logo

བདག་སྒྲ་རགས་ཙམ་གླེང་བ།

རྩོམ་པ་པོ།:​ཚེ་རིང་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-10-29 ཀློག་གྲངས།:
དང་པོ། བདག་སྒྲའི་གོ་དོན།
       ཐོག་མར་བརྡ་སྤྲོད་པ་སུམ་ཅུ་པའི་གཞུང་ལས་བདག་སྒྲ་ཇི་ལྟར་བསྟན་ཚུལ་ནི། “གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །”ཞེས་པ་སྟེ། བོད་སྔ་རབས་ཀྱི་བརྡ་སྤྲོད་མཁས་པ་མང་པོས་རྩ་ཚིག་འདི་ལ་འགྲེལ་པ་སྣ་ཚོགས་ཤིག་གནང་ཡོད། སི་ཏུ་པཎ་ཆེན་གྱིས་མཛད་པའི«སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས»སུ། “གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་པའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན། དེ་ལ་པུ་ལིངྒའི་སྒྲ་སྦྱར་བར་བྱས་པས་དེའི་བདག་པོའི་དོན་གསལ་བར་ནུས་པའི་ཕྱིར་བདག་པོའི་སར་ཤེས་པར་བྱའོ། །”[1]ཞེས་གསལ་བ་དང་། ཨ་ལགས་དམུ་དགེ་བསམ་གཏན་གྱིས་མཛད་པའི«བརྡ་སྤྲོད་བློ་གསལ་འཇུག་ངོགས་ལས»བདག་སྒྲ་བཤད་པའི་སྐབས་སུ། “པ་བ་པོ་བོ་ཅན་ལྡན་རྣམས་ཏེ། པ་བ་པོ་བོ་རྣམས་དོན་ཕོ་བརྗོད་པ་ལ་གཙོ་ཆེར་སྦྱོར་བས་ན། སྐྱེས་པའི་རྟགས་སམ་ཕོའི་རྟགས་ཞེས་བྱ་ཞིང་། ཕོའི་རྟགས་དེ་རྣམས་མིང་མཐར་སྔར་མེད་པ་ལ་གསར་དུ་སྦྱོར་ཚེ་བདག་པོའི་སྒྲར་འགྱུར་བ་ཡིན།”[2]ཞེས་གསུངས་ཡོད། དངུལ་ཆུ་དྷརྨ་བྷ་དྲ་ཡིས་པུ་ལིངྒ་ཞེས་པ་ནི་ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ་ཞེས་པ་ལས་པུ་ཞེས་པ་པ་སྡེ་དང་། ལིངྒ་རྟགས་ཏེ་པ་སྡེ་ནས་བྱུང་བའི་ཕྲད་ཕོ་རྟགས་པ་དང་། མོ་རྟགས་མ། མ་ནིང་གི་རྟགས་བ་གསུམ་གྱི་སྒྲ་སྔར་མེད་པ་ལ་པུ་ལིངྒའི་སྒྲ་དེ་གསུམ་པོའི་གང་རུང་སྦྱར་ན། བདག་པོའི་དོན་གསལ་བར་བྱེད་ཅེས་བཞེད། དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱི«བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག»ཏུ། “མིང་གང་ཡང་རུང་བའི་མ་མཐའ་ན་པ་སོགས་ཀྱི་སྒྲ་མེད་ཀྱང་རང་ངོས་ནས་བརྗོད་དོན་ངེས་ཅན་ཞིག་སྟོན་པར་བྱེད་པ་ལ། པ་དང་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་པས། སྔོན་གྱི་མིང་དོན་དེ་ཉིད་འགྱུར་ནས་གང་ལ་སྦྱར་ཡུལ་དེའི་བདག་པོའི་དོན་གསལ་བར་བྱེད་པའི་གང་ཟག་སྤྱིའི་དོན་ལ་འཇུག་པ་ནི་བདག་སྒྲའོ། །”[3]ཞེས་གསུངས་པ་བཞིན། མདོར་ན་བདག་སྒྲ་ནི་མིང་གང་རུང་གི་མ་མཐའ་རུ་པ་པོ་སོགས་ཀྱི་སྒྲ་སྦྱར་མེད་དུས་སུ་མིང་རང་སྟེང་ནས་བརྗོད་དོན་ངེས་ཅན་ཞིག་སྟོན་པ་དེ་ལ། པ་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་ཚེ། སྔར་གྱི་མིང་དོན་དེ་ཉིད་འགྱུར་ནས་ཕོ་མོའི་ཁྱད་པར་མི་དབྱེ་བར་གང་ལ་སྦྱར་ཡུལ་གྱི་མིང་དེའི་བདག་པོའི་དོན་གསལ་བར་བྱེད་པའི་གང་ཟག་སྤྱིའི་དོན་མཚོན་པ་ཞིག་ཡིན་ནོ། །
གཉིས་པ། བདག་སྒྲ་དང་མིང་གི་ཆ་ཤས་པ་བ་སོགས་ཀྱི་ཁྱད་པར།
       བདག་སྒྲ་དང་མིང་གི་ཆ་ཤས་གཉིས་ཀྱི་སོ་སོའི་ཡང་དག་པའི་མཚན་ཉིད་ལ་གོ་བ་ཟབ་མོ་ཞིག་མེད་ན། དཔེར་བརྗོད་ངོས་འཛིན་པའི་སྐབས་སུ་ཕན་ཚུན་ལ་ནོར་འཛོལ་འབྱུང་སླ་བ་ཡིན། གོང་དུ་བརྗོད་པ་བཞིན་བདག་སྒྲ་ནི་མིང་གང་རུང་གི་མ་མཐའ་རུ་པ་པོ་སོགས་ཀྱི་སྒྲ་སྦྱར་མེད་དུས་སུ་མིང་རང་སྟེང་ནས་བརྗོད་དོན་ངེས་ཅན་ཞིག་སྟོན་པ་དེ་ལ། པ་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་ཚེ། སྔར་གྱི་མིང་དོན་དེ་ཉིད་འགྱུར་ནས་ཕོ་མོའི་ཁྱད་པར་མི་དབྱེ་བར་གང་ལ་སྦྱར་ཡུལ་གྱི་མིང་དེའི་བདག་པོའི་དོན་གསལ་བར་བྱེད་པའི་གང་ཟག་སྤྱིའི་དོན་མཚོན་པ་ཡིན། མིང་གི་ཆ་ཤས་ནི་ཐོག་མ་ཉིད་ནས་མིང་གང་འགྲུབ་བྱེད་ཀྱི་ཆ་ཤས་སུ་གྱུར་པ། གལ་ཏེ་ཆ་ཤས་དེ་དག་དོར་བའམ་མེད་པར་བྱས་ན་མིང་དེར་བརྗོད་བྱའི་དོན་གང་ཞིག་གསལ་བར་བྱེད་པའི་ནུས་པ་དང་བྲལ་བར་འགྱུར་བ་ཞིག་ཡིན། «བརྡ་སྤྲོད་བློ་གསལ་འཇུག་ངོགས»ལས། “འདི་ལ་བཤད་ཚུལ་མང་ཡང་འདི་ལྟར་རྟགས་མཐའ་འདྲེན་ཚུལ་ལ་སྦྱར་ན་ལེགས་པར་སེམས། ཡོད་པ། མེད་པ། བུམ་པ། ཀ་བ། སྤྱི་བོ། ལྟ་བུའི་པ་བ་དང་པོ་བོ་མིང་གི་ཆ་ཤས་ཡིན་པས། བདག་སྒྲ་མིན་ལ། གྲངས་ལྡན་རི་ཡི་འཕྲེང་བ། ལྟ་བུ་དང་། ལྷ་ཁང་ཀ་བ་ཤིང་ལོ་ཅན། ལྟ་བུའི་ལྡན་དང་ཅན་དག་ཀྱང་བདག་སྒྲ་དང་མཚུངས་པའི་ཚིག་ཕྲད་ཡིན་མོད། བདག་སྒྲ་དངོས་མིན་ཏེ། བདག་སྒྲ་ནི་བདག་པོའམ་ལྡན་པའི་གང་ཟག་དེ་སྟོན་བྱེད་ཅིག་དགོས། པ་བ་པོ་བོ་ཅན་ལྡན་ཡོད་ཚད་བདག་སྒྲ་ཡིན་མི་དགོས་པ་ཤེས་དགོས་སོ། །”[4]ཞེས་གསུངས་ཡོད། དེ་བཞིན་དུ་དགེ་རྒན་ལྕགས་ཐར་རྒྱལ་གྱི«བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག»ལས། “མིང་གང་ཡང་རུང་བའི་མ་མཐའ་ན་པ་པོ་སོགས་པུ་ལིངྒའི་སྒྲ་སྔར་མེད་པ། དཔེར་ན། རྟ་དང་། ཡོན་ཏན། ལྷ་ས། སྒྲུབ་པ། བཟོ། ཙོང་ཁ་ལྟ་བུར་པ་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་བས། རྟ་པ། ཡོན་ཏན་པ། ལྷ་ས་བ། སྒྲུབ་པ་པོ། བཟོ་བོ། ཙོང་ཁ་པ་སོགས་རང་ཉིད་གང་ལ་དབང་བའམ་གང་ལ་ལྡན་པའི་དོན་སྟོན་པ་ནི་བདག་སྒྲ་དང་། ཐོག་མ་ཉིད་ནས་མིང་གང་འགྲུབ་བྱེད་ཀྱི་ཆ་ཤས་སུ་གྱུར་པ། གལ་ཏེ་ཆ་ཤས་དེ་དག་སོ་སོར་བསལ་ན་མིང་དེར་བརྗོད་དོན་གསལ་བར་བྱེད་པའི་ནུས་པ་དང་བྲལ་བ་ནི་མིང་གི་ཆ་ཤས་སུ་གྱུར་པའི་པ་པོ་སོགས་ཡིན་པས། སུམ་ཅུ་པའི་གཞུང་འདིར་བདག་སྒྲ་དངོས་སུ་བསྟན་པའི་ཤུགས་ལ་མིང་མཐའི་པ་བའང་དོན་གྱིས་བསྟན་པ་ཡིན་ཏེ། དཔེར་ན། མཐུག་པོ། རྐང་པ། ཁྲ་བོ། རྒོད་མ། བ་མོ་ལྟ་བུ་རྣམས་སོ། །”[5]ཞེས་བཀོད་པ་ལས་བདག་སྒྲ་དང་མིང་གི་ཆ་ཤས་པ་བ་སོགས་ཀྱི་ཁྱད་པར་དང་མི་མཚུངས་པའི་རྣམ་གཞག་གསལ་པོར་བསྟན་ཡོད།
གསུམ་པ། བདག་སྒྲའི་ཁྱད་ཆོས།
       ང་ཚོས་ནམ་རྒྱུན་བདག་སྒྲ་ལ་དཔེར་བརྗོད་འཇོག་པའམ། ཡང་ན་པ་པོ་སོགས་མིང་གི་ཆ་ཤས་སུ་གྲུབ་པ་དཔེར་ན། ནག་པོ། ལག་པ། ཁ་བ། སེར་པོ། སྔོན་པོ། རྣ་བ། སྡོང་བོ། སེན་མོ་ལྟ་བུ་དང་། མིང་གང་ཡང་རུང་བའི་མ་མཐའ་རུ་པ་པོ་སོགས་སྦྱར་ཅིང་ཕོ་མོའི་བྱེ་བྲག་གི་ཁྱད་པར་གསལ་བ་དཔེར་ན། མནའ་མ། ཇོ་མོ། དགེ་བསྙེན་མ། གར་མ། ཆང་མ་ལྟ་བུའི་མིང་དུ་མ་ཚོགས་པ་ལས་བདག་སྒྲའི་དཔེར་བརྗོད་ངོས་འཛིན་བྱེད་སྐབས། བདག་སྒྲའི་ཡང་དག་པའི་མཚན་ཉིད་དང་དེ་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་རེ་རེ་ལ་ངེས་ཤེས་གསལ་པོ་ཞིག་མེད་ཚེ་དཔེར་བརྗོད་ནོར་བའང་བྲི་སྲིད་པས། འདི་ལ་འོལ་ཚོད་མི་བྱེད་པར་རྣམ་ཤེས་བསྒྲིམས་ཏེ་གཟབ་ནན་བྱ་རྒྱུ་གལ་ཆེ། དེ་ཡང་དགེ་རྒན་ལྕགས་ཐར་རྒྱལ་གྱིས་བདག་སྒྲའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་བློ་ཞིབ་མོས་ཞིབ་འཇུག་གནང་སྟེ་ཕྱོགས་བསྡོམས་བྱས་ཡོད་ཅིང་། དང་པོ་ནི་མིང་རང་ངོས་ནས་དོན་ངེས་ཅན་ཞིག་སྟོན་པ་དཔེར་ན། ཕྱུག རྔོན། མགར། ཞིང་། འབྲོག བཟོ། མདའ་ལྟ་བུ།གཉིས་པ་ནི་པ་པོ་སོགས་གསར་དུ་སྦྱར་པས་བདག་པོའི་དོན་ལ་གཞོལ་བ་ཡིན་ཞིང་། གོང་གསལ་གྱི་མིང་རང་སྟེང་ན་དོན་ངེས་ཅན་ལྡན་པ་དག་ལ་པ་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་ཏེ། ཕྱུག་པོ། རྔོན་པ། མགར་བ། ཞིང་བ། འབྲོག་པ། བཟོ་བོ། མདའ་པ་ཞེས་བདག་པོའི་དོན་སྟོན། གསུམ་པ་ནི་སྐུལ་ཚིག་སྦྱར་རུང་བ། དཔེར་ན་ཕྱུག་པོས་ནོར་བསོགས། རྔོན་པས་གནའ་བདོས། མགར་བས་དངུལ་རྡུངས། ཞིང་བས་ཞིང་ཕྲོགས། འབྲོག་པས་ཕྱུགས་འཚོས། བཟོ་བོས་སྐུ་བཟོས། མདའ་པས་མདའ་འཕོངས་ལྟ་བུ། བཞི་པ་ནི་ཚིག་སྡུད་བྱ་མི་ཆོག་པ་སྟེ། ཕྱུག་པོ། རྔོན་པ། མགར་བ། ཞིང་བ། འབྲོག་པ། བཟོ་བོ། མདའ་པ་ལྟ་བུའི་པ་པོ་སོགས་ཀྱི་སྒྲ་བསྡུས་པ་ན་བདག་པོའི་དོན་མེད་པར་འགྱུར་བས་ཚིག་སྡུད་བྱ་མི་རུང་བ་ཡིན། ལྔ་པ་ནི་ཕོ་མོའི་བྱེ་བྲག་མི་དབྱེ་བར་གང་ཟག་སྤྱི་ལ་འཇུག་པ། དཔེར་ན་ལྷ་མོ། བཙུན་མོ། མཛེས་མ། ཆུང་མ། མཛངས་མ། གྱོས་མོ། སྙུན་མོ། སྐུད་མོ་ལྟ་བུ་ཕོ་མོའི་ཁྱད་པར་གསལ་བ་རྣམས་ནི་བདག་སྒྲ་མིན། རོང་བ། ནང་པ། རྟ་པ། སྨན་པ་ལྟ་བུ་ཕོ་མོའི་ཁྱད་པར་མི་གསལ་བར་གང་ཟག་སྤྱི་ལ་འཇུག་པ་ནི་བདག་སྒྲ་ཡིན།
མཇུག་བསྡུ་བ།
       མདོར་དྲིལ་ན། བདག་སྒྲ་ནི་མིང་གང་རུང་གི་མ་མཐའ་རུ་པ་པོ་སོགས་ཀྱི་སྒྲ་སྦྱར་མེད་དུས་མིང་རང་སྟེང་ནས་བརྗོད་དོན་ངེས་ཅན་ཞིག་སྟོན་པ་དེ་ལ། པ་པོ་སོགས་ཀྱི་སྒྲ་གསར་དུ་སྦྱར་ཚེ།སྔར་གྱི་མིང་དོན་དེ་ཉིད་འགྱུར་ནས་ཕོ་མོའི་ཁྱད་པར་མི་དབྱེ་བར་གང་ལ་སྦྱར་ཡུལ་གྱི་མིང་དེའི་བདག་པོའི་དོན་གསལ་བར་བྱེད་པའི་གང་ཟག་སྤྱིའི་དོན་མཚོན་པ་ཞིག་ཡིན་ཞིང་། པ་པོ་ནི་བདག་སྒྲའི་དངོས་བསྟན་གྱི་ཕྲད་ཡིན་མོད། ང་ཚོས་དུས་རྒྱུན་དཔེར་བརྗོད་འཇོག་པའམ་ངོས་འཛིན་བྱེད་སྐབས་བརྗོད་དོན་ངེས་ཅན་སྟོན་པའི་མིང་གང་ཡང་རུང་བའི་མ་མཐའ་རུ་པ་དང་པོ་ལས་གཞན་བ་དང་བོའང་སྦྱར་ནས་བདག་པོ་སྟོན་པ་ཡོད། མ་མོ་ཅན་ལྡན་མཁན་དག་ནི་ཡི་གེ་རང་ངོས་ན་ཡོད་པའམ་ལྡན་པའི་དོན་ཅན་དུ་གྱུར་པས། བདག་པོའི་དོན་ཅན་དུ་གྱུར་ནས་བདག་སྒྲ་དང་ཕྱོགས་མཚུངས་པ་ལས་བདག་སྒྲ་མཚན་ཉིད་པ་མ་ཡིན་པར་འདོད། སྔོན་གྱི་བརྡ་སྤྲོད་བསྟན་བཅོས་དེ་དག་གཞིར་བཟུང་སྟེ་བརྗོད་ན། བདག་སྒྲའི་ཕྲད་ནི་རྗེས་འཇུག་ལ་བལྟ་མི་དགོས་པ་དང་བལྟ་དགོས་པའི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ཀའི་ཆ་འདུས་པ་ཞིག་ཡིན་ཞིང་། ཕྱེད་སྔ་མ་ནི་ཕྲད་གཞན་དབང་ཅན་དང་། ཕྱེད་ཕྱི་མ་ནི་ཕྲད་རང་དབང་ཅན་ཡིན། བདག་སྒྲ་དང་མིང་གི་ཆ་ཤས་པ་བ་སོགས་ལ་ཁྱད་པར་ཡོད་པ་དང་། བདག་སྒྲ་ཡིན་ན་དེ་ལ་ངེས་པར་ཚང་དགོས་པའི་ཁྱད་ཆོས་ལྔ་འཛོམ་དགོས་སོ། །

མཆན།
[1] སི་ཏུ་པཎ་ཆེན། «སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། P.128
[2][4] སི་ཁྲོན་དཔེ་སྐྲུན་ཚོགས་པ། «རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་ལྔ་བ་བཞུགས་སོ» [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། P.41 P.41
[3][5] ལྕགས་ཐར་རྒྱལ། «བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2017ལོ། P.531 P.529
འབྲེལ་ཡོད་འོས་སྦྱོར།