logo

༄༅། །དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་དབུ་བཞུགས་ཆེད་མཁས་མཛད་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་ཐོག་མའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་མཐོང་དཀོན་ཁྱད་འཕགས་ཆེད་དོན་རིག་གཞུང་ཚོགས་པའི་ལས་གཞི་མགོ་རྩོམ་སྙན་ཞུའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-13 ཀློག་གྲངས།:
༄༅། །དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་དབུ་བཞུགས་ཆེད་མཁས་མཛད་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་ཐོག་མའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་མཐོང་དཀོན་ཁྱད་འཕགས་ཆེད་དོན་རིག་གཞུང་ཚོགས་པའི་ལས་གཞི་མགོ་རྩོམ་སྙན་ཞུའི་བགྲོ་གླེང་ཚོགས་འདུ་མཚོ་སྔོན་སློབ་ཆེན་དུ་བསྡུས།
 
       སྤྱི་ལོ2024ལོའི་ཟླ10པའི་ཚེས13ཉིན། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་དབུ་བཞུགས་ཆེད་མཁས་མཛད་པའི་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་སྟེ་མཚོ་སྔོན་ཞིང་ཆེན་གྱི་སྐབས་ཐོག་མའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་མཐོང་དཀོན་ཁྱད་འཕགས་ཆེད་དོན་རིག་གཞུང་ཚོགས་པའི་ལས་གཞིབོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་དཔེ་རྙིང་ཡིག་ཆ་འཚོལ་བསྡུ་དང་ཕྱོགས་བསྡུས་ཞིབ་འཇུགལས་གཞི་མགོ་རྩོམ་སྙན་ཞུའི་བགྲོ་གླེང་ཚོགས་འདུ་མཚོ་སྔོན་སློབ་ཆེན་དུ་བསྡུས།
       ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་། མཐོང་དཀོན་ཁྱད་འཕགས་རང་བཞིན་ཅན་གྱི་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་ཆེད། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་ནད་མེད་ཚེ་བསྲིང་རིག་པའི་ཞིབ་འཇུག་ཁ་ཕྱོགས་ལས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། དཀོན་ཞིང་སྟོང་ཉེན་ཆེ་བའི་རིག་ཚན་མྱུར་སྐྱོབ་བྱེད་པ་དང་། ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་སྟེ།བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་དཔེ་རྙིང་ཡིག་ཆ་འཚོལ་བསྡུ་དང་ཕྱོགས་བསྡུས་ཞིབ་འཇུག་ལས་གཞི་ལ་འབད་འཐབ་བྱས་ཕྱིར། སྤྱི་ལོ2023ལོའི་ཟླ12པའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་རིག་གཞུང་ཞིབ་འཇུག་ལས་མཐོང་དཀོན་ཁྱད་འཕགས་ཅན་གྱི་ཆེད་དོན་རིག་གཞུང་ཚོགས་པའི་ཞིབ་འཇུག་ལས་གཞི་འདི་ལ་ཆོག་མཆན་ཐོབ།
       མཚམས་སྦྱོར་ལྟར་ན། ལས་གཞི་འདི་ནི་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་དབུ་བཞུགས་ཆེད་མཁས་མཛད་ཅིང་། ན་གཞོན་དགེ་རྒན་ཆེན་མོ་སྐོར་ཞིག་རྩ་འཛུགས་བྱས་ཏེ་གྲུབ་པའི་ཞིབ་འཇུག་དཔུང་སྡེ་ཆེན་པོ་ཞིག་ཡིན། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ནི་ཨ་རིའི་ལའོ་ཧྲན་ཅུ་ཁ་ལི་ཧྥོ་ཉི་ཡ་སློབ་ཆེན(UCLA)གྱི་ཐུན་མོང་འཕྲོད་བསྟེན་རིག་པའི་འབུམ་རམས་པ་དང་། ཐེ་ལན་དྲའི་མ་ཧེ་གདོང་སློབ་ཆེན་གྱི་ཐུན་མོང་འཕྲོད་བསྟེན་རྨང་གཞིའི་བདེ་སྲུང་གི་ཤེས་རམས་པ། ཨ་རིའི་ཝུར་མོང་ཁྲི་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་རྒྱལ་སྤྱི་དང་རིག་གནས་འགྲོ་འོང་དོ་དམ་ཆེད་ལས་ཀྱི་ཤེས་རམས་པ་བཅས་ཡིན་ལ། ད་ལྟ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཤེས་རམས་པ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་འགོ་གཙོ་དང་། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་བོད་སྨན་ཁང་གི་མཚན་འཛིན་འགོ་གཙོ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཨ་རིའི་ཝུར་ལྗེ་ཉི་ཡ་སློབ་ཆེན་གྱི་གདན་ཞུ་ཞོར་སྒྲུབ་དགེ་རྒན་ཆེན་མོ། ཨ་རིའི་མཱ་ས་ཆའོ་སེ་མངའ་སྡེའི་རྒྱལ་སྤྱིའི་ཞང་ཞུང་བོད་ཀྱི་གསོ་རིག་སློབ་གླིང་གི་ཚེ་གང་བོའི་གདན་ཞུའི་དགེ་རྒན་ཆེན་མོ། ཨ་རིའི་ལའོ་ཧྲན་ཅི་ཁ་ལི་ཧྥོ་ཉི་ཡ་སློབ་ཆེན་གྱི་ཐུན་མོང་འཕྲོད་བསྟེན་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་གདན་ཞུའི་མཛུབ་སྟོན་སློབ་དཔོན། ཨ་རིའི་འཚོ་བྱེད་ཐེབས་རྩ་ཚོགས་པའི་དབུ་འབྱེད་མཁན་དང་ལས་འཛིན་འགོ་གཙོ། མེ་གླིང་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་མཆིས་ལ། སྤྱི་ལོ2010ལོ་ནས་བཟུང་། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ནད་མེད་ཚེ་བསྲིང་རིག་པའི་ཁ་ཕྱོགས་གསར་གཏོད་དང་རྒྱ་ཆེར་གཏོང་བའི་ཆེད་དུ་སློབ་ཁྲིད་དང་ཞིབ་འཇུག་བཅས་ཀྱི་ལས་ལ་འབད་ཅིང་། ད་ལྟ་བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་ཁྱབ་ཁོངས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་ཅན་དུ་གྱུར་བའི་རྨང་གཞིའི་སྟེང་རིག་པའི་གཞུང་ལུགས་ནས་ལག་ལེན་དངོས་བརྒྱུད་དེ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རིག་ཚན་འཛུགས་སྐྲུན་བྱེད་པ། ནད་མེད་ཚེ་བསྲིང་རིག་པའི་ཚན་ཁག་གསར་འཛུགས་བྱས་པ་སོགས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
       རྒྱུས་ལོན་པ་ལྟར་ན། བོད་ཀྱི་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པས་སྣ་འཛོམས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་མི་དམངས་ཀྱི་བདེ་ཐང་གི་དགོས་མཁོ་བསྐོང་བའི་ཆེད་དུ། ཞིབ་འཇུག་དཔུང་སྡེ་འདིས་བོད་ཀྱི་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་ཡིག་ཚང་ཞིབ་འཇུག་རྨང་གཞི་བྱས་ཏེ། བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་རང་འཁྲིའི་ལས་འགན་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་རྩ་བར་བཟུང་སྟེ། རིག་ཚན་མང་པོ་བསྣོལ་ལྡེབ་དང་མཉམ་འདྲེས་ཀྱི་ཐབས་ལམ་ལ་བརྟེན་ནས་ཐེངས་འདིའི་ཞིབ་འཇུག་ནང་བོད་ཀྱི་གསོ་བ་རིག་པའི་ནད་མེད་ཚེ་བསྲིང་གི་རྨང་གཞི་དང་རྩ་བའི་གཞུང་ལུགས་ཞིབ་འཇུག་དང་། བོད་ཀྱི་གསོ་རིག་གི་ལུས་སེམས་གསོ་ཐབས་དང་སྒོམ་གྱི་རིག་གནས་ཞིབ་འཇུག བོད་ཀྱི་གསོ་བ་རིག་པའི་ནད་མེད་ཚེ་བསྲིང་གི་ལྟ་བ་དང་བདེ་ཐང་ཐབས་ཇུས་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་ཟས་སྨན་གཉིས་སྤྱོད་དང་བཅུད་ལེན་ཚེ་བསྲིང་སྦྱོར་བའི་བསྡུ་སྒྲིག་ཞིབ་འཇུག་བཅས་ཡན་ལག་བཞི་གཏན་འཁེལ་བྱས་ཡོད་པས། ལས་གཞི་ལ་དོན་སྙིང་གལ་ཆེན་ལྡན།
       ཚོགས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་གདན་ཞུས་ཏེ་ཆེད་མཁས་པའི་ཚོགས་གཙོའི་འགན་བཞེས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བན་ཁོ་དང་། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིན་ཁྲིན། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གླིང་གི་གླིང་གཙོའམ་མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་དང་ལས་འཛིན་དཔོན་རྡོ་རྗེ་སོགས་ཆེད་མཁས་ཚོགས་པའི་ཁོངས་མི་གདན་དྲངས། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རིན་ཡན་མིན་དང་། མཚོ་སྔོན་སློབ་ཆེན་ཚན་ཞིབ་གླིང་གི་གླིང་གཙོ་གཞོན་པ་ལྕང་ར་ཉི་མ་ཚེ་རིང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་ཆོས་དབྱིངས་རང་གྲོལ། དེ་མིན་ད་དུང་ཞིབ་འཇུག་རྣམ་གྲངས་ཀྱི་དབུ་བཞུགས་མཁས་པ་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་དང་། ཡན་ལག་ཞིབ་འཇུག་བྱ་གཞི་བཞི་ཡི་འགན་འཁུར་བ་དགེ་རྒན་འབྲུག་རྩེ་རྒྱལ་དང་། ཀླུ་མོ་ཚེ་རིང་། རིན་འཛིན་རྒྱལ། ཕག་མོ་མཚོ་བཅས་ཞིབ་འཇུག་ཚོགས་པའི་ཁོངས་མི་སོགས་མི་སྣ་མང་པོ་ཚོགས་འདུར་ཞུགས། མཚོ་སྔོན་སློབ་ཆེན་ཚན་ཞིབ་གླིང་གི་གླིང་གཙོ་གཞོན་པ་ཉི་མ་ཚེ་རིང་གིས་ཚོགས་མགོ་བཟུང། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རིན་ཡན་མིན་གྱིས་རྣམ་གྲངས་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཕུལ་བྱུང་རིག་གཞུང་གི་རྣམ་གྲངས་ཐོག་མ་ཡིན་པས། སློབ་གྲྭའི་ཚན་ཞིབ་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ལྡན་པ་མ་ཟད། རྣམ་གྲངས་ལ་མཚོན་བྱེད་རང་བཞིན་གྱི་རིག་གཞུང་གྲུབ་འབྲས་ཁག་ཅིག་ཐོན་ངེས་ཡིན་པར་ཡིད་ཆེས་ཡོད་པ་བསྟན།  དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་ཞིབ་འཇུག་བྱ་གཞིའི་རིག་གཞུང་གི་རིན་ཐང་དང་། ད་ལྟའི་གནས་ཚུལ།  ཞིབ་འཇུག་གི་ཐབས་ལམ་དང་དོན་སྙིང་སོགས་སྙན་སེང་ཞིབ་ཕྲ་བྱས། ཁོང་གིས“ནད་མེད་ཚེ་བསྲིང”ནི་བོད་ལུགས་གསོ་རིག་གི་དམིགས་བསལ་ཁྱད་ཆོས་དང་ལེགས་ཆ་ཞིག་ཡིན་ལ་བོད་ལུགས་གསོ་རིག་གི་ལྟ་བའི་རིན་ཐང་ཞིག་ཀྱང་ཡིན། ཞིབ་འཇུག་བྱ་གཞི་དེས་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་བྱ་གཞིར་བྱས་ཏེ་རིག་ཚན་མང་པོའི་ཕྱོགས་བསྡུས་ཞིབ་འཇུག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་འབྲེལ་ཡོད་ཤེས་བྱའི་མ་ལག་གོ་རིམ་ལྡན་པའི་ངང་གསེད་དཀྲོལ་བྱེད་པ། ནད་མེད་དུ་གནས་པ་དང་ནད་གཞི་སྔོན་འགོག་བྱེད་ཐབས་སྔོག་འདོན་དང་ལེགས་སྒྲིག་བྱེད་པ་བཅས་བྱས་པས་བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་ཚན་འཕེལ་རྒྱས་དང་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་རིག་གཞུང་གི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་པ་བསྟན།
       ཡན་ལག་ཞིབ་འཇུག་བྱ་གཞི་ཁག་གི་འགན་འཁུར་བ་སོ་སོས་རང་ཉིད་ཀྱིས་འགན་འཁུར་བའི་ཞིབ་འཇུག་བྱ་གཞི་གསལ་བཤད་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ལ་ཞིབ་འཇུག་ཚོགས་པས་བོད་ལུགས་གསོ་རིག་གི་ལུས་གསོ་རིག་པའི་རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ནད་འགོག་སྨན་བཅོས་ཚན་ཁག་འཛུགས་སྐྱོང་ཐད་ཀྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡིན་པའི་སྐོར་ནས་ངོ་སྤྲོད་བྱས། ཆེད་མཁས་པ་དག་གིས་ཞིབ་འཇུག་ལས་གཞི་ཚོགས་པའི་སྙན་ཞུ་ལ་ཉན་ཏེ་ལས་གཞི་ལ་དོན་སྙིང་ཆེན་པོ་ལྡན་པའི་ཐད་ནས་ཁས་ལེན་འཕྲོ་རིམ་འཕྲོར་གནང་ཞིང་། ལས་གཞི་རྣམ་གྲངས་ཚོགས་པའི་དུས་མགོའི་གྲུབ་འབྲས་དང་། ཚན་ཞིབ་ཀྱི་སྟོབས་ཤུགས། རྣམ་གྲངས་སྤྱི་ཡོངས་ཀྱི་ཇུས་འགོད་དང་བསམ་ཕྱོགས། ཞིབ་འཇུག་བྱ་ཐབས་དང་། དེ་བཞིན་སྔོན་དཔག་གི་གྲུབ་འབྲས་སོགས་ཀྱི་ཐད་ནས་ཁས་ལེན་གང་ལེགས་བྱས། ཆེད་མཁས་ཚོགས་པའི་ཚོགས་གཙོ་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་གྱིས་རྣམ་གྲངས་ཚོགས་ཆུང་ལ་གསར་གཏོད་ཐད་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་། དགེ་རྒན་ཆེན་མོ་བན་ཁོ་དང་ཀྲིན་ཁྲིན་སོགས་ཀྱི་ཆེད་མཁས་པས་གསོ་རིག་དང་སྨན་རྫས་རིག་པ་དང་། མི་རིགས་རིག་པ། མཚན་ཉིད་རིག་པ་སོགས་ཀྱི་མཐོང་སྣེ་ནས་ཞིབ་འཇུག་གི་ནང་དོན་དང་། ཐབས་ལམ་སོགས་ཀྱི་ཐད་ནས་རིན་ཐང་ཆེ་བའི་བསམ་འཆར་དང་གྲོས་འགོ་བཏོན་ཏེ་མཛུབ་ཁྲིད་གནང་། ཆེད་མཁས་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཞིབ་འཇུག་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཆེད་མཁས་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་ཇུས་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཞིབ་འཇུག་བྱ་ཐབས་གསར་གཏོད་བྱེད་པ། ཕུན་སུམ་ཚོགས་པའི་དཔྱད་གཞིའི་ཡིག་རིགས་གསོག་འཇོག་བཅས་བྱས་ཏེ། ཤུགས་རྐྱེན་ཡག་པོ་ལྡན་པའི་རིག་གཞུང་ཞིབ་འཇུག་གི་རིན་ཐང་བརྩོན་ལེན་བྱ་རྒྱུ་ཡིན་པའི་བསམ་པ་བསྟན།
འབྲེལ་ཡོད་འོས་སྦྱོར།