན། འ་ཞ་རྗེས་རྒྱལ་པོའི་སྤྱན་གསེར་ཐུར་གྱིས་ཕྱེས་པར་དོགས་པ་མཆིས་པས། དེའི་ཐད་ནས་རང་གི་བསམ་ཚུལ་དང་བཅས་ཏེ་བརྗོད་པར་བྱའོ། །
དང་པོ། སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པར་བསྟན་པའི་ལོ་རྒྱུས་དེབ་ཐེར་དང་རྩོམ་པ་པོའི་དུས་རབས།
       གཅིག སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པར་འདོད་པའི་ལོ་རྒྱུས་དེབ་ཐེར།
       མཁས་པ་ལྡེའུས་མཛད་པའི«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»རུ། དེའི་ཤུལ་དུ་སྲས་དམུས་ལོང་དེ་འ་ཞའི་སྨན་པས་ཕྱིང་ང་སྟག་རྩེར་མིག་ཕྱེ་བས། དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས་སོ། །[1]ཞེས་པ་དང་། «རྒྱལ་རབས་གསལ་བའི་མེ་ལོང»ལས། ཡབ་མེས་ཀྱི་ཐུགས་དམ་གཉེན་པོ་གསང་བ་ལ་མཆོད་པ་གྱིས། འ་ཅིའི་ཡུལ་ནས་སྨན་པ་བོས་ལ། མིག་ཕྱེ་ནས་རྒྱལ་སྲིད་ཟུངས་ཤིག་གསུང་ངོ་། །[2]ཞེས་ཡབ་རྒྱལ་པོ་འབྲོང་གཉན་ལྡེའུས་སྲས་ལ་ཞལ་ཆེམས་བཞག་པ་བྲིས་འདུག «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་། །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། །[3]ཞེས་དང་། «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»ལས། སྲས་དམུས་ལོང་ཞིག་བྱུང་བས་མིང་དམུས་ལོང་དཀོན་པ་བཀྲ་ཞེས་བཏགས་པ་ལ་ཞལ་ཆེམས་སུ། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། །ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ།[4]ཞེས་གསུངས། «རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ»ལས། དེ་ནས་དམུ་ལོང་དཀོན་པ་བཀྲས། གཉན་པོ་གསང་བ་རྒྱས་པར་མཆོད། འ་ཞའི་སྨན་པ་བོས་ནས་ཕོ་བྲང་ཡུམ་བུའི་རྩེར་མིག་ཕྱེ་བས་སྐྱིད་ཤོད་སྟག་མོའི་རི་ལ་གཉན་རྩྭ་ཟ་བ་མཐོང་། དེ་ནས་མཚན་ཡང་སྟག་རི་གཉན་གཟིགས་སུ་གསོལ་ནས་རྒྱལ་སར་བཅུག་གོ །[5]ཞེས་འཁོད། «གསོ་རིག་སྨན་གྱི་ཁོག་འབུགས»ལས། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་སྤྱན་དྲངས། རྒྱལ་བུའི་མིག་གསེར་གྱི་ཐུར་མས་ཕྱེ། སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས།[6]ཞེས་གསུངས།
       གཉིས། སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པར་འདོད་པའི་ལོ་རྒྱུས་དེབ་ཐེར་དག་གི་རྩོམ་པ་པོའི་དུས་རབས།
       ༡ མཁས་པ་ལྡེའུས་མཛད་པའི«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»ཡི་རྩོམ་པ་པོ་མཁས་པ་ལྡེའུ་ནི། ལོ་རྒྱུས་འདིའི་གླེང་གཞིར་དགེ་བཤེས་ལྡེའུ་ནི་དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཞིག་ཡིན་པས་ཆོས་འབྱུང་འདི་བརྩམས་ནས་ད་ཕན་མི་ལོ་བརྒྱད་བརྒྱ་ཡས་མས་ཤིག་སོང་བར་མངོན།[7]
       ༢ «རྒྱལ་རབས་གསལ་བའི་མེ་ལོང»གི་རྩོམ་པ་པོ་ས་སྐྱ་བ་བསོད་ནམས་རྒྱལ་མཚན་ནི་སྤྱི་ལོ༡༣༡༢པར་ཞ་ལུ་ཁང་གསར་དུ་འཁྲུངས།[8]
       ༣ «ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་རྩོམ་པ་པོ་ནི། དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བ་ཡིན། རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ༡༥༠༤-རབ་བྱུང་དགུ་བའི་མེ་སྟག་སྤྱི་ལོ༡༥༦༦ལོ་བར་དགུང་ལོ་དྲུག་ཅུ་རེ་གསུམ་བཞུགས།[9]
       ༤ «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»ཀྱི་རྩོམ་པ་པོ་རྒྱལ་དབང་ལྔ་བ་ཆེན་མོ་ནི། «དུང་དཀར་ཚིག་མཛོད»ལས། བོད་རབ་བྱུང་བཅུ་བའི་མེ་སྦྲུལ༡༦༡༧ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི༡༦༨༢ལོར་སྐུ་གཤེགས། དགུང་ལོ་རེ་དྲུག་བཞུགས།[10]
       ༥ «རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ»ཡི་རྩོམ་པ་པོ་སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ་ནི།(ཁོང་གིས་སྤྱི་ལོ༡༤༣༤ཡས་མས་ལ་ས་སྐྱའི་གདུང་རབས་བསྡུར་བསྡུས་དོན་གསལ་གྲུབ།) སྤྱི་ལོའི་དུས་རབས་བཅོ་ལྔ་བར་བྱོན།
       ༦ སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། སྤྱི་ལོ༡༦༥༣-༡༧༠༦ལོའི་བར་སྐུ་བཞུགས།
གཉིས་པ། སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པ་མ་གསུངས་པའི་ལོ་རྒྱུས་དེབ་ཐེར་དང་རྩོམ་པ་པོའི་དུས་རབས།
       གཅིག སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པ་མ་བསྟན་པའི་ལོ་རྒྱུས་དེབ་ཐེར།
       «བཀའ་ཐང་སྡེ་ལྔ»ལས། སྟག་རི་གཉན་གཟིགས་དམུས་ལོང་སྐྱེས་པ་ཡང་། །གཉན་པོ་གསང་བ་མཆོད་ཅིང་བཀུར་བ་ཡིས། །སྤྱན་ཕྱེ་མངའ་ཐང་ལོངས་སྤྱོད་དེ་ནས་འཕེལ། །[11]ཞེས་གཉན་པོ་གསང་བ་མཆོད་པ་ལས། ཐུར་མའི་དཔྱད་བཅོས་བྱས་པ་ལར་ནས་གླེང་མི་འདུག «བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ»ལས་ཀྱང་། རྒྱལ་བུ་འབྲོང་གཉན་ལྡེའུས་གཉན་པོ་གསང་བ་ལ་མཆོད་པ་བཅད་པས། སྙུན་ངན་པས་ཟིན་ཏེ་མཛེ་བྱུང་། དེའི་སྲས་སྟག་རི་གཉན་གཟིགས་ཀྱིས་མཆོད་པས་མིག་ལོང་ལས་གྲོལ་ཏེ་སྟག་རིའི་གཉན་མཐོང་།[12]ཞེས་པ་དང་། «བཀའ་ཆེམས་ཀ་ཁོལ་མ»ལས། སྟག་གུ་གཉན་གཟིགས་དེ་མའི་རུམ་ནས་དམུས་ལོང་དུ་བྱུང་ནས་སྤྱན་མེད་པ་ལས། ཡབ་མེས་ཀྱི་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་ལ་གསོལ་བ་བཏབ་པས། དེའི་བྱིན་བརླབས་ཀྱིས་སྤྱན་ལོང་བ་དེ་ཡང་ཁྱད་པར་གསལ་བར་བྱུང་སྐད།[13] «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»རུའང་། ༇མཁར་པྱྀང་བ་སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཇྀགས་བཞུགས། །[14]ཞེས་འཁོད་འདུག གཞན་ཡང««ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»»དུ། ལྡེ་གུ་དེའི་སྲས་སྟག་རི་གཉན་གཟིགས་སོ། རང་སངས་རྒྱས(ར་སངས་)ཀྱི་བོན་པོ་ཁྲེ་ནེ་ཁྲིད(ཁོད་)ཀྱིས་སྐུ་བསྲུངས་སོ། དེ་དམུས་ལོང་དུ་སྐྱེས་པ་ཡང་རྒྱལ་སར་ཕྱུང་ནས། གཉན་པོ་གསང་བ་ལ་མཆོད་པ་བྱས། གསོལ་བ་བཏབ་པས། དམུས་ལོང(ལ་སྤྱན་)ཧྲིག་གེར་བྱུང་ནས། རི་སྟག་རི་ལ་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་སོ།[15]ཞེས་པ་དང་། «བུ་སྟོན་ཆོས་འབྱུང»ལས། དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ་གཉན་པོ་གསང་བ་མཆོད་པས་སྤྱན་ཕྱེ་སྟེ་སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །[16]ཞེས་བཞེད། «དེབ་ཐེར་དམར་པོ»རུའང་དེའི་སྲས་འབྲོམ་གཉན་ལྡེའུ་འཛེ་བྱུང་བས་གསོན་དུར་དུ་ཞུགས། དེའི་སྲས་དམུས་ལོང་གཅིག་ཡོད་པ་མིག་ཕྱེ་བ། སྟག་མོའི་རི་ལ་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་སུ་བཏགས།[17]ཞེས་གསུངས། «ལེགས་བཤད་རིན་པོ་ཆེའི་མཛོད»ལས། སྲས་དམུས་ལོང་ཞིག་བྱུང་བ་ལ་གཤེན་པོས་སྤྱན་བསྒྲུབས་པའི་གྲུབ་སྟེ། ཕ་རི་ལ་རི་དྭགས་སྙན་འདུག་པ་གཟིགས་པས། སྟག་གོང་སྙན་གཟིགས་སུ་བཏགས་སྐུ་གཤེན་ར་སངས་ཁྲི་ནེ་ཁོད།[18]ཅེས་འཁོད། «བཤད་མཛོད་ཡིད་བཞིན་ནོར་བུ»ལས། དེའི་སྲས་འབྲོང་སྙན་སྡེ་རུ། དེ་སྙུང་གིས་ཟིན་ནས་དཔོན་གཡོག་བདུན་བང་སོར་གཤེགས་སོ། །དེའི་སྲས་རྟ་དགུ་སྙན་གཟིགས། དེ་ལ་ཡབ་ཀྱི་གྲིབ་ཕོག་ནས་སྤྱན་དམུན་ལོང་དུ་བྱུང་བ་ཡིན་ཏེ། དཀོན་མཆོག་ལ་གསོལ་བ་བཏབ་པས་སྤྱན་བྱུང་བས། རི་རྟ་དགུའི་ལོགས་ལ་སེམས་ཅན་སྙན་བྱུང་བ་གཟིགས་ནས། མཚན་ཡང་རྟ་དགུ་སྙན་གཟིགས་སུ་བཏགས་སོ། །[19]ཞེས་སྐབས་འདིར་རྟ་དགུ་སྙན་གཟིགས་ཞེས་རྒྱལ་པོའི་མཚན་འབོད་སྟངས་མི་འདྲ་བ་ཞིག་ཀྱང་ཐོན་འདུག མཁས་དབང་བྱམས་པ་འཕྲིན་ལས་ཀྱི«གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས»སུ་ཡང་། བོན་གྱི་ལོ་རྒྱུས་སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག་གིས་བརྩམས་པའི«སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ»ལས། འབྲོང་ཟ་དར་མ་གཡང་བཞེར་གྱི་སྲས་འབྲོང་སྙན་ལྡེའུ་ཁུའི་བོན་པོ་མང་རྗེ་ལོད་པོས་སྐུ་བསྲུང་། འབྲོང་སྙན་དང་། མཆིམ་ཟ་ཀླུ་རྒྱལ་ངན་ན་ཆེ་ལ་སྲས་དམུས་ལོང་ཞིག་བྱུང་བ་ལ། ལུ་བོན་མང་རྗེ་ལོད་པོས་སྤྱན་བསྒྲུབས་པས། ཕ་རི་ལ་གཉན་འདུག་པ་གཟིགས་པས། མཚན་སྟག་རི་གཉན་གཟིགས་སུ་བཏགས།[20]ཞེས་བཀོད་འདུག
       གཉིས། སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་པ་མ་གསུངས་པའི་ལོ་རྒྱུས་དེབ་ཐེར་དག་གི་རྩོམ་པ་པོའི་དུས་རབས།
       ༡ «བཀའ་ཐང་སྡེ་ལྔ»ནི་གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པའོ། །ཤོག་སེར་ཤོག་དྲིལ་གཅིག་འདུག་གོ །ཞེས་པ་ལྟར་དུ། སྤྱི་ལོ་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཨོ་རྒྱན་པདྨ་འབྱུང་གནས་བོད་དུ་བཞུགས་རིང་གི་མཛད་པ་བཅུ་གཅིག[21]གིས་མཚོན་པའི་ལོ་རྒྱུས་ཡིག་རྙིང་གལ་ཆེན་ཞིག་ཡིན།
       ༢ «བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ»ནི་སྐབས་དེའི་བེེ་རོའི་ཐུགས་སྲས་གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས་པ་ཞིག་ཡིན་པས། ཤིན་ཏུ་ནས་ལོ་རྒྱུས་རྙིང་པ་ཁུངས་བཙུན་ཡིན་ཏེ། རྒྱུ་མཚན་ནི་བེེ་རོ་ཙ་ན་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། སློབ་དཔོན་པདྨ་འབྱུང་གནས། གཡུ་སྒྲ་སྙིང་པོ་སོགས་ནི་དུས་རབས་གཅིག་གི་དུས་མཉམ་ཡིན་པ་ནི། «བེེ་རོའི་འདྲ་འབག»ལས། རྒྱལ་པོ་གཡུ་སྒྲ་སྙིང་པོས། རྟ་བཟང་པོ་གཅིག་ལ་གསེར་སྒ་གཡུ་ཕྲས་བརྒྱན་ནས། དར་ཡུག་བཏགས་ཏེ་སློབ་དཔོན་ལ་ཕུལ་ནས། མན་ངག་གི་ཆོས་ཞུས།[22]ཞེས་འཁོད་པ་ལྟར་སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་སུའོ། །
       ༣ «བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་འཕྲེང་བ»ཞེས་བྱ་བའམ་མཚན་གཞན«བཀའ་ཆེམས་ཀ་ཁོལ་མ»ནི། དེའི་འགོ་བརྗོད་དུ་རྩོམ་སྒྲིག་པས། ད་ལྟའི་དཔེ་རྒྱུན་དཀོན་ལ། ཐོག་མའི་དཔེ་ཁུངས་བཙུན་ཞིང་། བཀའ་ཆེམས་ཤོག་དྲིལ་གྱི་ངོས་ནས་མཚོན་ན་བོད་ཀྱི་ལོ་རྒྱུས་ཀྱི་བོད་ཡིག་ཡོད་དོ་ཅོག་ལས་སྔ་ཤས་སུ་གྱུར།[23]ཞེས་པ་ལྟར་ཡིན།
       ༤ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དེ་བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་། བོད་ཀྱི་ཁྲམ་བྱང་བཅས་དང་ལྷན་དུ་བོད་གནའ་རབས་ཀྱི་ཡིག་ཆ་རྣམ་གསུམ་དུ་འབོད་ལ། དེ་དག་གི་ནང་དུ་བོད་བཙན་པོའི་དུས་རབས་ཀྱི་ཆབ་སྲིད་དང་དམག་དོན་སོགས་ཀྱི་མཛད་སྒོ་ཀུན་གསལ་ཞིང་དག་པར་འཁོད་འདུག(དེབ་དེའི་མཇུག་ཟིན་དུ་འཁོད)ཅེས་པ་ལྟར་དུ་བོད་བཙན་པོའི་དུས་རབས་ཀྱི་ཡིག་ཆ་རྙིང་པའོ། །
       ༥ «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དེ། ཆོས་འབྱུང་འདི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་བོད་ཁམས་ཡོངས་ལ་གྲགས་པའི་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་སྤྲུལ་དུ་གྲགས་པ་ཉང་རལ་ཉི་མ་འོད་ཟེར་ཡིན་ཞིང་། ཁོང་ནི་བོད་ཀྱི་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོ། སྤྱི་ལོ༡༡༢༤ལོར་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་འཁྲུངས།[24]
       ༦ «བུ་སྟོན་ཆོས་འབྱུང»གི་རྩོམ་པ་པོ་བུ་སྟོན་རིན་ཆེན་གྲུབ་ནི། ཚལ་བ་ཀུན་དགའ་རྡོ་རྗེའི་དེབ་དམར་ལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད་པར། བུ་སྟོན་ཁ་ཆེ།(བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ) རབ་བྱུང་ལྔ་བའི་ལྕགས་སྟག སྤྱི་ལོ༡༢༩༠-རབ་བྱུང་དྲུག་པའི་ཤིང་འབྲུག སྤྱི་ལོ༡༣༦༤བར། དགུང་ལོ་བདུན་ཅུ་དོན་ལྔ་བཞུགས།[25]
       ༧ «དེབ་ཐེར་དམར་པོ»འདིའི་རྩོམ་པ་པོ་ནི། ཚལ་བ་སི་ཏུ་ཀུན་དགའ་རྡོ་རྗེ(སི་ཏུ་དགེ་བའི་བློ་གྲོས)ཡིན།(རབ་བྱུང་ལྔ་བའི་ས་བྱ་སྤྱི་ལོ༡༣༠༩-རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༤བར)[26]ཞེས་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི་རྩོམ་པ་པོའི་ངོ་སྤྲོད་དུ་གསལ་བ་བཞིན་ནོ། །
       ༨ ཨེ་མ་ཧོ། པོ་ཏི་བཤད་མཛོད་ཡིད་བཞིན་ནོར་བུ་འདི། །ཁོ་བོ་དོན་དམ་སྨྲ་བའི་སེངྒེ་ངས། །མདོ་དང་རྒྱུད་ལུང་སྔོན་མའི་གཏམ་རྒྱུད་དང་། །ལུགས་སྡེ་ཆེན་པོ་ཀུན་ལས་ལེགས་བསྡུས་ནས། །ཚིག་སྡེབ་ལེགས་པར་སྒྲིག་སྟེ་ཡི་གེར་བཀོད། །ཅེས་པ་ལྟར་དུ། «བཤད་མཛོད་ཡིད་བཞིན་ནོར་བུ»འདི་བརྩམས་པའི་དུས་ཚོད་ཕལ་ཆེར་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་ལ་ཡིན་པར་ངོས་འཛིན་བྱས་ཆོག[27]ཅེས་དཔེ་སྐྲུན་གསལ་བཤད་དུ་གཞོན་ནུ་ནོར་བཟང་དང་མིག་དམར་ཚེ་རིང་ཆུང་བས་བཤད་པ་བཞིན་ནོ། །
       ༩ «གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར»ཞེས་བྱ་བ་འདིའི་རྩོམ་པ་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་ནི་༡༨༥༨-༡༩༣༣རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་ལུག་ལོར་མདོ་ཁམས་སྨད་ཀྱི་ཡུལ་ལྗོངས་དངུལ་རྫ་ཟལ་མོའི་སྒང་གི་རིའི་རྒྱུད་རྫ་ཁོག་འབོད་པར་ཆེན་པོ་ཧོར་གྱི་རིགས་ལས་བྱུང་བའི་ཡབ་བོན་སྔགས་འཛིན་པ་དགེ་བསྙེན་བཀྲ་ཤིས་དགའ་དང་ཡུམ་རིགས་བཟང་བོ་ལེགས་གཉིས་ལ་སྐུ་བལྟམས།[28]
གསུམ་པ། དོན་དུ་སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་མ་ཕྱེས་པར་འདོད།
       ཡིག་ཚང་བལྟ་ཀློག་ལས«མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»དང་། «རྒྱལ་རབས་གསལ་བའི་མེ་ལོང་།» «ཆོས་འབྱུང་མཁས་པའི་དགའ་སྟོན།» «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།» «རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ»སོགས་ཀྱིས་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱིས། ཡབ་མེས་ཀྱི་ཐུགས་དམ་སྟེ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དུས་སུ་བྱུང་པའི་གཉན་པོ་གསང་བ་ལ་མཆོད་བཀུར་བྱས་པའི་ཕན་ཡོན་དང་། འ་ཞའི་སྨན་པས་སྤྱན་དམུས་ལོང་དེ་ཕྱེས་པར་ཐུན་མོང་གིས་བཞེད་ཀྱང་། རྒྱལ་པོའི་སྤྱན་ལ་འ་ཞའི་སྨན་པས་ལག་རྩལ་གང་ཞིག་སྤྱད་པ་དང་། ཐབས་ཤེས་ཅི་ཞིག་འཐེན་པ་ཁ་མི་གསལ་མོད། རྒྱལ་པོའི་སྤྱན་འ་ཞ་རྗེས་གསེར་ཐུར་གྱིས་ཕྱེས་ཞེས་གསུངས་མཁན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ཡིན་འདུག་པས། སྡེ་སྲིད་ནས་བཟུང་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་སྟག་རི་གཉན་གཟིགས་ཀྱི་སྤྱན་གསེར་ཐུར་གྱིས་ཕྱེས་པ་རེད་ཅེས་སྨྲས་པར་འདོད། འདི་ལྟར་བཞེད་པའི་མཁས་དབང་ཁོང་རྣམ་པ་ནི་དུས་ཀྱི་ཆ་ནས་སྨྲས་ཚེ། དུས་རབས་བཅུ་གཉིས་པ་ནས་དུས་རབས་བཅུ་བདུན་པར་བྱོན་པའི་གསོ་རིག་མཁས་པ་འབའ་ཞིག་གོ །ཡང་སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞའི་སྨན་པས་མ་ཕྱེས་པར་གསུངས་མཁན«བཀའ་ཐང་སྡེ་ལྔ»དང་། «བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།» «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» «བུ་སྟོན་ཆོས་འབྱུང»བཅས་ཀྱིས་གཉན་པོ་གསང་བ་མཆོད་པའི་བྱིན་བརླབས་ཀྱིས་རྒྱལ་པོའི་སྤྱན་ཕྱེས་པ་ལས། མིག་ཐུར་སོགས་དཔྱད་བཅོས་བྱས་པ་ལར་ནས་གསུངས་མི་འདུག «བཀའ་ཆེམས་ཀ་ཁོལ་མ»ལས་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་བཀུར་པས་སྤྱན་ཕྱེས་པར་བསྟན། «དེབ་ཐེར་དམར་པོ»ལས་མིག་ཕྱེ་ཞེས་པ་ལས་མིག་ཅི་ལྟར་ཕྱེས་པ་གསུངས་མེད། «བཤད་མཛོད་ཡིད་བཞིན་ནོར་བུ»ལས་དཀོན་མཆོག་ལ་གསོལ་བ་བཏབ་པས་སྤྱན་བྱུང་པར་འདོད། འདི་རུ་ང་ཚོས་རྟོགས་དགོས་པ་ཞིག་ནི། «བཀའ་ཐང་སྡེ་ལྔ»དང«བེེ་རོའི་རྣམ་ཐར་འདྲ་འབག»ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐབས་ཏེ་སྤྱི་ལོའི་དུས་རབས་བརྒྱད་པའི་ཡིག་ཆ་རྙིང་པ་ཡིན་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར«བཀའ་ཆེམས་ཀ་ཁོལ་མ»ནི། བཀའ་ཆེམས་ཤོག་དྲིལ་གྱི་ངོས་ནས་མཚོན་ན་བོད་ཀྱི་ལོ་རྒྱུས་ཀྱི་བོད་ཡིག་ཡོད་དོ་ཅོག་ལས་སྔ་ཤས་སུ་གྱུར། ཞེས་པ་ལྟར་འདི་ནི་ཁྲི་སྲོང་ལྡེའུ་བཙན་ལས་ཀྱང་སྔ་བར་སྤྱི་ལོའི་དུས་རབས་བདུན་པར་བྱུང་བ་ཀུན་གྱིས་མཁྱེན་གསལ་བཞིན་ཡིན་པ་དང་། སྟག་རི་གཉན་གཟིགས་དང་ལོ་རྒྱུས་བར་ཐག་ཆེས་ཉེ་བའི་ལོ་རྒྱུས་ཡིག་རྙིང་འདི་དག་ཏུ་སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞའི་སྨན་པས་ཕྱེས་པའི་ཚིག་ཟུར་ཙམ་ཡང་མེད་པར་བསམ་གཞིགས་བྱས་ཚེ། ཕྱིས་ཀྱི་དུས་རབས་བཅུ་གཉིས་པ་སོགས་ཀྱི་ལོ་རྒྱུས་ཟིན་ཐོར་འཁོད་པའི་སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞའི་སྨན་པས་ཕྱེས་ཞེས་པའི་བཤད་ཚུལ་ལའང་དོགས་པ་མི་སྐྱེ་རང་སྐྱེ་འདུག གཞན་ཡང་། «ལེགས་བཤད་རིན་པོ་ཆེའི་མཛོད»ཀྱིས་གཤེན་པོས་སྤྱན་བསྒྲུབས་པར་བསྟན་པ་དང། སྐུ་གཤེན་ར་སངས་ཁྲི་ནེ་ཁོད། ཅེས་གསལ་པོར་འཁོད་པ་དང་། གཤེན་བྱ་བ་ནི་རྒྱ་གར་རྒྱལ་པོ་དག་ལ་མདུན་ན་འདོན་ཞེས་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེ་བླ་མཆོད་རེ་ཡོད་པ་བཞིན། «དེབ་དཀར»ལས། སྔོན་དུས་བོད་ཀྱི་རྒྱལ་པོ་ལའང་སྐུ་བོན་བྱ་བ་ཞིག་འདུག་པ་ནི་མདུན་ན་འདོན་གྱི་ཚོད་ཙམ་ཡིན་ཞེས་གསུངས་ཡོད་ལ། གཤེན་དང་བོན་ཞེས་པ་གཉིས་དོན་གཅིག་ཡིན་པ་དང་། རྒྱུའི་བོན་པོ་རིགས་བཞི་ལས། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱཱ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ནོ། །དེ་ལ་སྣང་གཤེན་ལ་བལ་ཐོད་ཅན་གྱིས་ཕྱཱ་དང་གཡང་འགུག ལྷ་དང་སྨན་གསོལ།[29]ཞེས«རྒྱལ་རབས་གསལ་བའི་མེ་ལོང»ལས་བཤད་ཡོད་པར་བལྟས་ནའང་། བཙན་པོའི་སྐུ་གཤེན་ཏེ་སྣང་གཤེན་བལ་ཐོད་ཅན་ར་སངས་ཁྲི་ནེ་ཁོད་ཟེར་བས། སྟག་རི་གཉན་གཟིགས་ཀྱི་སྤྱན་ཟངས་ཐུར་བྲ་བོ་འདྲ་བས་ཕྱེས་པ་མིན་ནམ་ཡང་སྙམ་པ་དང་། «སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ»ལས་ཀྱང་། ལུ་བོན་མང་རྗེ་ལོད་པོས་སྤྱན་བསྒྲུབས། ཞེས་པ་སོགས་ལ་གཞིགས་ཚེ། གལ་ཏེ་གཉན་པོ་གསང་བ་སོགས་ཕ་མེས་ཀྱི་ཐུགས་དམ་ལ་མཆོད་པ་ཙམ་མ་ཡིན་པར། རྒྱལ་པོའི་སྤྱན་ལ་ཐུར་མས་དཔྱད་བཅོས་བྱས་པ་ཡིན་ཚེ། ཐུར་དཔྱད་བྱ་མཁན་ནི་སྐུ་གཤེན་ཡིན་ཡང་། ཕྱིས་ཀྱི་བན་བོན་གྱི་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས། སྐུ་གཤེན་གྱི་མིང་དོར་ནས་དེའི་ཚབ་ཏུ་འ་ཞའི་སྨན་པ་ཞེས་པ་རྒྱལ་པོའི་ཉེ་གནས་སྐུ་གཤེན་ཡོན་ཏན་ཅན་ཞིག་མ་ཡིན་པ། རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྗེ་བོ་འབྲེལ་མེད་ཅིག་རྟོགས་བཟོས་ཀྱིས་ལབ་པ་མ་ཡིན་ནམ་ཡང་སྙམ། གཞན་ཡང་«བཤད་མཛོད་ཡིད་བཞིན་ནོར་བུ»ལས། རྟ་དགུ་སྙན་གཟིགས་ཞེས་པ་དང་། ཏུན་ཧོང་གཏེར་ཡིག་ལས། སྟག་བུ་སྙ་གཟིགས་ཞེས་པ་གཉིས་ནི། སྟག་རི་ཞེས་པ་དང་དོན་རྦད་དེ་ཁ་ཁ་སོ་སོ་བ་ཞིག་ཡིན་པར་འདུག་པར་དཔྱད་ཚེ། སྐྱི་ཤོད་སྟག་མོ་རི་ལས་སྟག་རི་ཐོགས་ཚུལ་ལ་ཡང་འཕྱང་མོ་ཉུག་པ་དང་། ཏུན་ཧོང་ཡིག་ཆ་ལས་བསྟན་པའི་མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་བཞུགས་ཞེས་པའི་ཕོ་བྲང་ཕྱིང་བ་སྟག་རྩེ་དང་རི་དྭགས་གཉན་མཐོང་སའི་སྐྱིད་ཤོད་སྟག་མོ་རི་གཉིས་ཀྱི་བར་ཐག་ལ་མཚོན་ནའང་ཧ་ཅང་རིང་བར་ངེས་ཏེ། «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»ལས། སྲས་དམུས་ལོང་བ་དེ་ཕྱིས་ཀྱི་སྟག་རི་གཉན་གཟིགས་ཡིན་པར་བཤད་ཅིང་། དེའི་མཚན་ཐོགས་ཚུལ་ཡང་འ་ཞའི་སྨན་པས་སྤྱན་ཕྱེ་རྗེས་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་པས་མིང་དེ་ལྟར་ཆགས་ཞེས་གྲགས་ཆེ་མོད། འོན་ཏེ་དོན་དངོས་སུ་སྐབས་དེར་བཙན་པོའི་རྒྱལ་ས་ད་དུང་ལྷོ་ཁའི་འཕྱོངས་རྒྱས་ནས་སྐྱིད་ཤོད་དེ་དེང་གི་ལྷ་སར་སྤོས་མེད་པར་མ་ཟད། སྐབས་དེར་ཡུལ་གྲུ་འདི་དག་སུམ་པའི་ཟིང་རྗེའི་མངའ་འོག་ན་ཡོད་པས་འགྲིག་དཀའ།[30]ཞེས་ཁ་གསལ་སྨྲས་འདུག་གོ །གཞན་ཡང་དོགས་པ་ཆེན་པོ་ཞིག་མཆིས་པ་ནི། «རུས་མཛོད་མེ་ཏོག་སྐྱེད་ཚལ»ལས། ཡུལ་མི་ཉག་ནས་ལྡོང་རིགས།་་་་་་།འ་ཞ་ནས་རྒ་བྱུང་སྟེ། ཞེས་པ་དང་། ལྡོང་ལ་རུས་ཆེན་བཅོ་བརྒྱད། །སེང་རྒྱལ་འ་ཞ་བུ་དགུ་གྲོལ། །ཞེས་པ་ལྟར། རུས་ལྡོང་ཡིན་པའི་བོད་ཀྱི་རྒྱལ་ཕྲན་འ་ཞའི་རྒྱལ་པོ་སྟེ་འ་ཞ་རྗེ་ནི་སྐབས་དེར་ཡར་ཀླུང་སྤུ་རྒྱལ་བཙན་པོའི་མངའ་ཁོངས་མིན་པ་དང་། དེ་དུས་སུ་སྤུ་རྒྱལ་གྱིས་མངའ་ཁོངས་ཇེ་ཆེ་དང་མཐའ་འཁོར་གྱི་བོད་ཀྱི་རྒྱལ་ཕྲན་མང་པོ་ཐབས་བརྒྱ་ཇུས་སྟོང་གིས་དབང་དུ་བསྡུས་ཏེ་བོད་གཅིག་གྱུར་བྱེད་མུས་ཀྱི་སྒང་ཡིན་པས། རྒྱལ་ཕྲན་ཆུང་ཆུང་འ་ཞ་རྗེ་ནི་རང་གི་ཆབ་སྲིད་དང་མངའ་ཐང་ལ་སྲུང་སྐྱོབ་སྒོས་ཡར་ཀླུང་སྤུ་རྒྱལ་ལ་དོགས་ཟོན་ཁྲ་འདྲ་བ་ཞིག་བྱེད་ཀྱིན་ཡོད་པ་གོར་མ་ཆག་པས། ཀླད་མེད་འཛེམས་བྲལ་གྱིས་སྤུ་རྒྱལ་གྱི་བཙན་པོའི་བྲང་སར་མི་བཏུད་པ་ཆོས་ཉིད་ཡིན་པ་དང་། གལ་ཏེ་སྤུ་རྒྱལ་གྱིས་རྒྱལ་སྲས་ཀྱི་སྤྱན་ལ་གསེར་ཐུར་གྱི་དཔྱད་བཅོས་བྱ་བར་བང་ཆེན་མངགས་པ་ཡིན་ཡང་། འ་ཞ་རྗེ་ཡང་རྒྱལ་ཕྲན་གྱི་རྗེ་བོ་ཞིག་ཡིན་པའི་ཆ་ནས། སྤུ་རྒྱལ་མངའ་ཁོངས་ཀྱི་ལྷ་རྗེ་ཞིག་གདན་དྲངས་པ་ལྟར་ཚམ་ཚོམ་མེད་པར་སླེབས་མི་སྲིད་པར་འདོད་དོ། །
བཞི་པ། གལ་ཏེ་སྟག་རི་གཉན་གཟིགས་ཀྱི་སྤྱན་ཐུར་མའི་ཕྱེས་པ་ཡིན་ན་གཤེན་པོས་ཟངས་ཐུར་གྱིས་ཕྱེས་པར་འདོད།
       «འབུམ་བཞིའི་སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ»ལས། ཟངས་ཐུར་བྲ་བོ་ཁ་ཡིས་མིག་འགྲིབ་བསལ།[31]ཞེས་པ་དང་། འབུམ་བཞིའི་རྩོམ་པ་པོ་ནི་དཔྱད་བུ་ཁྲི་ཤེས་ཡིན་པ་དང་། དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི།སྔ་རབས་ཞང་ཞུང་ཡུལ་དུ་བྱུང་བའི་གསོ་དཔྱད་མཁས་པ་ཞིག་དང་།སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་ཤོས་དེ་ཡིན།[32]ཞེས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་གསུངས་པ་དང་།འབུམ་བཞིའི་འགོ་བརྗོད་དུ། མིག་སྔར་མཐོང་ཆོས་སུ་གྱུར་པའི་ལོ་རྒྱུས་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི་གསོ་རིག་འབུམ་བཞི་འདི་ཉིད་ཡིན་ཞིང་། «གསོ་རིག་ཐུགས་འབུམ་མཁའ་སྔོན»གྱི་མཇུག་བྱང་ལྟར་ན་གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་ཆེ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་ཆིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟགས་དཔྱད་དང་། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི༡༩༡༧པའི་ཤིང་བྱི་གཅིག་དཀར་ལོ་དེར་འཁྲུངས་ཡོད་པར་བཤད། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལ་ཉེ་འགྲོ་གི་ཡོད་པ་རེད།[33]ཅེས་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་ཀྱང་ཁ་གསལ་དུ་བཀོད་འདུག་པ་དང་། གཞན་ཡང་ཏུན་ཧོང་གཏེར་ཡིག་གི་བོད་ཀྱི་གསོ་རིག་མེ་བཙའི་བཅོས་ཐབས་ཞེས་པའི་མཇུག་ཏུ། དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ། ཞང་ཞུང་དཔྱད་ཕུགས་པ་དང་། སྦྱར་ཏེ་བགྱིས་པ་ལགས་སོ། །[34]ཞེས་པ་ལས། «འབུམ་བཞི»ཡི་རྩོམ་པ་པོ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི་སྔ་རབས་ཞང་ཞུང་གི་གསོ་དཔྱད་མཁས་པ་དོ་ཟླ་བྲལ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། བཙན་པོའི་ཕྱག་སྦལ་ཏེ་ཡིག་ཚང་གི་མཛོད་ན་ཡང་མ་མཆིས་པ་ཞང་ཞུང་གི་དཔྱད་ཕུགས་པ་རུ་ལྡན་པ་སོགས་ལ་བསམ་བློ་བཏང་ཚེ། «གསོ་རིག་འབུམ་བཞི»ནི་གསོ་རིག་རྒྱུད་བཞི་བྱུང་བའི་དུས་རབས་བརྒྱད་པ་ལས་ཆེས་སྔ་བ་དང་། ཁྱད་པར་དུ་ཟངས་ཀྱི་མིག་ཐུར་མཆིས་པ་ཁ་གསལ་འདུག་པ་དང་། དེར་མ་ཟད«དཔལ་ལྡན་རྒྱུད་བཞི»ཡི་ཆ་བྱད་དཔྱད་དུའང་། ཟངས་ཐུར་བྲ་བོ་འདྲ་བས་མིག་སྤྲིན་དབུག །[35]ཅེས་མིག་གི་ཟངས་ཐུར་གསུངས་པ་དང་། ད་དུང་གཡུ་ཐོག་གསར་རྙིང་གི་དཔལ་ལྡན་རྒྱུད་བཞིའི་མ་དཔེའི་ཡིག་རྙིང་གི་གྲས་སུ་ཀུན་གྱིས་བཞེད་པའི་སྨན་དཔྱད་ཟླ་བོའི་རྒྱལ་པོ་ལས་ཀྱང་། ཁབ་འདྲ་བྲ་བོ་འདྲ་དག་གི །མིག་གི་ནད་དག་སེལ་བར་བྱ། །[36]ཞེས་རྒྱུ་གང་ཡིན་མི་གསལ་ཡང་བྲ་བོ་འདྲ་ཞེས་པ་ལས་འབུམ་བཞི་དང་རྒྱུད་བཞི་ལས་བསྟན་པའི་ཟངས་ཐུར་བྲ་བོ་འདྲ་བ་ཡིན་པ་རྟོགས་ནུས་སྙམ། རྒྱུད་ཆུང་བར། ཟངས་ཐུར་བྲ་འདྲ་སོར་བཞིས་མིག །[37]ཞེས་ཡང་ཟངས་ཀྱི་མིག་ཐུར་བསྟན་འདུག་པ་དང་། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི«ཆ་ལག་བཅོ་བརྒྱད»དུ་ཡང་། བྲ་བོ་འདྲ་བའི་ཐུར་མས་མིག་འགྲིབས་བསལ། །[38]ཞེས་ཐུར་མའི་རྒྱུ་གང་ཡིན་པ་ཁ་མི་གསལ་ཡང་། བྲ་བོ་འདྲ་བ་ཞེས་པ་ལས་གོང་བཞིན་ཟངས་ཐུར་བྲ་བོ་འདྲ་བ་ཡིན་པ་རྟོགས་ནུས། དེ་ལྟར་ཟངས་ཀྱི་མིག་ཐུར་མ་གཏོགས་གསེར་གྱི་མིག་ཐུར་ཞེས་ཁ་གསལ་མི་འདུག འདི་ལྟར་སྟག་རི་གཉན་གཟིགས་ཡར་སྔོན་གྱི«འབུམ་བཞི»ཡིན་ན་འདྲ། སྟག་རི་གཉན་གཟིགས་ཀྱི་ཕྱིས་སུ་བྱུང་པའི«རྒྱུད་བཞི»ཡིན་ན་འདྲ། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བའི«སྨན་དཔྱད་ཟླ་བའི་རྒྱལ་པོ»ཡིན་ན་འདྲ། «རྒྱུད་ཆུང»ཡིན་ན་འདྲ་དེ་དག་གི་ནང་དུ་གསུངས་པ་ནི། མིག་གི་ཐུར་ཟངས་ཐུར་བྲ་བོ་འདྲ་བ་ཡིན་པ་ལས། གསེར་ཐུར་ཞེས་ལར་ནས་སྨྲས་མི་འདུག་པར་གཞིགས་ཚེ། སྟག་རི་གཉན་གཟིགས་ཀྱི་དམུས་ལོང་ཕྱེས་པའི་ཐུར་མ་ནི་གསེར་ཐུར་མ་ཡིན་པར་ཟངས་ཐུར་བྲ་བོ་འདྲ་བ་མ་ཡིན་ནམ་སྙམ། ད་དུང་སྡེ་སྲིད་ཁོག་འབུགས་སུ་སྟག་རི་གཉན་གཟིགས་ཀྱི་སྤྱན་གསེར་ཐུར་གྱིས་ཕྱེས་པ་གསུངས་ཡོད་ཀྱང་། ཁོང་གི་རྒྱུད་འགྲེལ«བེེ་སྔོན»དུ། ཟངས་ཐུར་གྱི་རྩེ་མོ་བྲ་བོ་དང་འདྲ་བ་དང་ལག་ལེན་ལྕགས་ཀྱི་འབྲི་ལྕེ་གཟོང་ཁ་རྣམས་ཀྱིས་མིག་སྤྲིན་དབུག་པར་བྱ།[39]ཞེས་གསལ་པོར་བསྟན་པ་ལས། ལག་ལེན་གསེར་ཐུར་ཞེས་གསུངས་མི་འདུག་གོ །
མཇུག་བསྡུ་བ།
       དེ་ལྟར་སྔོན་གྱི་ལོ་རྒྱུས་ཡིག་ཆ་རྙིངས་པ«བཀའ་ཐང་སྡེ་ལྔ»དང་། «བཀའ་ཆེམས་ཀ་ཁོལ་མ།» «བེེ་རོའི་འདྲ་འབག་ཆེན་མོ།» «ཏུན་ཧོང་གཏེར་ཡིག»སོགས་བཙན་པོའི་དུས་ཀྱི་ལོ་རྒྱུས་ཡིག་རྙིང་དག་ལ་གཞི་བཅོལ་ནས་དཔྱད་ཚེ། འ་ཞ་རྗེ་ཡིས་རྒྱལ་པོའི་སྤྱན་ཕྱེས་པའི་བདེན་དཔང་གི་ཁུངས་རྣལ་མ་ཞིག་རྙེད་དཀའ་པས། སྐུ་གཤེན་ནམ་བླ་སྨན་ཞིག་གིས་ཟངས་ཐུར་བྲ་བོ་འདྲ་པས་སྤྱན་ཕྱེས་པ་མིན་ཚེ། འ་ཞ་རྗེས་རྒྱལ་པོའི་སྤྱན་གསེར་ཐུར་གྱིས་མ་ཕྱེས་པར་འདོད་པས། དེའི་ཕྱོགས་ཀྱི་རང་གི་དོགས་པ་ཅི་སྙེད་ཅིག་ལབ་ཁུལ་བྱས་ཡོད། ཡིན་ན་ཡང་། ལོ་རྒྱུས་ནི་ཤིན་ཏུ་དཔྱད་ཁག་པ་དང་། རང་ཉིད་ཀྱི་ཤེས་རྒྱ་དམན་ཞིང་མཐོང་རྒྱ་ཞན་པ་སོགས་ཀྱི་དབང་གིས་རྩོམ་ཐུང་འདིར་མ་རྟོགས་ལོག་རྟོག་གི་ཆ་ཅི་མཆིས་པ་བཟོད་པར་གསོལ་ལོ། །

དཔྱད་གཞིའི་ཡིག་ཆ།
[1][7] «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༡༢ལོའི་ཟླ༡༢པར་དཔར་ཐེངས་གཉིས་པ་བཏབ། ཤ༢༣༨ ཤ༢
[2][8][29] «རྒྱལ་རབས་གསལ་བའི་མེ་ལོང་།» ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༣པར་པེ་ཅིན་དུ་པར་ཐེངས་༥་པ་བརྒྱབ་པ། ཤ༦༡ ཤ༡ ཤ༥༧
[3][9] «ཆོས་འབྱུང་མཁས་པའི་དགའ་སྟོན།» དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ། ཤ༩༢ ཤ༧༨༧
[4] «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།» རྒྱལ་དབང་ལྔ་བ་ཆེན་མོས་བརྩམས་པ། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ༥པར་པེ་ཅིན་ལ་པར་ཐེངས་༤པ་བརྒྱབ་པ། ཤ༡༦
[5] «རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་བཞུགས་སོ། །» སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༠ལོའི་ཟླ༡༡པར་པར་ཐེངས༡བཏབ། ཤ༨༨
[6] «གསོ་རིག་སྨན་གྱི་ཁོག་འབུགས།སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོའི་ཟླ༡༡པར་པར་ཐེངས་དང་བོར་བཏབ། ཤ༡༤༩- ཤ༡༥༠
[10] «དུང་དཀར་ཚིག་མཛོད་ཆེན་མོ།» དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༤པར་པར་ཐེངས་༨པ་བཏབ། ཤ༦༨༠
[11][21] «བཀའ་ཐང་སྡེ་ལྔ།» གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༧ལོའི་ཟླ༥པར་པེ་ཅིན་དུ་པར་ཐེངས་གསུམ་པ་བརྒྱབ་པ། ཤ༡༡༥ ཤ༡
[12][22] «བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།» གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༥ལོའི་ཟླ༡༡པར་པར་ཐེངས་དང་པོ་བཏབ། ཤ༨༦ ཤ༡༩༧
 [13][23] «བཀའ་ཆེམས་ཀ་ཁོལ་མ།» ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༩ལོའི་ཟླ༩པར་དཔར་ཐེངས་དང་པོར་བཏབ། ཤ༩༧ ཤ༡༩༧
[14] «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།» དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་ཅིང་བཀྲལ། ༡༩༩༢ལོའི་ཟླ༢པར་པེ་ཅིན་ལ་པར་ཐེངས༡པོ་བརྒྱབ་པ། ཤ༤༠
[15][24] «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༢པར་དཔར་ཐེངས་གསུམ་པ་བཏབ། ཤ ༡༥༣ ཤ ༩
[16] «བུ་སྟོན་ཆོས་འབྱུང་།» བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༡ལོའི་ཟླ༧པར་པར་ཐེངས་༣བཏབ། ཤ༢༣༨
[17][25][26] «དེབ་ཐེར་དམར་པོ།» ཚལ་བ་ཀུན་དགའ་རྡོ་རྗེས་བརྩམས། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་ཟླ༡༠པར་པེ་ཅིན་དུ་དཔར་ཐེངས་དང་པོ་བཏབ། ཤ༣༤- ཤ ༣༥ ཤ ༣༨༢༥ ཤ ༡
[18][28] «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པ། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༧ལོའི་ཟླ༩་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ་པ། ཤ ༡༣༣ ཤ ༣༤༠
[19][27] «བཤད་མཛོད་ཡིད་བཞིན་ནོར་བུ།» ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢པར་དཔར་ཐེངས་དང་པོ་བཏབ། ཤ ༡༠༢- ཤ ༡༠༣ ཤ ༣
[20][32] «གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།» བྱམས་པ་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་༡བརྒྱབ། ཤ༢༡ ཤ༧
[30] «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།» རྒྱལ་མོ་འབྲུག་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༥ལོའི་ཟླ་བཅུ་པར་པེ་ཅིན་དུ་པར་ཐེངས༡བརྒྱབ་པ། ཤ༦༠
[31][32][33] «གསོ་རིག་འབུམ་བཞི།» དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༡༢༡ ཤ༤༡༢ ཤ༡-༢
[34] «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས།» ལུའོ་པིང་ཧྥེན་གྱིས་གཙོ་སྒྲིག་བྱས། བྱམས་པ་འཕྲིན་ལས་དང་ཧོང་ཧྥུ་ཁའེ་ཡིས་ཞུ་དག་གཏན་འབེབས་བྱས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༢༢༣
[35] «བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ།  ཤ༧༩
[36] «སྨན་དཔྱད་ཟླ་བའི་རྒྱལ་པོ། བི་ཇི་པོ་ཏི་ཁ་སེར།» མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༡༨༤
[37] «རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་།» སྟོད་ཆ། ཟུར་མཁར་བློ་གྲོས་རྒྱལ་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༡ལོའི་ཟླ༦པར་པར་ཐེངས་གཉིས་པར་བརྒྱབ། ཤ༥༥༢
[38] «ཆ་ལག་བཅོ་བརྒྱད།» སྨད་ཆ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༩ལོའི་ཟླ༡༡པར་པར་ཐེངས་དང་པོ་དཔར། ཤོག་ངོས༨༡༩
[39] «རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ།» སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༤༥༥
འབྲེལ་ཡོད་འོས་སྦྱོར།