logo

ལོ་རྒྱུས་ཡིག་ཚང“ཅན་ལྔ”ཡི་གལ་ཆེན་རང་བཞིན་རགས་ཙམ་གླེང་བ།

རྩོམ་པ་པོ།:དར་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-10-25 ཀློག་གྲངས།:
གླེང་གཞི།
       དཔྱད་རྩོམ་འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་བཙན་པོ་རིམ་བྱོན་གྱི་བང་སོ། རྒྱལ་རབས་རིམ་བྱོན་གྱི་བྱུང་རབས་སོགས་ལ་རྒྱུས་ལོན་དང་ཉམས་ཞིབ་མཛད་པར་ཉེ་བར་མཁོ་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན “ཅན་ལྔ”སྟེ་ད་ལྟ་བོར་བརླགས་སུ་སོང་ནས་མི་རྣམས་ཀྱིས་བསྟན་བཅོས་འདི་དག་གི་མཚན་ཙམ་ལས་བསྟན་བཅོས་དངོས་མཐོང་དུ་མེེད་པས། འདིར་ཁོ་བོས་སྔ་རབས་མཁས་པ་དག་གི་ཞིབ་འཇུག་གི་རྨང་གཞིའི་སྟེང་དཔྱད་ཡིག་གལ་ཆེན་དེ་དག་གི་ལོ་རྒྱུས་རིན་ཐང་རགས་ཙམ་གླེང་བར་བྱའོ། །
གཅིག “ཅན་ལྔ”ཡི་ལོ་རྒྱུས་རིན་ཐང་།
       ཐོག་མར་དུས་རབས་བཅུ་གཅིག་པར་བྱུང་བའི«སྦ་བཞེད་ཞབས་བཏགས་མ»ལས། “བཙན་པོ་ཁྲི་རལ་གྱིས་ཞང་བློན་རྣམས་ལ་ཡོ་ག་ལྷ་དགེས་བན་དང་། ལྟ་མ་དགུ་ཙག་ཅན་དང་། ཟིངས་པོ་སྣ་ཚོགས་ཅན་དང་། གསང་བ་ཕྱག་རྒྱ་ཅན་དང་། སྤུན་པོ་ཅན་ལྔ་གནང”ཞེས་སྐབས་དེར་ཅན་ལྔ་ཞེས་པའི་རྒྱལ་རབས་ལོ་རྒྱུས་དེབ་ཐེར་ཁག་ལྔའི་གནས་ཚུལ་ཐོག་མར་ངོ་སྤྲོད་བྱས་ཡོད་པ་དང་། དེ་མིན་བོད་ཀྱི་རྒྱལ་རབས་ཆོས་འབྱུང་གཞན་དག་གི་ཁྲོད་ནས་བརྩམས་དུས་ཅུང་སྔ་བའི«ལྡེའུ་ཆོས་འབྱུང»ཁྲོད་དུའང་བསྟན་བཅོས་དེ་དག་གི་ནང་དོན་ཅུང་ཙམ་གསལ་པོར་དྲངས་ཡོད་པ་མ་ཟད། རྩ་བའི་གཞུང་ཚིག་དུམ་བུ་རེ་རེ་ལ་འགྲེལ་བཤད་ཀྱང་ཅུང་ཟད་བརྒྱུད་རིམ་ལྡན་པ་ཞིག་གནང་འདུག་ལ། གཞན་ཡང་བོད་ཀྱི་གནའ་རབས་ལོ་རྒྱུས་ཆོས་འབྱུང་གཞན་འགའ་ཞིག་གི་ནང་དུའང་མཐོང་དཀོན་པའི་དཔྱད་གཞི་ངོ་མཚར་ཅན་འདི་དག་རྩ་བར་བཟུང་ནས་བརྗོད་པ་ཡང་ཡོད།
       ད་དུང་། དུས་རབས་བཅུ་གསུམ་པར་བྱུང་བའི«ཆོས་འབྱུང་བསྟན་པའི་རྒྱལ་མཚན»ལས“དེ་ཡང་རྒྱལ་པོ་ལ་གླེང་པའི་ཚིག་ཕྱེད་དང་བདུན་གྱིས་སྟོན་ཏེ་ཅན་ལྔ་ལོག་དྲུག་གསང་བ་ཡང་ཆུང་དང་ཕྱེད་བདུན་ནོ”ཞེས་བཀོད་ཡོད་པས། ང་ཚོས་བརྩམས་དུས་ཅུང་སྔ་བའི་ཆོས་འབྱུང་གྲགས་ཅན་འདི་དག་གི་ཁྲོད་དཔེ་རྙིང་འདི་དག་གི་མཚན་དང་ནང་དོན་མང་པོ་ལུང་འདྲེན་བྱས་ཡོད་པར་གཞིགས་ན། དཔེ་རྙིང་འདི་དག་ནི་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་རིན་ཐང་བྲལ་བ་ཞིག་ཡིན་པ་ཅིས་ཀྱང་རྟོགས་ཐུབ་བོ། །
གཉིས། “ཅན་ལྔ”ཡི་རྩོམ་པ་པོ་སུ་ཡིན་སྐོར།
       སྤྱིར་བསྟན་བཅོས་འདི་དག་གི་རྩོམ་པ་པོའི་སྐོར་ལ་བཞེད་དགོངས་མི་འདྲ་བ་ཡོད་ལ། ཉང་རལ་ཉི་མ་འོད་ཟེར་གྱིས་བརྩམས་པའི«ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད»ལས། “བོན་པོའི་ཡི་གེ་ལྷ་དགེ་ཅན། གནམ་ནས་བབས་ཞེས་བསྒྲགས་པའི་ལུགས”ཞེས་བྲིས་ཡོད་པ་དང་། ལྡེའུ་ཇོ་སྲས་ཀྱིས་བརྩམས་པའི«ཆོས་འབྱུང་བསྟན་པའི་རྒྱལ་མཚན»ལས། “སྤ་ས་བོན་པོའི་བརྩམས་པ་ཡོ་ག་ལྷ་དགྱེས་ཅན”ཞེས་བྲིས་པར་གཞིགས་ན་རྩོམ་པ་པོ་སོ་སོའི་ཡི་གེ་འབྲི་སྟངས་མ་འདྲ་བ་ཙམ་ལས། དོན་གྱིས་རྩོམ་པ་པོ་མཁས་པ་གཅིག་གི་མིང་ཡིན་པར་འདོད། གཞན་ཚེ་རིང་དོན་གྲུབ་ཀྱིས་བསྒྲིགས་པའི«བསམ་ཡས་དཀར་ཆག»ལས། “ཅན་ལྔའི་རྩོམ་པ་པོ་ནི་བོད་རྒྱལ་ཁྲི་རལ་བ་ཅན་ཡིན”ཞེས་བརྗོད་ཡོད་མོད། དེར་ཁུངས་དང་རྒྱུ་མཚན་གསལ་པོ་ཞིག་མེད་པས་བདེན་པར་མ་གྲུབ། «ཟངས་མ་གཞུགས་རལ་ཅན»གྱི་རྩོམ་པ་པོའི་སྐོར་ལ་མཁས་པ་ལྡེའུས་མཛད་པའི«ལྡེའུ་ཆོས་འབྱུང»ལས། “ཡབ་འབངས་ཀྱིས་བརྩམས་པའི་ཟངས་མ་གཞུག(བཞུགས)རལ་ཅན་ནི”ཞེས་གསལ་པོར་གསུངས་ཡོད་པས། དེའི་རྩོམ་པ་པོ་ནི་ཡབ་འབངས་ཡིན་པ་དང་། ཉང་རལ་ཉི་མ་འོད་ཟེར་གྱི«ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད»ལས། “དེ་ནས་གླེང་པའི་ཞིབ་རྩིང་གསུམ། རྐང(རྐྱང)པ་གཅིག་རྒྱུད་རྩི་བ་ཡིན། དེ་མིང་ཟ་གཞུག་རྒན་རབས་ཅན”ཞེས་བྲིས་ཡོད་པ་དང་། ད་དུང་ལྡེའུ་ཇོ་སྲས་ཀྱིས་མཛད་པའི«ཆོས་འབྱུང་བསྟན་པའི་རྒྱལ་མཚན»ལས། “ཡབ་ཚན་འབངས་ཀྱིས་བརྩམས་པ་ཐང་མ་འཇུག་དྲལ་ཅན”ཞེས་བཀོད་ཡོད་པས་བསྟན་བཅོས་འདིའི་རྩོམ་པ་པོ་ནི་ཡབ་འབངས་སམ་ཡབ་ཚན་གྱིས་བརྩམས་པ་ཤེས་ཐུབ། «ལྟེབ་མ་དགུ་བརྩེགས་ཅན»གྱི་རྩོམ་པ་པོའི་ཐད་ལ«ཆོས་འབྱུང་བསྟན་པའི་རྒྱལ་མཚན»ལས། “ཞང་བློན་གྱིས་བརྩམས་པ་ལྟབ་མ་དགུ་བརྩེགས་ཅན”ཞེས་གསུངས་ཡོད་པ་དང་། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས། “ཁུག་པ་ཡུམ་སྒམ་སྨོས་པ་ལ། འདབ་མ་དགུ་རྩེག་ཅན་ཞེས་བྱ”ཞེས་བྱུང་བར་གཞིགས་ན། བསྟན་བཅོས་འདིའི་རྩོམ་མཁན་ཡང་བཙན་པོའི་ཡུམ་ཕྱོགས་ཀྱི་བློན་པོ་བཙན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་ཡོད་པ་དག་གིས་རྒྱལ་པོའི་བཀའ་ལ་བསྟུན་ནས་བརྩམས་པར་འདོད། «ཟིང་པོ་མགོ་སྔོན་ཅན»གྱི་རྩོམ་པ་པོའི་ཐད་ལ«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས“ཡུན་པོ་རྒྱས་བཤད་ཡིན་པ་ལ། ཟིང་པོ་སྣ་ཚོགས་ཅན་དུ་གྲགས”ཞེས་བྱུང་བ་ལས་རྩོམ་པ་པོ་སུ་ཡིན་གྱི་མཚན་མི་གསལ་ཡང་། «ཆོས་འབྱུང་བསྟན་པའི་རྒྱལ་མཚན»དུ། “སྐྱེ་ནམ་གྱིས་བརྩམས་པ་ཟིངས་པོ་སྣ་ཚོགས་ཅན”ཞེས་བྲིས་ཡོད་པས། འདི་ནི་སྐྱེ་ནམ་དུ་འབོད་པ་ཞིག་གིས་བརྩམས་པར་ཡང་ངེས་ཀྱང་ཆོས་འབྱུང་དང་རྒྱལ་རབས་གཞན་འགའ་ཤས་ལ་ཞིབ་ཏུ་བལྟས་ཀྱང་མཐོང་ལམ་དུ་མ་གྱུར། «གསང་བ་ཕྱག་རྒྱ་ཅན»གྱི་རྩོམ་པ་པོའི་སྐོར་ལ«སྦ་བཞེད་ཞབས་བཏགས་མ»ལས། དེའི་རྩོམ་མཁན་ནི་ཁྲི་རལ་བ་ཅན་ཡིན་པར་བཞེད་མོད། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས། “རྗེ་ཉིད་གསུངས་པ་ཕྱག་རྒྱ་ཅན”ཞེས་བྲིས་ཡོད་པ་དང་། ལྡེའུ་ཇོ་སྲས་ཀྱིས་མཛད་པའི«ཆོས་འབྱུང་བསྟན་པའི་རྒྱལ་མཚན»ལས། “རྗེ་ཉིད་ཀྱིས་བརྩམས་པ་གསང་བ་ཕྱག་རྒྱ་ཅན་དང་ལྔ”ཞེས་རྗེ་ཉིད་ཀྱིས་གསུངས་པར་བསྟན་ཡོད་ལ། རྗེ་ཉིད་ཅེས་པ་བཙན་པོ་ཁྲི་རལ་བ་ཅན་ཡིན་མིན་གྱི་རྟགས་དང་རྒྱུ་མཚན་རྒྱལ་རབས་ཆོས་འབྱུང་གྲགས་ཅན་འགའ་ཞིབ་ཏུ་བཀླགས་ཀྱང་མཐོང་མ་སོང་ངོ་། །
གསུམ། “ཅན་ལྔ”ཡི་བརྩམས་དུས་ནམ་ཡིན་གྱི་སྐོར།
       གཞན་དཔེ་རྙིང་འདི་དག་གི་བརྩམས་དུས་ཀྱི་ཐད་ལ། “ཅན་ལྔ”ཡི་ནང་དོན་རྒྱས་བསྡུས་ཅི་རིགས་བཀོད་ཡོད་པའི་ཆོས་འབྱུང་བསྟན་བཅོས་དག་སྟེ། དུས་རབས་བཅུ་གཉིས་པའི་དུས་སྨད་ལ་བརྩམས་པར་གྲགས་པའི«ལྡེའུ་ཆོས་འབྱུང»དང་། དུས་རབས་བཅུ་གཉིས་པའི་དུས་སྨད་དུ་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» དུས་རབས་བཅུ་གསུམ་པར་བརྩམས་པའི་ལྡེའུ་ཇོ་སྲས་ཀྱི«ཆོས་འབྱུང་བསྟན་པའི་རྒྱལ་མཚན» དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་བརྩམས་པའི་དོན་དམ་སྨྲ་བའི་སེང་གེའི«བཤད་མཛོད་ཡིད་བཞིན་ནོར་བུ» དུས་རབས་བཅོ་ལྔ་པར་བརྩམས་པའི་དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»སོགས་སུ་འཁོད་པའི་ལོ་ཚིགས་ལ་གཞིགས་ན། ཆེས་སྔ་ན་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དང་། ཆེས་འཕྱི་ན་སྤྱི་ལོའི་དུས་རབས་བཅོ་ལྔ་པར་བརྩམས་པ་བདེན་དཔང་བྱེད་ཐུབ།
       གཞན་བསྟན་བཅོས་འདི་དག་གི་ཚིག་སྦྱོར་སྤེལ་སྟངས་དང་སྐད་ཆའི་སྦྱོར་བ་རྣམས་བོད་བཙན་པོའི་དུས་ཀྱི་འབྲི་སྟངས་དང་འདྲ་སྟེ། “བར་གྱི་བདུན་ཚུགས་ཏེ་རྨུ་ཡུལ་དུ་བཤུགས་ཏེ་སྲས་ནི་གཉའ་ཁྲི་བར་གྱི་བདུན་ཚིགས་སྟེ”ཞེས་བྱུང་བ་དང་། ཏུན་ཧོང་ཡིག་རྙིང་དུ“ཁྲིའི་བདུན་ཚིགས་དང་བདུན། ཁྲི་འི་བདུན་ཚིགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ”ཞེས་བྱུང་བ་ལྟ་བུ་དང་། ཡང“དེ་ནས་ཁད་ཀྱིས་རྒྱལ་ཕྲན་བཅུ་གཉིས་ཀྱི་གཉེན་པོ་མཛད་ནས། འགྲེང་མགོ་ནག་གི་རྗེ་དང་དུད་རྔོགས་ཀྱི་རྐྱེན་དང་བདག་པོ་མཛད་དོ”ཞེས་བྱུང་བ་དང་། ཏུན་ཧོང་ཡིག་རྙིང་དུ། “འགྲེང་མགོ་ནག་གི་རྗེ་མྱེད་གི་རྗེ། །དུད་རྔོག་ཆག་བླ་མྱེད་ཀྱི་བླར། །”ཞེས་པ་ལྟ་བུ་དེ་གཉིས་ཕན་ཚུན་བསྡུར་ན་ཚིག་གི་སྦྱོར་བ་དང་སྐད་ཆའི་བརྗོད་དོན་གང་གི་ཐད་ནས་ཀྱང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གཞི་ནས་རྟོགས་ཐུབ།
བཞི། མཇུག་བསྡུ་བ།
       དཔྱད་ཡིག་གལ་ཆེན་འདི་དག་གི་ཁྲོད་དུ་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་ལོ་རྒྱུས་དང་། གཉའ་ཁྲི་བཙན་པོའི་མཆེད་ཁུངས། བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཁག་ཅིག དེ་བཞིན་འབངས་གྱེན་ལོག་གི་ནང་དོན་སོགས་གསལ་བཤད་བྱས་ཡོད་པས། གོང་དུ་བརྗོད་པའི་ཡིག་ཆ་དེ་དག་ལ་ནན་གྱིས་བཀླགས་ཤིང་ཞིབ་ཏུ་བལྟས་ན། བསྟན་བཅོས་དེ་དག་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཙན་པོ་རིན་བྱོན་དང་། རྒྱལ་བློན། ལོ་ཙཱ་པ་དང་པཎྜི་ཏ། བཙན་པོའི་གདུང་ཁུངས། ལྷ་རབས་གྱེས་ཚུལ་སོགས་རྒྱལ་རབས་ལོ་རྒྱུས་ལ་ནང་བྱན་ཆུད་ཅིང་རྒྱུས་ལོན་ཡོད་པའི་མི་སྣ་དག་གིས་རྒྱལ་པོའི་བཀའ་དང་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བརྩམས་་པའི་ལོ་རྒྱུས་དེབ་ཐེར་གལ་ཆེན་དག་ཏུ་སྣང་ཞིང་། བརྗོད་དོན་ཟབ་ཅིང་ལོ་རྒྱུས་རིན་ཐང་ཆེས་ཆེར་ལྡན་པའི་བསྟན་བཅོས་རྨད་དུ་བྱུང་བ་འབའ་ཞིག་ཏུ་མཐོང་བས། དཔྱད་གཞིའི་ཡིག་རིགས་གྲགས་ཅན་འདི་དག་ལ་བསྐྱར་ཞིབ་དང་འཚོལ་སྡུད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནས་སུ་འདུག་གོ །

ཟུར་ལྟའི་ཡིག་ཆ།
[1] བདེ་སྐྱིད། «སྦ་བཞེད་ཕྱོགས་བསྒྲིགས» [M] མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་དང་པོ། 2009:244
[2] ལྡེའུ་ཇོ་སྲས། «ཆོས་འབྱུང་བསྟན་པའི་རྒྱལ་མཚན» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:98
[3] ཚེ་རིང་དོན་གྲུབ། «བསམ་ཡས་དཀར་ཆག» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་དང་པོ། 2009:249
[4] མཁས་པ་ལྡེའུ། «རྒྱ་བོད་ཆོས་འབྱུང་རྒྱས་པ» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པར་ཐེངས་གཉིས་པ། 2010:230
[5] ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010;459
[6] འབྲི་གུང་སྐྱབས་མགོན་ཆེ་ཚང་། «བོད་བཙན་པོའི་རྒྱལ་རབས» [M] སྲོང་བཙན་དཔེ་མཛོད་ཁང་། པར་ཐེངས་དང་པོ། 2010:78
[7] གཉའ་ཀོང་དཀོན་མཆོག་ཚེ་བརྟན། «བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་གཉིས་པ། 2010:1
འབྲེལ་ཡོད་འོས་སྦྱོར།