logo

༄༅། །བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བ་དང་ཁོང་གི་གསུང་རྩོམ་སྐོར།

རྩོམ་པ་པོ།:ཆུ་དམར་བན་དེ་མཁར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-30 ཀློག་གྲངས།:
༄༅། །བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བ་དང་ཁོང་གི་གསུང་རྩོམ་སྐོར་རགས་ཙམ་གླེང་བ།
ཆུ་དམར་བན་དེ་མཁར།
 
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་ཡུལ་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་གདན་རབས་ཉེར་གཉིས་པ་བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བའི་གསུང་འབུམ་གཞིར་བཟུང་སྟེ། ཁོང་གི་རྣམ་ཐར་མདོར་བསྡུས་དང་གསུང་རྩོམ། དེའི་སྒྱུ་རྩལ་ཁྱད་ཆོས་དང་རྩོམ་གཤིས། སྙན་ངག་གི་གོ་བབ་དང་མཁས་པའི་གདེང་འཇོག་སྐོར་རགས་ཙམ་གླེང་བརྗོད་བྱས་པ་བརྒྱུད། བིས་པ་མི་ཕམ་ཟླ་བ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་པའི་དུས་མགོར་ཡུལ་མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་སྙན་ངག་ལ་ཤིན་ཏུ་མཁས་པས། སྐབས་དེའི་བླ་མ་དང་སྤྲུལ་སྐུ། དགེ་བཤེས་དྲག་གྲས་ཁྲོད་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དང་རྩོམ་པ་ལེགས་པའི་ཚད་བྱེད་དུ་བགྲངས་པ་གཟུར་བོར་གནས་པའི་གཏམ་ཡིན་པའི་གནད་ཅུང་ཟད་གླེང་ཡོད།
བརྡ་ཆད་གཙོ་བོ། བིས་པ་ངག་དབང་མི་ཕམ་ཟླ་བ། གསུང་རྩོམ། སྒྱུ་རྩལ་ཁྱད་ཆོས། རྩོམ་གཤིས། སྙན་ངག་གི་གོ་བབ། མཁས་པའི་གདེང་འཇོག
 
       བིས་པ་སྐུ་ཕྲེང་གཉིས་པ་ངག་དབང་མི་ཕམ་ཟླ་བ(1767-1807)མཆོག་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་པའི་དུས་མགོར་ཡུལ་མདོ་སྨད་དུ་མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་སྙན་ངག་ལ་ཤིན་ཏུ་མཁས་པ་ཞིག་ཡིན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི(1737-1803)ཞལ་ནས། གུང་ཐང་སྤྲུལ་བའི་སྐུ་དང་བིས་པ་སྤྲུལ་བའི་སྐུ་ལྟ་བུའི་མདོ་སྔགས་རིག་གནས་ཀུན་ལ་མཁས་པ་དེང་སང་ཤིན་ཏུ་དཀོན་ཞེས་གསུངས་པ་དང་། མ་ཧཱ་པཎྜི་ཏ་ཆེན་པོ་ཡོངས་འཛིན་སྒིས་སྟེང་བློ་བཟང་དཔལ་བའི(1881-1944)ཞལ་ནས་ཀྱང“སྤྱིར་རེབ་གོང་ལ་ངོམ་ཆོག་པའི་པཎྜི་ཏ་ལ་མི་ཕམ་ཟླ་བ་བྱུང་།”[1]ཞེས་མཁས་པ་མཁས་པའི་དྲུང་ན་མཛེས་པ་ལྟར་གདེང་འཇོག་བླ་མེད་གནང་ཡོད། མར་ནང་རྡོ་རྗེ་འཆང་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས(1897-1946)མཛད་པའི«རྒྱལ་བའི་སྲས་པོ་ངག་དབང་མི་ཕམ་ཟླ་བའི་ཞལ་སྔ་ནས་གསུང་འབུམ་གྱི་དཀར་ཆག་གསལ་བར་བཀོད་པ་རྫོགས་ལྡན་ངག་གི་རང་སྒྲ»ཞེས་བྱ་བར“བདག་ཅག་གི་ཕ་རྒན་ཆོས་ཀྱི་རྒྱལ་པོ་ཡོངས་འཛིན་པཎྚི་ཏ་ཆེན་པོ་ཐམས་ཅད་མཁྱེན་པ་སཾགྷའི་མཚན་ཅན་གྱི་ཞལ་ནས། མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་བིས་པ་མི་ཕམ་ལྟ་བུའི་སྙན་ངག་མཁན་བྱོན་མ་མྱོང་ཞེས་བསྟོད་བསྔགས་ཀྱི་སྒྲ་དབྱངས་སྒྲོགས་པ་བདག་གིས་ཀྱང་མངོན་སུམ་དུ་ཐོས་སོ”[2]ཞེས་རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན༧སྐྱབས་རྗེ་ཞྭ་དམར་པཎྜི་ཏས(1853-1913)ཀྱང་བསྔགས་བརྗོད་མཛད་པ་ནི་དམ་པ་ཁོང་གི་སྙན་ངག་གི་རྒྱན་གྱི་སྦྱོར་ལུགས་དང་སྒྱུ་རྩལ་གྱི་ཉམས་འདོན་སྟངས་ཐད་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱིས་ཀུན་ནས་ཕྱུག་པ་ཤ་སྟག་ཡིན། དམ་པ་མཆོག་གི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཆ་ནས་གུས་པས་གླེང་ཐུབ་པ་ཞིག་ག་ལ་ཡིན་ཏེ་ཤིན་ཏུ་ནས་མི་འཚམ་པའི་གནས་ཡིན་མོད། མིག་སྔར་ཁོང་གི་གསུང་རྩོམ་སྐོར་ལ་ཉམས་ཞིབ་གནང་མཁན་ཅུང་དཀོན་པ་དང་དེའི་དཔྱད་པའི་སྒོ་ལ་འཇུག་རྒྱུ་ནི་དགོས་པ་དང་རིན་ཐང་ཤིན་ཏུ་ཆེ། དེར་བརྟེན་རང་བློས་དཔོག་ཚོད་ཀྱིས་དམ་པ་ཁོང་གི་གསུང་འབུམ་གཞིར་བཟུང་ནས་རྣམ་ཐར་མདོར་བསྡུས་དང་གསུང་རྩོམ། དེའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་རྩོམ་གཤིས། སྙན་ངག་གི་གོ་བབ་དང་མཁས་པའི་གདེང་འཇོག་གི་སྐོར་ས་བཅད་མ་སྟོང་ཙམ་ཞིག་གླེང་བར་འདོད་དོ། །
དང་པོ། རྣམ་ཐར་མདོར་བསྡུས།
       བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་ནི་མདོ་སྨད་རྨ་ཀླུང་སྒེག་མོའི་ཉེ་འགྲམ་གྱི་གསེར་ལྗོངས་མར་ནང་ཚོ་ལྔའི་བིས་ཐང་ཞེས་བྱ་བའི་སྡེ་རུ། ཡབ་འཇའ་མོའི་རིགས་ལས་དཔལ་ལོ་དང་། ཡུམ་ཀླུ་མོ་དཔལ་གཉིས་ཀྱི་སྲས་སུ་སྤྱི་ལོ1767ལོར་སྐུ་འཁྲུངས། སྐུ་ཆུང་དུས་ནས་སྒོ་གསུམ་གྱི་བྱ་སྤྱོད་མཐའ་དག་ལ་ཀུན་གྱིས་དང་བ་འདྲེན་པའི་ཡུལ་དུ་གྱུར་ཅིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་། ངག་སྨྲ་ཐུབ་ཙམ་ནས་ང་བིས་པ་དགེ་བཤེས་ཡིན་ཞེས་ཡང་ཡང་གསུངས། དེ་བས་མཁན་ཆེན་དགེ་འདུན་རྒྱ་མཚོའི་དངོས་སློབ་བིས་པ་ཤེས་རབ་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་འཛིན་འཁྲུལ་མེད་བྱུང་། སྒིས་སྟེང་དགའ་ལྡན་ཆོས་གླིང་དུ་བཞུགས་ནས་འཕྲལ་སྦྱར་གྱི་ཀློག་དང་གཤར་མ་དབུ་ཅན་སོགས་ལ་ཚུལ་བཞིན་སྦྱངས། དགུང་ལོ་བཅུ་གསུམ་སྟེང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཞུགས་ནས་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་སོགས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མ་ལུས་པ་ལ་སྦྱངས་པ་མཐིལ་ཕྱིན་མཛད། ཤར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་མཆོག་གི་དྲུང་ནས། ཕྲེང་བའི་དཀྱིལ་འཁོར་ཆེན་པོ་ཞེ་ལྔའི་དབང་དང་། སློབ་དཔོན་བློ་བཟང་རྒྱ་མཚོ་ལས་ཀྱང་དབང་ལུང་དཔག་མེད་གསན། བདེ་ཆེན་པ་ཤེས་རབ་འོད་ཟེར་གྱི་དྲུང་དུ་ལཉྫ་དང་ཝརྟུ། དབུ་ཅན་དབུ་མེད། གཟབ་མ་དང་གཤར་མ་སོགས་ཀྱི་བྲིས་དང་སུམ་རྟགས། སྐར་རྩིས་དང་མངོན་བརྗོད་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་གནང་། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱི་ཞལ་སྔ་ནས་སྒྲ་རིག་པའི་གཞུང་ལུགས་དབྱངས་ཅན་སྒྲ་ཊིཀ་རྩ་འགྲེལ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་རྩ་འགྲེལ་བཅས་ལ་སྦྱངས། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ངག་རྩ་འགྲེལ་དང་དབྱངས་ཅན་དགྱེས་གླུའི་སྟེང་ནས་གཟབ་ཁྲིད་གནང་། དེ་མིན་འཇམ་དབྱངས་དགེ་འདུན་བསྟན་འཛིན། ཁྲི་ཆེན་དགེ་འདུན་མཁྱེན་རབ། དགེ་འདུན་ཟླ་བ་གྲགས་པ། ངག་དབང་འཇམ་དབྱངས་བཀྲ་ཤིས། ངག་དབང་དགེ་འདུན་བསྟན་འཛིན། རྗེ་བཙུན་བློ་བཟང་རྒྱ་མཚོ། ལྷ་རམས་པ་བློ་བཟང་བསྟན་འཛིན། ཝང་ཞབས་དྲུང་སྐལ་བཟང་ཡེ་ཤེས་དར་རྒྱས། ཞོང་བ་སྒོམ་ཆེན་བློ་བཟང་ཟླ་བ་སོགས་མཁས་གྲུབ་དུ་མའི་ཞབས་པད་སྤྱི་བོས་བསྟེན་ཏེ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཐིལ་ཕྱིན་མཛད། ཁྱད་པར་དུ་ཐུའུ་བཀྭན་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ལམ་རིམ་བདེ་ལམ་གྱི་ཁྲིད་ཞལ་ཤེས་མན་ངག་གིས་བརྒྱན་པ། སྔགས་ལུགས་ཐུན་མོང་མ་ཡིན་པའི་ཕྱག་ཆེན་ཟབ་ཁྲིད་བཅས་གསན་པའི་ཆོས་མཚམས་སུ་ཚོགས་དུང་འབུད་པ་དང་། མེ་ཏོག་གི་ཆར་འདབ་མ་ལྔ་དྲུག་རེ་ཡོད་པ་ས་གཞི་ཁེབས་པར་བབས་པ་སོགས་རྟེན་འབྲེལ་འགྲིག་པ་ལ། བླ་མ་རིན་པོ་ཆེ་ཐུགས་དགྱེས་ཏེ་ཞལ་ནས་གུང་ཐང་སྤྲུལ་པའི་སྐུ་དང་བིས་པ་སྤྲུལ་པའི་སྐུ་ལྟ་བུའི་མདོ་སྔགས་རིག་གནས་ཀུན་ལ་མཁས་པ་དེང་དུས་ཤིན་ཏུ་དཀོན་ཞེས་གསུངས། དགུང་ལོ་ཉེར་གསུམ་པ་སྤྱི་ལོ1789ལོར་རེབ་གོང་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་མདུན་ནས་ཡོངས་རྫོགས་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་ཆེ་བར་མཛད་དེ། དབེན་གནས་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གླིང་སོགས་སུ་སྒྲུབ་པ་ཉམས་ལེན་བཅས་ལ་བརྩོན་པ་རྡོ་རུས་ཐུག་པར་མཛད་པས། སྔོན་མེད་ཉམས་རྟོགས་ཀྱི་གཏེར་ཁ་ཀློང་དུ་བརྡོལ་བར་གྱུར། དམ་པ་འདི་ཉིད་སྐུ་གཞོན་ནུའི་དུས་ནས་སེང་གེ་གཤོང་ཡ་མགོའི་སྒྲུབ་སྡེ་ཆེན་པོ་དཔལ་ལྡན་ཆོས་འཁོར་གླིང་དུ་ཡང་ཡང་ཕེབས་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་དགོན་བདག་མཛད། སྨོན་ལམ་ཆེན་མོའི་སྐབས་ཀྱི་གདན་ཁྲི་ལོ་དུ་མའི་བར་དུ་བསྐྱངས་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྣམ་ཐར་དད་པའི་འཇུག་ངོགས་སོགས་སྨོན་ལམ་གསུང་ཆོས་མཐའ་ཡས་པ་གནང་། ཆོས་ཐོག་དང་འདོན་རྟ་དབྱངས་ཆོ་ག་ཕྱག་ལེན་བཅས་རྭ་རྒྱའི་ཕྱག་ལེན་ལྟར་བཙུགས། ལན་གྲངས་དུ་མར་སྡེ་དེའི་སྐྱེ་འགྲོ་རྣམས་ལ་དམ་པའི་ཆོས་ཀྱི་བཀླགས་ལུང་སོགས་ཆོས་བཀའ་མང་དུ་བསྩལ། དགེ་ཚུལ་སློང་རྣམས་ལ་འདུལ་བའི་བསླབ་བྱ་དང་དགོན་པའི་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཐུགས་བརྩེ་བའི་བཀའ་དྲིན་གྱིས་བསྐྱངས། དེ་བས་སྡེ་འདི་དག་གི་སྐྱ་སེར་ཐམས་ཅད་ཁོང་སངས་རྒྱས་དངོས་ཀྱི་དད་པ་བརྟན་པོ་ལྡོག་ཏུ་མེད་པ་ཞིག་ཡོད་སྟབས། རྗེས་སུ་སྡེ་དེའི་ཁྲོད་ཀྱི་རྒྱལ་ཚང་མའི་ཚོ་བར་མཆོག་གི་སྤྲུལ་སྐུ་ཡང་སྲིད་ཐེངས་གཉིས་ལ་འཁྲུངས་སོ། །རབ་བྱུང་བཅུ་གསུམ་པའི་མེ་ལུག་སྤྱི་ལོ1787ལོར་བིས་པ་ངག་དབང་མི་ཕམ་ཟླ་བས་རྐ་སར་སྡེ་བའི་མཚམས་པ་བཀྲ་ཤིས་ཚེ་རིང་སོགས་ཀྱི་མཆོད་ཁང་དུ་རྒྱལ་བ་བྱམས་པ་བྱིས་པ་ལོ་བརྒྱད་ཀྱི་ཚད་ཙམ་ཞིག་ཕྱག་བཟོ་མཛད་དེ་རྐ་གསར་དགོན་དགའ་ལྡན་འདུས་བཟང་ཆོས་གླིང་ཕྱག་འདེབས་གནང་། དེ་ནས་བཟུང་བིས་པ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པ་འདི་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། རོང་བོ་དགོན་པའི་དུས་འཁོར་གྲྭ་ཚང་དང་རྒྱུད་པ་གྲྭ་ཚང་གི་ཁྲིར་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱི་ཐུགས་ཁུར་ལེགས་པར་བཞེས། དགུང་ལོ་ཞེ་གཅིག་པ་སྤྱི་ལོ1807མེ་ཡོས་ལོར་རོང་བོ་གྲྭ་ཚང་གི་གསེར་ཁྲིར་མངའ་གསོལ་ན་ཡང་། གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་འཆད་ཉན་གྱི་བདུད་རྩི་སྤྲོ་ཁོམ་མེད་པར་ལོ་དེར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
གཉིས་པ། གསུང་རྩོམ་གྱི་སྐོར།
       སྤྱིར་དམ་པ་ཁོང་ཉིད་འཚོ་གཞེས་གནང་བའི་སྐུ་ཚེ་ལ་དགུང་གྲངས་མང་པོ་མ་བཞུགས་ཀྱང་། ཐོས་པའི་གོ་རིམ་ཁྲོད་དུ་གསུང་འབུམ་པོད་གསུམ་ཙམ་མཛད་མྱོང་། རྫོང་ཆུང་འཇིགས་མེད་ལུང་རིགས་རྒྱ་མཚོའི་ཞལ་ནས“གསུང་རྩོམ་པོ་ཏི་གསུམ་ཡོད་ཟེར་ཡང་། ད་ལྟ་ཡོད་པ་བདག་གིས་དངོས་སུ་མཐོང་བ་ཤིང་བཟའ་རིན་པོ་ཆེའི་དྲུང་ནས་ལམ་རིམ་གསན་དུས་ཀྱི་ཟིན་བྲིས་རྡོ་བའི་རི་མོ་རྗེ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་ངོ་མཚར་གསེར་གྱི་རྩིབས་སྟོང་བཀྲ་བའི་འཁོར་ལོར་ཕྱག་ཆེན་དང་། ལམ་གཙོའི་ཁྲིད་ཡིག་ཤིན་ཏུ་རྒྱས་པ་བསླབ་གསུམ་རྣམ་བཤད། ཟིན་བྲིས་སྣ་ཚོགས། བསངས་དང་གསོལ་མཆོད་སྣ་ཚོགས་སོགས་པོ་ཏི་ཕྱེད་དང་གཉིས་འདུག་པའང་རྣ་བར་སྙན་ཞིང་དོན་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་ཡོད།”[3]ཅེས་གསུངས་པ་དང་། གཞན་ཡང་ཨ་ཁུ་འཇིགས་མེད་ཐེག་མཆོག་གིས་མཛད་པའི«རོང་བོའི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ»ལས། “ལེགས་གསུང་བདུད་རྩིའི་ཆ་ཤས་ཙམ་པར་དུ་འཁོད་པ་ཡང་སྐྱབས་མཆོག་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་སོགས་རྣམ་ཐར་གྱི་སྐོར། ལེགས་བཤད་སྦྲང་རྩིའི་སྙིང་བོ་སོགས་བསླབ་བྱའི་སྐོར། ལྟ་བའི་གསུང་མགུར་གྱི་ཊཱི་ཀ་སོགས་ཕྱག་ཆེན་གྱི་སྐོར། ལམ་རིམ་ཟིན་བྲིས་སྙན་བརྒྱུད་རྡོ་བའི་རི་མོ་དང་ལམ་གཙོའི་འགྲེལ་ཆེན་སོགས་ལམ་རིམ་བློ་སྦྱོང་སྐོར། དུས་འཁོར་སྒྲུབ་ཐབས་པད་དཀར་དགོངས་རྒྱན་སོགས་རྒྱུད་སྡེའི་སྐོར། གཞུང་ཆེན་མོའི་དཀའ་གནད་དྲིས་ལན་གྱི་སྐོར། འཕྲིན་ཡིག་གི་རྣམ་བཞག་དང་བསྟོད་ཚིག་གི་སྐོར། རྩིས་ཀྱི་སྐོར་སོགས་ལེ་ཚན་བཞི་བཅུ་ལྷག་ལ་པོད་གསུམ་དུ་བསྡུས་ཏེ་བཞུགས་པ་ཡིན་ནོ། །”[4]ཞེས་གསུངས་པ་ལས་གསུང་འབུམ་པོད་གསུམ་བཞུགས་པ་ཡོངས་གྲགས་ཡིན། ཉེ་ཆར་བིས་པ་སྐུ་ཕྲེང་དྲུག་པ་ངག་དབང་མི་ཕམ་དགེ་ལེགས་རྒྱ་མཚོ་གཙོས་རྐ་སར་དགོན་པའི་ཨ་ཁུ་འཇིགས་མེད་དང་རྒན་ཀུན་དགའ་དབང་ཕྱུག་རྣམས་ཀྱིས་གསུང་རྩོམ་འཚོལ་བསྡུ་དང་ཕྱོགས་བསྒྲིགས་བགྱིས་ཏེ་གསུང་འབུམ་པོད་གསུམ་ཅན་གྱི་བདག་ཉིད་པར་དུ་བསྐྲུན་ཡོད་པ་དངོས་གནས་བཀའ་དྲིན་ཤིན་ཏུ་ཆེ། ཡིན་ནའང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གསུང་རྩོམ་ཁ་ཤས་བོར་བརླག་བྱུང་བའི་གནས་ཚུལ་མཆིས། དཔེར་ན། «ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ས་བོན» «རེ་སྐོང་ཆོས་འབྱུང་ཆེན་མོ» «དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་དཀར་ཆག»སོགས་རིན་ཐང་ཅན་གྱི་དཔེ་རྒྱུན་ཁག་ལག་སོན་བྱུང་དཀའ་བའི་གནས་སུ་གྱུར་ཡོད་དེ། “མཁྱེན་རབ་འཇམ་དཔལ་དབྱངས་དང་མི་གཉིས་པ་བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བས་ནི་ཡབ་རྗེ་བླ་མ་བཀའ་དྲིན་ཅན་གྱི་རྣམ་ཐར་ས་བོན་ཞིབ་བསྒྲིགས་འགངས་ཐོན་ཞིག་མཛད་དེ་ཐུའུ་བཀྭན་ཆོས་ཀྱི་ཉི་མར་ཕུལ་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་གྱི་གླེགས་བམ་ངོ་མཚར་བ་ཞིག་སྩོལ་བར་ཞུས་ཤིང་། རེ་སྐོང་ཆོས་འབྱུང་ཆེན་མོ་ཞེས་ཆོས་འབྱུང་རྒྱས་པའི་ལུགས་ཀྱིས་ལོ་རྒྱུས་རྒྱ་ཆེན་པོ་ཞིག་ལྗགས་རྩོམ་བསྐྱངས་པ་སོགས་གླེགས་བམ་གཅིག་ལས་གཅིག་ལྷག་ཏུ་ཕེབས་པ་ཤིན་ཏུ་ནས་མང་མོད་ཀྱང་། འཕྲིན་ལས་ཀྱི་སྒོ་ཕལ་ཆེར་སྔ་མོ་ཙམ་ནས་ཆོས་དབྱིངས་སུ་བསྡུས་པར་གྱུར་ཏོ”[5]ཞེས་གསུངས་པ་ལས་བསྟན་བཅོས་གྲགས་ཆེན་མང་པོ་ཞིག་ངག་སྒྲོས་ཙམ་ལས་མཐོང་རྒྱུ་མི་འདུག་པ་ནི་དངོས་གནས་ལྗོངས་འདིའི་དོན་གཉེར་ཅན་དག་གི་བསོད་ནམས་ཀྱི་མ་ཐེག་པ་ལོས་ཡིན་སྙམ་པའི་ཕངས་སེམས་ཆེའོ། །ད་ལྟ་བཞུགས་པའི་རྣམ་ཐར་རམ་རྟོགས་བརྗོད་ཀྱི་སྐོར་ནི«རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དགེ་འདུན་འཕྲིན་ལས་རབ་རྒྱས་དཔལ་བཟང་བོའི་རྣམ་པར་ཐར་བ་ངོ་མཚར་གསེར་གྱི་རྩིབས་སྟོང་བཀྲ་བའི་དབང་གི་འཁོར་ལོ»དང་། «འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ངག་དབང་དགེ་འདུན་ཟླ་བ་གྲགས་པའི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་ངོ་མཚར་གསེར་གྱི་སྒོ་མང་ལས་སྔགས་འཆང་འཇམ་དབྱངས་བློ་གྲོས་ཡན་གྱི་རྟོགས་བརྗོད»(སྟོད་ཆ)དང«འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ངག་དབང་དགེ་འདུན་ཟླ་བ་གྲགས་པའི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་ངོ་མཚར་གསེར་གྱི་སྒོ་མང་ལས་རྗེ་དེ་ཉིད་ཀྱི་རྟོགས་བརྗོད»(སྨད་ཆ)གཉིས་ཀར་འགའ་དྭགས་སྐུ་སྐྱེས་ངག་དབང་དགེ་འདུན་གྱིས་མཆོད་བརྗོད་དང་མཇུག་བྱང་སྦྱར་ཏེ་ཁ་བསྐངས་ནས«བིས་མདོའི་གདན་རབས»སྟེང་བཀོད་པའི«འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ངག་དབང་དགེ་འདུན་ཟླ་བ་གྲགས་པའི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་ངོ་མཚར་གསེར་གྱི་སྒོ་མང»(སྟོད་སྨད)ཡིན། «རྗེ་བཙུན་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ་པདྨ་དཀར་པོའི་ཆུན་པོ»དང«གངས་རིའི་རི་ཁྲོད་པ་རྣམས་ཀྱི་བླ་མ་ཆེན་པོ་ཤར་ཙོང་ཁ་པ་མཁན་ཆེན་དགོངས་པ་རབ་གསལ་གྱི་ཞལ་སྔ་ནས་ལ་བསྟོད་པ་འདུལ་འཛིན་རྣམ་པར་དགྱེས་པའི་མཆོད་ཡོན»བཅས་བརྩམས་ཆོས༤བཞུགས། ལམ་རིམ་ཟིན་བྲིས་དང་འགྲེལ་བའི་སྐོར་ནས«བྱང་ཆུབ་ལམ་གྱི་ཟིན་བྲིས་སྙན་རྒྱུད་རྡོ་ཡི་རི་མོ» «རྒྱལ་བ་གཉིས་པའི་ཞལ་ལུང་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གདམས་པའི་དོན་རྒྱ་ཆེར་བཤད་པ་དམིགས་ཁྲིད་དང་བཅས་པ་ངོ་མཚར་ཞིང་དུ་བགྲོད་པའི་མྱུར་ལམ་འཇམ་དཔལ་སྙིང་བོ་དགྱེས་པའི་མཆོད་སྤྲིན» «ཕྱག་ཆེན་གངྒ་མའི་འགྲེལ་བ» «ཕྱག་ཆེན་ཉམས་མགུར་གྱི་ཤྲཱིཀ་ལེགས་བཤད་མཐོང་བ་དོན་ལྡན»སོགས་བརྩམས་ཆོས༧ལྷག་བཞུགས།
       དྲིས་ལན་གྱི་སྐོར་ནས«སྟག་གེ་མཆོག་སྤྲུལ་བསྟན་པ་རབ་རྒྱས་ཀྱི་བཀའ་འདྲིའི་ལན་མཁས་པ་དགྱེས་པའི་རོལ་མོ» «ཉེ་གནས་རྒྱལ་མཚན་པས་དྲི་བ་མི་འདྲ་བ་འགའ་ཞིག་སྔ་ཕྱིར་བྱས་པའི་ལན་གྱི་ཚིགས་སུ་བཅད་པ་རིགས་པའི་རྒྱུད་མངས» «དྲིས་ལན་བློ་གསལ་གཞོན་ནུའི་མགུལ་རྒྱན» «དྲིས་ལན་དོན་གསལ་མེ་ལོང»བཅས༤འདུག འཕྲིན་ཡིག་གི་རྣམ་གཞག་སྐོར་ནས«ཕྲིན་ཡིག་གི་རྣམ་གཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས»དང«ཕྲིན་ཡིག་གི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལེགས་བཤད་འཕྲུལ་གྱི་ལྡེ་མིག»གཉིས་ནི་བོད་ཀྱི་འཕྲིན་ཡིག་གི་རྣམ་གཞག་ཁྲོད་རྒྱུ་སྐར་དབུས་ཀྱི་ཟླ་བ་ལྟར་འཐུས་ཚབ་རང་བཞིན་གྱི་འཕྲིན་ཡིག་གི་གཞུང་ལུགས་ཤིག་ཏུ་ཆགས་འདུག དེ་མིན་འཕྲིན་ཡིག་དང་ཆབ་ཤོག་གི་ཕྱོགས་ནས་དཔར་སྐྲུན་བྱས་པའི་གསུང་འབུམ་ཁྲོད་དུ་མི་བཞུགས་པས་ལག་སོན་མ་བྱུང་། འོན་ཀྱང«ཐུའུ་བཀྭན་རིན་པོའི་ཆེའི་གསུང་མགུར་བསླབ་བྱ་དང་ཆབ་ཤོག»ཁྲོད་ན་བིས་པ་ཚང་ལ་འཕྲིན་ལན༤ཡོད་པ་དང་། «རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་སྙན་རྩོམ་ཕྱོགས་བསྒྲིགས»ཁྲོད་བིས་པ་ཚང་ལ་འཕྲིན་ཡིག་༢བཞུགས་པས་དམ་པ་ཁོང་ལ་འཕྲིན་ཡིག་གི་སྐོར་མང་དུ་མཆིས་པ་ཤ་སྟག་རེད། ཡིད་ཕངས་པ་ཞིག་ལ་དེའི་སྐོར་ད་ལྟ་གསུང་འབུམ་དུ་མི་བཞུགས། ལེགས་བཤད་དང་བསླབ་བྱའི་ཐད་ནས«ལེགས་བཤད་སྦྲང་རྩིའི་སྙིང་བོ»དང«དམ་པའི་ཆོས་ལ་བསྐུལ་བའི་བསླབ་བྱ་མདོར་བསྡུས་བདུད་རྩིའི་ཡང་ཞུན»གཉིས་བཞུགས། མགུར་མའི་སྐོར་ནས«སྐྱོ་གླུ་དྲན་པའི་སྙེ་མ»དང«ཕ་མའི་དྲིན་ལན་བསབ་པའི་སྙིང་བོ་བསྡུས་པ»སོགས༡༡ལྷག་མཆིས། གནས་བསྟོད་ཀྱི་སྐོར་ནས«རོང་བོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བདེ་ཆེན་ཆོས་འཁོར་གླིང་གི་གནས་ཀྱི་རང་བཞིན་མདོ་ཙམ་བསྔགས་པ་དབྱངས་ཅན་འཛུམ་པའི་རོལ་མོ»དང«ཆོས་སྡེ་ཆེན་པོ་བཀྲ་ཤིས་དར་རྒྱས་གླིང་གི་བསྔགས་པ་བརྗོད་པ་མེ་ཏོག་གཡོ་བའི་འཁྲི་ཤིང» «སྒྲུབ་པའི་དགའ་ཚལ་དམ་པ་དགའ་ལྡན་ཆོས་འཕེལ་གླིང་གི་གནས་ཀྱི་ཡོན་ཏན་ལ་བསྔགས་པ་ཆོས་ཀྱི་རྒྱལ་རྔ་དང་པོ» «སྐྱ་རྒན་གྲུབ་གནས་དང་ཉེ་བའི་སྨན་ཆུ་བདེ་བའི་འབྱུང་གནས་ལ་བསྟོད་ཅིང་མཆོད་པའི་རབ་ཏུ་བྱེད་པ་མེ་ཏོག་རྒྱས་པའི་འཁྲི་ཤིང» «འདམ་བུའི་བྲག་དཀར་གྱི་སྨན་ཆུའི་གནས་ལ་བསྟོད་ཅིང་མཆོད་པའི་རབ་བྱེད་འཆི་མེད་གྲུབ་པའི་གཏམ་སྙན»བཅས༤ཡོད། སྒྲུབ་ཐབས་ཀྱི་སྐོར་ནི«འཁོར་ལོ་སྡོམ་པའི་དྲིལ་བུ་ལུགས་ཀྱི་བླ་བརྒྱུད» «བླ་མ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གསེར་གྱི་འབྱུང་ཁུངས»སོགས༩ལྷག་བཞུགས། བསྟོད་པ་དང་གསོལ་འདེབས་ཀྱི་སྐོར་ནས«སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དབྱངས་ཅན་དགྱེས་པའི་མཆོད་སྤྲིན» «ཤེས་རབ་ཉིན་མོར་བྱེད་པའི་འདོ་འཇོ» «སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་བདེ་ལེགས་གྲུབ་པ» «འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ག་བུར་ཆུ་རྒྱུན» «འཕགས་པ་ཐུགས་རྗེ་ཆེན་པོ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ཤུལ་རིང་མགྲོན་པོའི་ལམ་གླུ» «བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར» «ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉུང་བསྡུས» «སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག» «པདྨ་གླིང་བའི་གཏེར་བྱོན་གསང་བདག་དྲེགས་པ་ཀུན་འདུལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་མོ» «གཉེན་པོ་ལྷ་གསུམ་གྱི་མདུན་བསྐྱེད་དངོས་གྲུབ་ཆར་འབེབས» «རྗེ་བཙུན་ས་སྐྱ་བའི་གསེར་ཆོས་ཀྱི་གདམས་པ་ཟབ་མོ་རྡོ་རྗེ་མཁའ་ལྡིང་གསེར་མིག་འཁྱིལ་བ་འབྱུང་བོ་འུར་དེད་ཀྱི་མན་ངག་ཉམས་ལེན» དེ་མིན«རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་གྱི་དཀར་ཆག་ལེགས་པར་བཤད་པ་ཆོས་དུང་གཡས་འཁྱིལ»སོགས་གསུང་རྩོམ་གྲགས་ཆེན་གང་མང་ཡོད་དོ། །“དམ་པ་འདིའི་གསུང་རྩོམ་གཞན་ལས་ཁྱད་པར་དུ་འཕགས་ན་ཡང་སྐུ་དབོན་བཟང་པོ་སོགས་མ་བྱུང་བའི་སྟབས་ཀྱིས་པར་དུ་མ་འཁོད་པར་མ་ཟད་ཡུལ་འདིའི་ཆོས་འབྱུང་ཆེན་མོ་མཚོན་པའི་གསུང་རིགས་དུ་མ་ཕྱོགས་འཁྱར་གྱིས་ཆུད་ཟོས་སུ་གྱུར། དེ་ལྟར་བཀའ་འབུམ་རིན་པོ་འདི་ཉིད་པར་དུ་བསྒྲུབ་པའི་ཉེར་བསྡོགས་བརྩམས་ཏེ་༧གོང་ས་སྐྱབས་མགོན་མཆོག་ལ་ཞུས་དག་གི་སྙན་བསྐུལ་བྱས་ཀྱང་དང་བཞེས་མ་མཛད་པར་བརྟེན། གནས་ལྔ་གཟིགས་པ་བདེ་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་རྒྱ་མཚོས་མ་ཕྱི་ལ་ཞུས་དག་ཚར་གཅིག་དང་། མཆོག་གི་སྤྲུལ་བའི་སྐུ་རང་ཉིད་ནས་པར་ཡིག་དང་པར་དུ་བསྐྲུན་ཟིན་གཉིས་ཀར་ཞུ་དག་ལན་ཁ་ཡར་གནང་མོད། དཔེ་རྒྱུན་དག་ཐོན་ངོས་གཙང་མ་བྱུང་སྟབས་དཔྱད་མ་བཟོད་པའི་རིགས་བཅོས་བསྒྱུར་མ་བྱས་པར་རང་སོར་བཞག་ཡོད་པ་དང་། ལན་མང་པོར་ཞིབ་ཞུས་མ་ཕེར་བས་དག་མིན་སྣ་ཚོགས་མཆིས་པ་དཔྱོད་ལྡན་རྣམས་ཀྱིས་དགོངས་འཇགས་འཚལ”[6]ཞེས་མར་ནང་ཚང་གིས་རང་ལོ་ཉི་ཤུའི་སྟེང་མཛད་པར་གཞིགས་ན་སྐབས་དེའི་བིས་པ་ཚང་གི་བུ་སློབ་དང་ཉེ་གནས་དག་གིས་གསུང་འབུམ་ལེགས་སྒྲིག་དང་དཔར་བརྐོའི་ཐད་བྱས་རྗེས་འཇོག་མ་ཐུབ་པ་དང་། རེ་ཞིག་དུས་ཡུན་ངེས་ཅན་འགོར་རྗེས་པར་དུ་འཁོད་པས་ད་ལྟ་གསུང་རྩོམ་གྲགས་ཆེན་ཁ་ཤས་མཇལ་རྒྱུ་མི་འདུག་པའི་གནས་སུ་གྱུར་བའི་རྒྱབ་ལྗོངས་རྟོགས་ཐུབ།
གསུམ་པ། བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས།
       བིས་པ་མི་ཕམ་ཟླ་བའི་རྩོམ་རིག་བརྩམས་ཆོས་དག་གི་ནང་དོན་དང་རྣམ་པ་གཉི་གའི་ཐད་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀུན་ནས་ཕྱུག ལྷག་པར«རོང་བོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བདེ་ཆེན་ཆོས་འཁོར་གླིང་གི་གནས་ཀྱི་རང་བཞིན་མདོ་ཙམ་བསྔགས་པ་དབྱངས་ཅན་འཛུམ་པའི་རོལ་མོ»ལས། “རྒྱལ་རྣམས་རྗེས་ཆགས་རང་མདངས་མཚན་དཔེའི་སྒྱུ་དྲའི་གར་གྱི་རི་མོ་གང་། །སྐལ་བཟང་ལོངས་སྤྱོད་འཁོར་ལོའི་འདོད་འཇོར་རྒྱུ་མེད་གཉེན་དུ་ཕྱིན་པ་མོ། །གོ་མེའི་མཆོད་སྡོང་གཞོན་ནུའི་དྭངས་ཤེལ་གོང་བུར་འགྲོགས་པའི་རྩེ་དགའ་བཞིན། །ཡེ་ཤེས་བདུད་རྩིའི་ཟ་མ་ཏོག་དེས་བདག་སྙིང་ཐིག་ལེ་རྩེན་གྱུར་ཅིག །”[7]ཅེས་པའི་ཚིགས་བཅད་འདི་ནི་བརྗོད་བྱ་ལྷག་པའི་ལྷ་དབྱངས་ཅན་མ་ལ་བསྟོད་པ་དང་རྗོད་བྱེད་ཀྱི་ཚིག་ནི་སྙན་ཞིང་འདུ་ཕུལ་ཆེ་བ། སྡེབ་ལེགས་པ། བརྗིད་ཤུགས་ཆེ་བ་སོགས་ཀྱིས་ཀུན་ནས་བརྒྱན། ཚིགས་བཅད་ཤོ་ལོ་ཀ་འདི་ནི་རྩོམ་པ་པོ“དགུང་ལོ་བཅོ་བརྒྱད་ཡས་མས་ཤིག་ལ་དབྱངས་ཅན་མའི་བསྙེན་པར་བཞུགས་སྐབས་སྨྱུ་གུ་ཕྱག་ཏུ་མི་ལེན་པའི་དམ་བཅའ་དང་བཅས་ཏེ་སྒྲུབ་པས། ཉིན་ཞིག་ལྷག་པའི་ལྷ་མོར་བསྟོད་ཚིག་ཐུགས་ལ་ལམ་ལམ་ཤར་བ་ཕྱག་མཛུབ་ཀྱིས་རྩིག་ངོས་སུ་བྲིས་པ་ཕྱིས་སུ་རོང་བོའི་གནས་བསྟོད་ཀྱི་མགོའི་ཚིགས་བཅད་དེ་ཡིན་གསུངས”[8]པ་ཡིན་ནོ། །«ཆོས་སྡེ་ཆེན་པོ་བཀྲ་ཤིས་དར་རྒྱས་གླིང་གི་བསྔགས་པ་བརྗོད་པ་མེ་ཏོག་གཡོ་བའི་འཁྲི་ཤིང»ལས། “ལེགས་སྤྱད་དུ་ཀཱུ་ལ་ཡི་གོས་བཟང་ལྷབ་ལྷུབ་གཡོ་བའི་བ་དན་དཀར་པོ་ལྷག་བསམ་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་དོ་ཤལ་མྱུ་གུ་ལང་ལོང་བཀྲ་བས་མཛེས་པ་དེ་ལས་རབ་མཛེས་ངུར་སྨྲིག་ཁྲིམས་ལྡན་སྡེ། །དགེ་ལེགས་ཆུ་གཏེར་ལས་འོངས་ལྷོ་སྤྲིན་ཕང་ཕུང་འདུས་པས་བཤད་སྒྲུབ་སྦྲང་ཆར་རྟག་ཏུ་འཇོ་བ་ཡི། །འཇིག་རྟེན་མཐའ་དག་སྐྱིད་པའི་རྒྱང་གླུ་དར་དིར་ལེན་པའི་ཐུབ་བསྟན་དབྱར་གྱི་ལང་ཚོ་ཉམས་མེད་ཤོག །”[9]ཅེས་པའི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དུ“ལང་ལོང”དང“ཕང་ཕུང” “ལྷབ་ལྷུབ” “དར་དིར”ལྟ་བུའི་ཚིག་འགྲོས་སྒྲ་རྒྱན་ལྟ་བུ་བཀོལ་སྤྱོད་བྱས་པ་ཕུན་སུམ་ཚོགས་པར་མ་ཟད་དཔེ་དོན་སྦྱོར་ཚུལ་ལས་སྙན་ངག་མཁན་གྱི་ཀུན་རྟོག་དང་སྐད་ཆའི་སྒྱུ་རྩལ་གྱིས་སྣང་བརྙན་བཞེངས་སྐྲུན་ཐད་ལ་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་ཉམས་ཆེས་ཆེར་ཐོན་ནོ། །གཞན་ཡང་། དམ་པ་ཁོང་ཉིད་རི་ཁྲོད་འགྲིམས་ཏེ་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་དུས་སུ་མཛད་པའི་བརྩམས་ཆོས་ཀྱི་ཁྲོད་དུ“ཚེ་ཕྱི་མ་བསམ་ན་བསམ་དུས་ད། །ཁྲིམས་གཙང་མ་བསྲུང་ན་བསྲུང་དུས་ད། །འདོན་བཟླས་བརྗོད་བྱེད་ན་བྱེད་དུས་ད། །ལམ་ཏིང་འཛིན་བསྒོམ་ན་བསྒོམ་དུས་ད། །”[10]ཞེས་པ་ལྟ་བུ་དང། “འགྱོད་འགྱོད་ཁ་ནས་སྤྲས་པས་མི་ཆོག་གི །འགྱོད་པ་སྙིང་ནས་སྐྱེ་ན་སྐྱེ་རན་ཏེ། །འགྱོད་མེད་ལྷ་ཆོས་ད་རུང་བསྒྲུབ་ཀྱང་ཆོག །འགྱོད་པ་སླད་ནས་བྱུང་ན་བྱ་ཐབས་ཟད། །དགའ་སྐྱིད་འཕྲལ་དུ་ཅི་ཡོད་མ་བསམ་པར། །དགའ་སྡུག་གཏོང་ལེན་ལ་སོགས་ཉམས་ལེན་ལ། །དགའ་དང་སྤྲོ་བ་ཆེན་པོས་སློབས་ཤིག་དང་། །དགའ་དགའ་ཐམས་ཅད་འགྲུབ་པར་སངས་རྒྱས་གསུངས། །”[11]ཞེས་ཚིགས་བཅད་འདི་ལྟ་བུའི་ཁྲོད་སྒྲ་རྒྱན་བཀོལ་སྤྱོད་བྱས་པ་ཕུན་སུམ་ཚོགས་པ་དང་ཚིག་སྦྱོར་གྱི་ཆ་ནས་བབ་ཆགས་ཤིང་ཁ་གསལ་གོ་བདེ་ཡིན། ནང་དོན་གྱི་ཆ་ནས“འགྱོད”དང“དགའ”གཉིས་ལྟ་བུ་དམིགས་སུ་བཟུང་སྟེ་དམ་པའི་ལྷ་ཆོས་སྒྲུབ་པའི་དོན་གཉེར་པ་ཚོར་སྡིག་པའི་ལས་ལ་འགྱོད་པ་དང་དགེ་བའི་ལས་ལ་དགའ་བ་སྒོམ་དགོས་པའི་བསླབ་བྱ་ཟབ་མོ་གནང་ཡོད། «སྐྱོ་གླུ་དྲན་པའི་སྙེ་མ»ལས“ཨ་ཧོ་ཡེ་དེ་རིང་སྐྱབས་གནས་རྣམ་གསུམ་ལ་འདུད་དོ། །མདོ་སྨད་ཙོང་ཁའི་ལྷོ་ངོས་རེ་སྐོང་གི་ཡུལ་དེ། །མཐའ་འཁོབ་ཡང་འཁོབ་མུན་པའི་སྨག་རུམ་ཞིག་མིན་ནོ། །སངས་རྒྱས་བསྟན་པ་ཉི་མ་ཤར་བ་བཞིན་དར་བའི། །དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ་རང་ལགས་སོ། །ཨ་ཧོ་ཡེ་དེ་རིང་ཆོས་ཀྱི་ཞིང་ཁམས་དེ་དྲན་ནོ། །དེ་ན་གནས་པའི་མི་རིགས་སྣ་ཚོགས་ཀྱི་སྐྱེ་བོ། །རྨོངས་པ་མུན་ལྟར་འཐིབས་པའི་ཀླ་ཀློ་འདྲ་མིན་ནོ། །རང་བཞིན་དབང་བོ་རྣོ་ཞིང་དཀར་ཆོས་ལ་དད་པའི། །ཡོན་ཏན་ལྡན་པ་རིག་པའི་འབྱུང་གནས་རང་ལགས་སོ། །”[12]ཞེས་པའི་ཁྲོད་དུ“ཨ་ཧོ་ཡེ”ལྟ་བུའི་ཚིག་གིས་སྐྱོ་ཉམས་ཤུགས་ཆེར་ཐོན་པ་མགུར་གླུ་ལྟར་དབྱངས་འགྲོས་ཀྱིས་ཕྱུག་ཅིང་བརྩེ་བའི་གདུང་བ་ཤུགས་དྲག་པ་མཚོན་པའི་ཁྱད་ཆོས་མངོན་པར་གསལ་ལོ། །གཞན་ཡང་། “སྐེད་སྐབས་ལྡེམ་ལྡེམ་གཡོ་བའི་འགྱིང་བག་ཅན། །འོག་པགས་ཉིལ་ཉིལ་སྐྱོད་པའི་གར་སྒྱུར་ལ། །ཞལ་རས་འཛུམ་འཛུམ་བཞད་པའི་དགྱེས་ཉམས་ཀྱིས། །གདུ་བུ་སིལ་སིལ་འཁྲོལ་བའི་ཕྱག་སྐྱོངས་ཤིག །”[13]ཅེས་པའི་ཁྲོད་ཀྱི“ལྡེམ་ལྡེམ”དང“ཉིལ་ཉིལ” “འཛུམ་འཛུམ” “སིལ་སིལ”ཞེས་པ་ནི་ངང་ཚུལ་སྟོན་པའི་ཚིག་རྒྱན་བཀོལ་སྤྱོད་བྱས་པ་མང་བར་མ་ཟད་དེ་ལས་གསོན་ཉམས་ལྡན་པའི་སྣང་བརྙན་མངོན་སུམ་དུ་འཆར་རྒྱུ་ཡོད་པ་ལྟ་བུ་བཞེངས་སྐྲུན་བྱས་ཡོད། “ཀྭ་ཡེ་གསོན་དང་སྡོམ་བརྩོན་སྙིང་གི་བུ། །ཁ་ཞེ་མངོན་ལྐོག་མེད་པའི་གྲོས་ཤིག་འདེབས། །ག་ན་གནས་ཀྱང་བླ་མ་སྤྱི་བོར་སྒོམ། །ང་ཡི་སྐྱིད་སྡུག་ཁྱེད་རང་མཁྱེན་སྙམ་གྱིས། །ཅ་ཅོ་མང་བའི་གྲོགས་དང་མ་འགྲོགས་པར། །ཆ་ལུགས་ཀུན་སྤྱོད་འདུལ་བའི་གཞུང་དང་བསྟུན། །ཇ་རས་ལ་སོགས་ཁེ་ཚོང་མ་བྱེད་པར། །ཉ་མོ་ཆུ་ལ་གནས་བཞིན་བག་ཡོད་བསྟེན། །ཏཱ་རེ་ལ་སོགས་ཡི་དམ་བསྙེན་སྒྲུབ་དང་། །ཐ་རྒོད་སེམས་རྒྱུད་འདུལ་བའི་ཉམས་ལེན་ལ། །ད་ལྟ་ཉིད་ནས་རྟག་ཏུ་འབད་བྱས་ན། །ན་རྒ་འཆི་ལ་འཇིགས་དང་འགྱོད་མི་འཚལ། །པ་ཏྲ་ལྟར་འཁྱིལ་འཁོར་བའི་མཚང་རིག་ནས། །ཕ་རོལ་འགྲོ་བའི་གདུང་བ་དྲན་ཙམ་གྱིས། །བ་སྤུ་གཡོ་བའི་སྙིང་རྗེས་རྒྱུད་བསྐུལ་ཏེ། །མ་རྣམས་དོན་དུ་བྱང་ཆུབ་སེམས་མཆོག་སྐྱེད། །[14]ཅེས་པའི་ཀ་རྩོམ་ནི་རང་བཞིན་གྱིས་ཤར་མར་བརྡོལ་བས་བཀླགས་ན་སྙན་ཆ་ལྡན་ལ། ཚིག་སྦྱོར་ལྷོད་ཤ་ཆེ་བ། བརྗོད་དོན་ཁ་གསལ་ཞིང་ཡིད་ལ་གོ་བ་ངེས་ཅན་སྟེར་བའི་ཁྱད་ཆོས་ལྡན་ནོ། །«ཕ་མའི་དྲིན་ལན་བསབས་པའི་སྙིང་བོ་བསྡུས་པ»ལས“ཨ་མ་དྲིན་ཅན་ལུས་ཀྱི་སྒྲོམ་བུ་ནས། །ཤ་ཁྲག་རྡོས་བཅས་ཕུང་བོ་གཅེས་སྤྲས་ཀྱིས། །ཟླ་ངོ་བཅུ་ལ་ཁུར་བའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །ཐུར་སེལ་རླུང་གིས་འབྱུང་བ་གཡོས་པའི་ཚེ། །ཤ་རུས་ཁ་ཁར་འདྲལ་བའི་སྡུག་མྱོང་ཡང་། །སེམས་ལ་མི་དགའ་མེད་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །མཇལ་ནས་ཁྲག་དང་ཆུ་སེར་ལྷན་ཅིག་ལུས། །བཙས་མ་ཐག་ཏུ་གཙང་མའི་ཆབ་ཀྱིས་བཀྲུས། །བྱི་དོར་གང་ལེགས་བགྱིས་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །ཤ་རུས་ཉོར་ཉོར་ལེན་སྣ་མེད་པའི་དུས། ། ལག་པས་འཇམ་པོར་བླངས་ནས་པང་དུ་བཟུང་། ། ཁ་སྣ་ལྕེ་ཡིས་ལྡག་པའི་དྲིན་ཅན་མ། ། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། ། རང་ལུས་རང་གི་སྐྱོབ་པའི་ནུས་པ་མེད། ། ཉི་ལྷགས་ཆར་གྱི་གདུང་བ་མྱུར་དུ་བསྐྱབས། །གོམ་པ་ཙོག་པོར་འཇོག་པའི་དྲིན་ཅན་མ། ། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས ། །ཁ་ཡིས་ཟས་སྙོད་མི་གཙང་ལག་པས་ཕྱི། །སྣབས་ལུད་དྲི་མ་ཁ་རུ་སོང་ན་ཡང་། །སྣང་བ་ཞེན་པ་མ་ལོག་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །བྲང་ལ་ནུ་འབུར་རྒྱས་པའི་འོ་འཛིན་ལས། །བྱམས་པའི་ཤུགས་ཀྱིས་ཟགས་པའི་ནུ་ཞོའི་རྒྱུན། །ནམ་འདོད་ཁ་རུ་བསྣུན་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །ཉིན་མཚན་མེད་པར་རུམ་ཕུག་དྲོ་བར་བཅུག །མཚན་མོ་གཏི་མུག་གཉིད་ཀྱིས་ནོན་པའི་ཚེ། །གསོད་དོགས་ནུབ་གཉིད་ཆག་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །འགྲང་དུས་འཛུམ་ཞིང་བགད་ན་སྤྲོ་བ་སྐྱེས། །ལྟོགས་དུས་གཡོ་ཞིང་ངུ་བ་སྐད་ཅིག་ཀྱང་། །མི་བཟོད་ནུ་མ་བསྣུན་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །རྐང་བཞི་དུད་འགྲོ་ལྟ་བུར་འགྲོ་བའི་དུས། །ལག་མགོས་འཐེན་ནས་རྐང་གཉིས་འདེགས་འཇོག་གི །གམ་ཙེ་གོམ་ཙེ་སློབ་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །དང་པོ་གླེན་པ་ལུག་ལྟར་ལྐུགས་པ་ཞིག །ད་ལྟ་ཐམས་ཅད་སྨྲ་ཞིང་དོན་གོ་བའི། །མི་སྐད་འདི་ཙམ་བསླབས་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །ལོ་གསུམ་དུས་སུ་གར་འགྲོ་མིག་གིས་འཚོ། །ལོ་བཞི་ལ་སོགས་གང་ལོན་གཟུགས་ཚོད་ཀྱི། །ཞྭ་གོས་ལྷམ་སོགས་བསྒྲུབས་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །ལོ་བཅུ་ལོན་ནས་རང་མགོ་ཐོན་པའི་ཚེ། །སེམས་ཀྱི་ཁོ་ཐག་ཆོད་པའི་དགའ་སྐྱིད་དང་། །རྟག་ཏུ་སྡོད་སྙམ་འགྲོགས་པའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །སྐྱེས་ཙམ་ཉིད་ནས་ཇི་སྲིད་འགྲོགས་པའི་བར། །བྱམས་པས་བལྟ་ཞིང་སྙན་པའི་ཚིག་གིས་འབོད། །བརྩེ་བའི་སེམས་ཀྱིས་སྐྱོང་བའི་དྲིན་ཅན་མ། །བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས། །”[15] འདི་ལྟ་བུའི་ཚིགས་བཅད་ནི་འཇིག་རྟེན་སྟེང་གི་སྐྱེ་རྒ་ན་འཆི་ལས་དྲིན་ཅན་ཨ་མའི་སྡུག་བསྔལ་མྱོང་བའི་སྣང་བརྙན་གསོན་ཉམས་ལྡན་པ་དང་། མངོན་བརྗོད་དང་བརྡ་རྙིང་གིས་ཆེས་ཆེར་མ་བཅིངས་པར་ཁ་གསལ་གོ་བདེ་ཡིན་པས་སྙན་ཆ་ཆེ་བ། ཡིད་ཀྱི་འགྱུར་བ་ཤུགས་དྲག་མཚོན་པའི་སྒྱུ་རྩལ་གྱི་ཉམས་ཆེས་ཆེར་ཐོན་ཡོད། ལྷག་པར་བརྗོད་བྱ་དོན་གྱི་ཆ་ནས་ཀྱང་སྤྱིར་བཏང་གི་ཨ་མའི་སྡུག་བསྔལ་མཐོང་བ་བརྒྱུད་ནས་གནས་སྐབས་ཕ་མའི་དྲིན་ལན་འཇལ་དགོས་པ་དང་མཐར་ཐུག་སྟོང་ཉིད་རྟོགས་དགོས་པའི་གནད་ཁྱད་པར་བ་བསྟན་ཡོད། མདོར་ན་དམ་པ་ཁོང་གི་བརྩམས་ཆོས་ཏེ་རྣམ་ཐར་དང་རྟོགས་བརྗོད། འཕྲིན་ཡིག དྲིས་ལན། གནས་བསྟོད། བསླབ་བྱ། འགྲེལ་བ་སོགས་གང་ལ་བལྟས་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཡོངས་སུ་ཕྱུག སྙན་ངག་གི་ཉམས་འདོན་སྟངས་ཐད་ཚིག་གི་འདུ་ཕུལ་ཆེ་བ། དབྱངས་ཀྱི་འདེགས་འཇོག་གསལ་བ། བརྗོད་བྱ་རྒྱ་ཆེ་བ། ཚིག་སྦྱོར་བདེ་ལ་སྙན་ཆ་ཆེ་བ། སྣང་བརྙན་བཞེངས་སྐྲུན་བྱས་པ་གསོན་ཉམས་ལྡན་པ་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ནོ། །
བཞི་པ། ཐུན་མོང་མ་ཡིན་པའི་རྩོམ་གཤིས་གསལ་བ།
       སྤྱིར་རྩོམ་གཤིས་ལ་རྩོམ་རིག་སྤྱིའི་གཤིས་ཉམས་དང་། རྩོམ་པ་པོའི་གཤིས་ཉམས། མི་རིགས་ཀྱི་གཤིས་ཉམས། དུས་རབས་ཀྱི་གཤིས་ཉམས་སོགས་དབྱེ་བ་མང་མོད། དུས་རབས་མི་འདྲ་བའི་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་མི་རྣམས་ཀྱི་བསམ་པའི་འཁྱེར་སོ་དང་། འདུ་ཤེས་འཛིན་སྟངས། རིན་ཐང་ལྟ་ཚུལ་སོགས་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པས། བརྩམས་ཆོས་དག་གིས་ཚུར་སྣང་བགྱིས་པའི་རྩོམ་རིག་གི་གཤིས་ཉམས་ཀྱང་མི་འདྲ། དེ་བས་དུས་སྐབས་མི་འདྲ་བའི་ནང་གི་རྩོམ་པ་པོ་དག་ལ་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པའི་གསར་རྩོམ་གྱི་གཤིས་ཉམས་ཁྱད་པར་མཆིས་པ་ཤ་སྟག་གོ། དཔེར་ན། ཉེ་དུས་ཀྱི་མཁས་པ་ཆེན་པོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་བརྩམས་ཆོས་དག་ལ་མཇལ་ན་བརླིང་བ་དང་། སྤོབས་པ། ཟིལ་ཤུགས། ཤོམ་ཆེ་བ། བརྗིད་པའི་ཉམས་ཀྱི་རྩེར་སོན་ཡོད། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་བརྩམས་ཆོས་དག་ནི་མཛེས་པ་དང་། འཇམ་པ། རྣོ་བ། ལྷོད་པ། སྙན་པའི་ཉམས་ཀྱིས་ཀུན་ནས་ཕྱུག་པའི་ཁྱད་ཆོས་ལྡན་པ་ལྟ་བུ་ལས་ཤེས་རྟོགས་བྱུང་ངོ་། །ཧྥ་རན་སིའི་རྩོམ་རིག་མཁས་པ་པུའུ་ཧྥན(1707-1788)གྱིས“རྩོམ་གཤིས་ནི་མི་ཡིན”ཞེས་པའི་ལྟ་བ་བཏོན་ཡོད་པས། བརྩམས་ཆོས་ཀྱི་གཤིས་ཉམས་ནི་རྩོམ་མཁན་གྱི་མི་གཤིས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རྟོགས་ཐུབ། དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང“རྩོམ་པའི་ཡོན་ཏན་དངོས་དེ་ནི། རང་གི་སྔ་མའི་བག་ཆགས་དང་རྩོམ་པ་པོའི་གཤིས་ལུགས་ལ་རག་ལས”[16]ཞེས་གསུངས་པ་གནད་དུ་ཁེལ་བའི་ལེགས་བཤད་ཡིན་ནོ།། དེར་བརྟེན་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་པའི་དུས་མགོའི་ཡུལ་མདོ་སྨད་ཀྱི་སྙན་སྔག་སྨྲ་བའི་དབང་བོ་སྟེ་བིས་པ་ངག་དབང་མི་ཕམ་ཟླ་བའི་མཆོག་གི་སྙན་རྩོམ་གྱི་གཤིས་ཉམས་དངོས་དེ་གང་ཡིན་ཟེར་ན། “རྩོམ་པ་པོ་རང་ཉིད་ཀྱི་རང་གཤིས་མཚོན་ཞིང་། གསར་རྩོམ་གྱི་ཉམས་མྱོང་ཡུན་རིང་བསགས་པའི་ནང་། རྩོམ་ཡིག་གི་སྐད་ཆས་ཕྱིར་མངོན་པའི་སྒྱུ་རྩལ་ཞིག་ཡིན”[17]ཞེས་པ་ནང་བཞིན་ཁོང་གི་སྙན་ངག་གི་བརྩམས་ཆོས་ཧྲིལ་བོར་ཡང་ཡང་བཀླགས་ཚེ་རྩོམ་པ་པོའི་བརྩམས་ཆོས་དག་ལ་རྩོམ་གཤིས་ཐུན་མོང་མ་ཡིན་པ་ཞིག་གྲུབ་ཡོད་པ་ཧ་ཅང་མངོན་གསལ་ཡིན་ནོ། །སྤྱིར་འཕགས་ཡུལ་དུ་མཛེས་པའི་དཔེ་སྦྱོར་བ་ལ་མཁས་པ་པཎྚི་ཏ་ནག་མོ་ཁོལ། སྙན་པའི་ཚིག་སྦྱོར་ལ་མཁས་པ་དབྱུག་པ་ཅན། སྒྲ་སྦྱོར་བ་ལ་མཁས་པ་བྷ་ར་ཝི། དེ་གསུམ་ག་ལ་མཁས་པ་མ་གྷ་ཧ་ཞེས་གསུངས་པ་ལྟར་དམ་པ་མཆོག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བརྩམས་ཆོས་དག་ལ་གཙོ་བོ་སྙན་པ་དང་མཛེས་པའི་ཉམས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཁྱད་པར་བ་ཞིག་ཆགས་འདུག དཔེར་ན། “ལེགས་སྤྱད་རྒྱ་ཆེན་པདྨའི་ངོས་ལ་རྣམ་དཔྱོད་སྦྲང་རྩིའི་ཐིག་ལེ་མངོན་ཆགས་པས། །བློ་གསལ་ཡིད་ཀྱི་བུང་བ་རྣམ་འཛིན་ལེགས་བཤད་དྲི་བཟང་རྫོགས་པའི་དགའ་སྟོན་གནས། །མི་ཕམ་སྐལ་བཟང་དབྱར་གྱི་དཔལ་མོ་རྣམ་རྒྱལ་ངོ་མཚར་གཏམ་གྱི་སྐྱེད་ཚལ་གང་། །དོན་གཉེར་རེ་བའི་ཤིང་རྟ་ཚིག་ཕྲེང་རྒྱན་གྱི་མེ་ཏོག་ཚོགས་འདིས་ཡུད་ཀྱིས་འགེངས། །”ཞེས་ལྟ་བུ་དང་། “སྐྱེས་ཐོབ་ཤེས་རབ་ཨ་མྲའི་མྱུ་གུ་ཞིག །ལུང་རིགས་འོ་མས་བཅུས་པའི་སྐལ་བཟང་གིས། །ལེགས་བཤད་འབྲས་བུ་ཞིམ་པོ་ཉམས་མྱོང་བ། །དགའ་སྟོན་དུས་ལ་འབད་པས་འདོད་སྒུར་སྤྱོད། །”ཅེས་པ་ལྟ་བུའི་ཚིགས་བཅད་ལས་ཁོང་གི་སྙན་ངག་གི་རྩོམ་གཤིས་དེ་སྙན་པ་དང་མཛེས་པའི་ཉམས་ཆེས་ཆེར་ཐོན་ཡོད་པ་རང་བཞིན་གྱིས་རྟོགས་ཐུབ་བོ། །གཞན་ཡང་ཡོངས་སུ་མ་གྲགས་པའི་བརྡ་དང་ངག་དམ་པོས་མ་བཅིངས་པར་ཐུན་མོང་དུ་རྒྱ་གར་ལྷོ་བའི་ལུགས་ཀྱི་རྩོམ་གཤིས་ཏེ་ཁ་གསལ་བ་དང་འཇམ་པ། ནང་དོན་ཕུན་སུམ་ཚོགས་པ། གོ་བདེ་བ་གཙོ་བོར་བྱས་ཏེ་བརྩམས་པ། དཔེར་ན ། “གདན་ས་གསུམ་གྱིས་མཚོན་པའི་བཤད་སྒྲུབ་ཀྱི་སྡེ་རྣམས། །དཀོར་ནག་དུག་ཆུས་མྱོས་པའི་མགོ་རིལ་དག་མིན་ནོ། །རྣམ་ཐར་གཙང་མ་དགེ་ལྡན་རིང་ལུགས་དེ་འཛིན་པའི། །མཁས་གྲུབ་རྒྱ་མཚོ་འདུས་པའི་དགེ་འདུན་རང་ལགས་སོ། །”དང་། “བློ་གསལ་རིགས་པ་སྨྲ་བའི་དགེ་བཤེས་ཀྱི་ཚོགས་རྣམས། །ཡོན་ཏན་ཕྱོགས་རེས་ཁེངས་པའི་ཡུས་ཅན་རང་མིན་ནོ། །མདོ་སྔགས་རིག་གནས་ཀུན་ལ་ཕྱོགས་མེད་དུ་སྦྱངས་པའི། །མཁས་པ་ཞི་དུལ་བག་ཕེབས་ཤ་སྟག་རང་ལགས་སོ། །”ཞེས་པ་ལྟ་བུ་ལས་མངོན་ཐུབ། །རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བློ་བཟང་ཆོས་གྲགས་ཀྱི་ཞལ་ནས། “བིས་པ་མི་ཕམ་ཚང་གི་སྙན་ངག་ནི་ཁ་གསལ་ཞིང་གོ་བདེ་བ། ངག་ལ་འཇམ་ཞིང་ནང་དོན་ཕུན་སུམ་ཚོགས་པ། རྒྱ་གར་ལྷོ་བའི་ལུགས་ཀྱི་རྩོམ་ཉམས་དངོས་ཐོན་འདུག དཔེར་ན། ལྟེ་བའི་རཀྟ་འཛིན་མར་འཐོར་བ་ལས། །ལས་ལྡན་མཆོད་པའི་རྟེན་དུ་ཙན་དན་ཤིང་། ཤིང་ལོ་འབུམ་ཕྲག་སྐུ་ཡིས་བརྒྱན་པའི་འཕྲུལ། །འཕྲུལ་དེ་སྟོན་མཁན་ཙོང་ཁ་པ་ལ་འདུད། །ཅེས་པ་ལྟ་བུ་ནི་མཐའ་ཐོག་སྦྱོར་བའི་ཟུང་ལྡན་གྱི་རྒྱན་ལྟར་བརྩམས་ཡོད་མོད། འོན་ཀྱང་ཞིབ་ཏུ་མ་བལྟས་ན་ཚིག་སྦྱོར་བདེ་དྲགས་པས་མི་ཤེས་པའི་ཚོད་དུ་འདུག དེ་བས་ཁོང་གིས་བརྩམས་པའི་སྙན་རྩོམ་དག་ནི་མཛོ་མོའི་ཚོད་ཀྱི་འོ་མ་བཞིན་དུ་རྩོམ་པ་པོ་དང་རྩོམ་པའི་གཞུང་གཉིས་ཀ་དོ་སྙོམས་པའི་མཁས་པ་གྲགས་ཆེན་ཞིག་ཡིན་ནོ”ཞེས་བདག་ལ་དངོས་སུ་གསུངས་པས། དམ་པ་མཆོག་གི་སྙན་ངག་ནི་དངོས་གནས་སྙན་པ་དང་མཛེས་པ། འཇམ་པ། གོ་སླ་བའི་ཁྱད་ཆོས་འབུར་དུ་ཐོན་ཞིང་། བརྗོད་བྱ་ཟབ་མོ་ཆོས་ཀྱི་ལས་འབྲས་ལས་བརྩམས་པའི་ལམ་གྱི་རིམ་པ་སྟོན་པའི་རྩོམ་གཤིས་ཁྱད་པར་བ་ཞིག་ཆགས་ཡོད། སྐབས་ཐོག་དེར་ཡུལ་མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་བིས་པ་མི་ཕམ་ལྟ་བུའི་སྙན་ངག་མཁན་བྱོན་མ་མྱོང་ཞེས་རྗེ་ཞྭ་དམར་བའི་གསུང་སྒྲོས་མར་ནང་ཚང་གིས་དངོས་སུ་ཐོས་པ་བཀོད་འདུག་པ་ནི་དངོས་ནས་ཤིན་ཏུ་མད་དོ། །
ལྔ་པ། སྙན་ངག་གི་གོ་བབ།
       བོད་གངས་ཅན་གྱི་ལྗོངས་འདིར་གནའ་ནས་ད་ལྟའི་བར་དུ་ཆོས་རྗེ་ལོ་པཎ་གསེར་རིའི་ཕྲེང་བ་བཞིན་དུ་ཟམ་མ་ཆད་པར་བྱོན་མྱོང་། ལྷག་པར་ས་དགེ་བཀའ་རྙིང་གི་གྲུབ་མཐའ་སོ་སོའི་རྗེས་འཇུག་པའི་ཁྲོད་དུ་སྙན་ངག་གི་སྒྱུ་རྩལ་ལ་ནང་བྱན་ཆུབ་པའི་སྙན་ངག་པའང་མང་དུ་བྱོན་ཡོད་དེ། དཔེར་ན། ཚིག་ལ་མཁས་པ་ས་སྐྱ་པཎྜི་ཏ། དོན་ལ་མཁས་པ་བུ་སྟོན་རིན་ཆེན་གྲུབ། ཚིག་དོན་གཉི་གར་མཁས་པ་རྗེ་ཙོང་ཁ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་སོ། །གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། “མཁས་གྲུབ་རྗེའི་ཚིག་ལྷུག་རྗེ་རིན་པོ་ཆེ་དང་མི་མཉམ་ཡང་། ཚིགས་བཅད་ཕལ་ཆེར་མཉམ། རྒྱལ་དབང་སྐལ་བཟང་རྒྱ་མཚོ་སྙན་ངག་ལ་མཁས། ལྕང་སྐྱ་རྡོ་རྗེ་འཆང་ཧ་ཅང་སྦྱངས་པའི་ཤུགས་ཀྱིས་སྙན་ངག་ལ་མཁས། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཧ་ཅང་ཐུགས་རབ་ཆེ་བའི་ཤུགས་ཀྱིས་སྙན་ངག་ལེགས། །གཞན་དུས་ཕྱིས་དགེ་ལུགས་པ་ལ་སྙན་ངག་པ་དཀོན”[18]ཞེས་གསུངས་འདུག་མོད། ད་དུང་དགེ་ལུགས་པའི་ཁྲོད་དུ་སྙན་ངག་མཁན་མང་པོ་བྱོན་མྱོང་སྟེ། དཔེར་ན། ཞང་ཞུང་ཆོས་དབང་གྲགས་པ། གུང་ཐང་བསྟན་པའི་སྒྲོན་མེ། ཉེ་དུས་ཀྱི་ཡོངས་འཛིན་བློ་བཟང་དཔལ་ལྡན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དགེ་འདུན་ཆོས་འཕེལ་སོགས་སྙན་ངག་མཁན་ཧ་ཅང་མང་པོ་བྱོན་ཡོད་པ་ནི་ང་ཚོས་མིག་མཐོང་ལག་ཟིན་དུ་གྲུབ་ཡོད། བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བ་མཆོག་ལ་མཚོན་ན་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་བའི་དུས་མགོར་ཡུལ་མདོ་སྨད་ཀྱི་མཁས་པ་ཆེན་པོ་དང་། ཁྱད་པར་དུ་སྙན་ངག་མཁན་གྲགས་ཆེན་ཞིག་ཡིན་པ་ས་གྲགས་གནམ་གྲགས་ཡིན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད་པའི «འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐར་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས»ཞེས་བྱ་བར། “ངག་དབང་དབྱངས་ཅན་ཟླ་བ་ནོར་བུའི་འོད། །ཕྱོགས་ལས་རྣམ་རྒྱལ་མི་ཕམ་རྣམ་དཔྱོད་ཀྱི། །དཔྱིད་དུ་སྨིན་པས་སྙན་ཚིག་དྲི་བསུང་འབུམ། །ཅི་དགར་སྤྲོ་ལ་ཟླ་དང་བྲལ་བ་ཉིད། །”[19]ཅེས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལ་བིས་པ་ངག་དབང་མི་ཕམ་ཟླ་བའི་རྣམ་དཔྱོད་རྒྱས་པས་ཁོང་གི་སྙན་ངག་ནི་ས་སྟེང་འདི་ན་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་ཞེས་བསྟོད་བསྔགས་བགྱིས་པ་ལས། བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་ནི་ངེས་པ་དོན་གྱི་སྙན་ངག་པ་ཆེན་པོ་ཞིག་ཡིན་པ་ང་ཚོས་དངོས་ཤུགས་གང་རུང་ནས་རྟོགས་ཐུབ། དམ་པ་མཆོག་ནི་རྗེ་རིན་པོ་ཆེ་བཞིན་དུ་ཆུང་དུས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་ཡོད་པ་དང་། ཁོང་གི་གསུང་འབུམ་གཞིར་བཟུང་སྟེ་བཤད་ན་དགུང་ལོ་བཅུ་གསུམ་སྟེང་ནས་བཟུང་སྙན་རྩོམ་བརྒྱབ་ཡོད་པས་སྙན་ངག་རྩོམ་པ་ལ་ཧ་ཅང་མཁས་པ་ཀུན་ལ་གསལ། དེ་ལྟ་ན་ཁོང་གི་གསུང་འབུམ་ཁྲོད་དུ་རྣམ་ཐར་དང་། འཕྲིན་ཡིག བློ་སྦྱོང་། ལེགས་བཤད། བསླབ་བྱ། མགུར་མ། དྲིས་ལན། གནས་བསྟོད། གསོལ་འདེབས་སོགས་མང་པོ་བཞུགས་པ་སྙན་ངག་སྒྱུ་རྩལ་གྱི་ཉམས་བླ་ལྷག་གིས་ཐོན་པའི་ཁྱད་ཆོས་ཡོངས་སུ་ཕྱུག ཁྱད་པར་དུ་འཕྲིན་ཡིག་གི་རྣམ་བཞག་རྒྱས་བསྡུས་གཉི་ག་ལྟ་བུ་ནི་འཕྲིན་ཡིག་གི་གཞུང་ལུགས་དག་གི་ཁྲོད་ན་ཅུང་འཐུས་སྒོ་ཚང་ལ་རྒྱས་པ། ཞིབ་ཆ་ཆེ་བ། དཔེར་སྟོན་རུང་བ། མ་ལག་ཚད་ལྡན་དུ་གྲུབ་པས་ཀུན་གྱི་འཆད་ཉན་གྱི་གཞུང་གཙོ་བོར་གྱུར་འདུག དེར་བརྟེན་མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་ཆབ་ཤོག་འཕེལ་རྒྱས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་འདུག བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་“དུས་ཐོག་དེར་རྩོམ་པ་ལེགས་པའི་ཚད་བྱེད”[20]ཅེས་གསུངས་འདུག་པར་གཞིགས་ན་ཁོང་གི་སྙན་ངག་གིས་སྐབས་ཐོག་དེར་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པ་ཡང་ཤེས་ཐུབ་བོ། །
དྲུག་པ། མཁས་པའི་གདེང་འཇོག
       སྤྱིར་མཁས་པའམ་སྙན་ངག་པ་ཆེན་པོ་ཞིག་ཡིན་པ་བརྩམས་ཆོས་ལ་བརྟེན་ནས་རྟོགས་དགོས་པ་ཆོས་ཉིད་དུ་གྲུབ་གཤིས། བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་ལ་མཚོན་ན་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་ངེས་དོན་གྱི་མཁས་པ་ཆེན་པོ་དང་། ཁྱད་པར་དུ་དབྱངས་ཅན་མགྲིན་པར་ཆགས་པའི་སྙན་ངག་སྨྲ་བའི་དབང་བོ་ཞིག་ཡིན་པ་ཁོང་གི་གསུང་འབུམ་གྱི་རིམ་པ་མཇལ་བས་རྟོགས་ནུས་པ་མ་ཟད། གཞན་སྐབས་ཐོག་དེའི་མཁས་པ་ཆེན་པོ་རྣམས་དང་ཕྱི་རབས་ཀྱི་མཁས་པ་མང་པོ་ཞིག་གིས་གདེང་འཇོག་མཛད་པ་ལས་ཀྱང་རྟོགས་ཐུབ། དཔེར་ན། “དུས་འདིར་མདོ་སྔགས་རིག་གནས་ཚ་ཟེར་འབུམ། །འཐུང་བའི་རྣམ་དཔྱོད་པད་མའི་ཁ་སྒོ་ལས། །འཆད་རྩོད་རྩོམ་པའི་གེ་སར་རྡུལ་སྐྱུགས་པས། །བློ་གསལ་བུང་བའི་དགའ་སྟོན་བསྐྲུན་ཁྱོད་རྨད། །”[21]དང་། “མཉེས་གཤིན་དང་བ་འདྲེན་པའི་ཀུན་སྤྱོད་དང་། །མཁས་པའི་ཡིད་འཕྲོག་མཚུངས་མེད་རྣམ་དཔྱོད་ཅན། །སྙིང་གི་ཐིག་ལེ་མི་ཕམ་ཟླ་བ་ཁྱོད། །དགེ་ལེགས་འོད་དཀར་ལྷམ་མེར་འཚོ་བཞེས་ཞེས། །”[22]“དབྱངས་ཅན་ངག་གི་ཟློས་གར་གསར་བའི་དཔལ། །ས་གསུམ་མྱ་ངན་མེད་པའི་རོལ་མོ་མཁན། །ཁྱོད་མགྲིན་དྲི་ཟའི་ཚལ་ལས་འདིར་ལྷགས་པ། །དེས་ཀྱང་བདག་ཡིད་བརྟན་པ་ལྷག་པར་འཕྲོག །”[23] “སྡེ་སྣོད་མང་དུ་གསན་པའི་དཀྱིལ་འཁོར་རྒྱས། །རྣམ་དག་བསླབ་པ་གསུམ་གྱི་བདུད་རྩིའི་གཏེར། །བརྡ་སྤྲོད་རིག་གནས་མཁྱེན་པའི་འོད་དཀར་ཅན། །ངག་དབང་མི་ཕམ་ཟླ་བའི་སྙན་དྲུང་དུ། །”[24] “མདོ་རྒྱུད་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་མངའ་བ་གང་གི་དྲུང་དུ”[25]ཞེས་པ་དང། «ཐུའུ་བཀྭན་གྲུབ་མཐའི»མཇུག་ཏུ“མདོ་སྔགས་རིག་གནས་མཐའ་དག་ལ་མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བ་རོང་བོ་བིའི་པ་སྤྲུལ་སྐུ་ངག་དབང་མི་ཕམ་ཟླ་བས་གཟིགས་ནས་ཀྱང་མཇུག་ཡོངས་སུ་རྫོགས་པ་ཞིག་གྲུབ་པར་གྱིས་ཞེས་ནང་མཛོད་དང་བཅས་པ་བསྐུལ་བ་ལ་བརྟེན་ནས”[26]བསྟོད་བསྔགས་ཚད་མེད་བགྱིས་པ་ལས་ད་ལྟ་རང་ཅག་གི་བགོ་སྐལ་དུ་སྨིན་པའི་གྲུབ་མཐའི་བསྟན་བཅོས་ཆེན་པོ་འདིའང་དམ་པ་ཁོང་ལ་འབྲེལ་བ་དམ་ཟབ་མཆིས་པ་ལས་རྟོགས་ཐུབ། མར་ནང་ཚང་གིས་ཀྱང་། “ངག་གི་དབང་བོར་ཡོངས་གྲུབ་དགེ་བའི་དབྱངས། །མི་ཕམ་ལེགས་བྱས་ནམ་མཁའི་ངོས་ཡངས་ལས། །ཅིག་ཅར་བཞད་པའི་གྲགས་དཀར་ཟླ་བའི་རླབས། །སྲིད་ཞིར་གཡོ་བ་གང་དེས་དགེ་ལེགས་སྩོལ། །”[27]དང་། “གཞོན་ནུའི་དུས་སུ་ངག་གི་དབང་ཕྱུག་སྒྲ་དབྱངས་ལྷ་མོའི་བསྙེན་སྒྲུབ་ལ་ཡུན་རིང་འདྲིས་པར་བྱས་པས་ལྷག་པའི་ལྷ་མོའི་དགྱེས་འཛུམ་ཞལ་གྱི་སྣང་བ་མངོན་སུམ་དུ་བསྟན་པའི་མཐུ་ལས་རབ་འབྱམས་ཤེས་བྱའི་དངོས་པོ་མཐའ་དག་སྙན་ངག་དམ་པའི་རྒྱན་དུ་འཁྱེར་བའི་སྔོན་མེད་པའི་དཎྜི་ཆེན་པོ་ཞིག་ལྷོ་རྒྱུད་འཛིན་མའི་རྒྱན་དུ་བྱུང་ངོ”[28]ཞེས་སྙན་ངག་གིས་ཟོལ་བསྟོད་དང་གཅམ་བུའི་ཚིག་ཙམ་མ་ཡིན་པར་བསྔགས་པ་དོན་དང་ལྡན་པའོ། །«མདོ་སྨད་ཆོས་འབྱུང»དུ། “སྐབས་ཐོག་དེར་རྩོམ་པ་ལེགས་པའི་ཚད་བྱེད”[29]ཅེས་བཀོད་འདུག རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་ཀྱང་། “རོང་བོ་ཕྱོགས་ནས་གནས་ལྔ་རིག་པའི་པཎ་ཆེན་མི་ཕམ་ཟླ་བ”[30]དང“ངག་དབང་མཁྱེན་པའི་གཏེར་ཆེན་ལ། །དཔལ་ལྡན་མི་ཕམ་ཟླ་བ་ཞེས། །ས་ལ་གྲགས་དཀར་གཡོ་བ་ཅན། །དེ་ཡི་ཞབས་སེན་ནོར་བུའི་དྲུང་། །”[31] “ངག་གི་འབྱུང་གནས་ལོངས་སྤྱོད་མགྲིན་པའི་སྒོ། །ཡངས་པོར་གྲོལ་བས་ཆོས་ལ་དབང་འབྱོར་ཞིང་། །ཀུན་རྨོངས་མུན་པའི་གཡུལ་ལས་མི་ཕམ་པའི། །རྒྱལ་སྲས་ཟླ་བའི་རོལ་གར་འཛིན་པ་དེར། །”[32]ཞེས་གསུངས་འདུག་གོ །ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ཞལ་ནས། “ངག་དབང་དབྱངས་ཅན་ཟླ་བ་ནོར་བུའི་འོད། །ཕྱོགས་ལས་རྣམ་རྒྱལ་མི་ཕམ་རྣམ་དཔྱོད་ཀྱི། །དཔྱིད་དུ་སྨིན་པས་སྙན་ཚིག་དྲི་བསུང་འབུམ། །ཅི་དགར་སྤྲོ་ལ་ཟླ་དང་བྲལ་བ་ཉིད། །”[33]ཞེས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལ་བིས་པ་ངག་དབང་མི་ཕམ་ཟླ་བའི་རྣམ་དཔྱོད་རྒྱས་པས་ཁོང་གི་སྙན་ངག་ལ་ས་སྟེང་ན་འགྲན་ཟླ་དང་བྲལ་ཞེས་གདེང་འཇོག་ཚད་མེད་པ་གནང་འདུག «རེབ་གོང་ཆོས་འབྱུང་གདན་ས་གསུམ་གྱི་གདན་རབས»ནང་དུ“དབྱངས་ཅན་མགྲིན་པར་ཆགས་པའི་བཤེས་གཉེན་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ”[34]དང་། «རེ་སྐོང་ཆོས་འབྱུང་སའི་ལྷ་མོ»རུ། “བིས་པ་མི་ཕམ་ཟླ་བ་ཞེས་ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ཏེ་བྱིན་གྱིས་བརླབས་ནས་དཔའ་བོ་དང་ཙན་ཌ་གོ་མི་དང་མཉམ་པའི་མཁས་པ་རྣམས་མགུ་བར་བྱེད་པའི་རྩོམ་ལ་མཁས་པར་གྲགས་པ་ཞིག་བྱོན་ཡང་སྐུ་ཚེ་ཡུན་རིང་བོར་མ་བཞུགས།”[35]ཞེས་པ་དང་།  «རོང་བོ་དགོན་པའི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ»རུ། “མཁྱེན་པའི་གཏེར་ཆེན་ངག་དབང་མི་ཕམ་ཟླ་བ”དང་“ངེས་དོན་གྱི་པཎ་ཆེན་ས་ན་རྒྱུ་བ་ལྟ་བུའི་ཟླ་བ[36] «མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ»རུ། “བིས་པ་ངག་དབང་མི་ཕམ་ཟླ་བ་ནི་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་མཁས་པའི་ཡང་རྩེ་གསུམ་གྱི་དང་བོ་བགྲངས་པར”[37]གཞིགས་ན་དམ་པ་ཁོང་ནི་དངོས་གནས་ཆུང་དུས་ནས་མཁྱེན་དཔྱོད་ཀྱི་རྩལ་རྫོགས་ཤིང་། མདོ་སྔགས་རིག་གནས་ཀུན་ལ་སྒྲོ་འདོགས་ཆོད་པ། དབྱངས་ཅན་མའི་དངོས་གྲུབ་ལ་མངའ་བརྙེས་པ། སྙན་ངག་སྨྲ་བའི་ཁྱུ་མཆོག རྒྱལ་པོའི་སྲས་པོ། ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཞིག་ཡིན་པ་གསལ་བོར་ངེས་ཤེས་འདྲོངས་ཐུབ།
མཇུག་བསྡུ་བ།
       སྤྱིར་བིས་པ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བ་ནི་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་བ་ཉམས་པ་མེད་པ་ཕྱག་ལེན་ཐེབས་པར་མཛད་པ་ཞིག་སྟེ། སྐུ་ན་གཞོན་དུས་ནས་མཁྱེན་རབ་འཇམ་དཔལ་གཞོན་ནུ་དངོས་དང་ཁྱད་པར་མ་མཆིས་པས་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ཤིང་། བྱེ་བྲག་ཏུ་མདོ་རྒྱུད་རིག་གནས་དང་བཅས་པ་ལ་གསན་སྦྱོང་མཐར་ཕྱིན་པ་མཛད། བླ་མ་དམ་པ་གོང་མའི་དབང་ལུང་མན་ངག་གི་རྒྱུན་ཡོངས་སུ་རྫོགས་པ་གསན་ཞིང་དབེན་གནས་འགྲིམས་ཏེ་ཐུགས་ཉམས་སུ་བཞེས་པས་ལུང་དང་རྟོགས་པའི་ཡོན་ཏན་ཕ་རོལ་ཏུ་སོན། དམ་པའི་རྣམ་ཐར་སྡོམ་གསུམ་ཉམས་ལེན་ལ་ཞེས་པ་ལྟར་སྡོམ་པ་གསུམ་གྱི་བཅས་མཚམས་མཐའ་དག་ཕྱག་ལེན་ཚུལ་བཞིན་གནང་བ་ཡིན། ཁྱད་པར་སྔོན་རབས་མཁས་པའི་བྱ་བར་བདག་གིར་བཞེས་ཏེ་འཆད་རྩོད་རྩོམ་གསུམ་གང་གི་ཐད་ལའང་འགྲན་ཟླ་དང་བྲལ་ཞིང་། ལེགས་བཤད་ཀྱི་རྩོམ་པ་ཤིན་ཏུ་མང་ལ། ཅི་གསུང་སྙན་ངག་ཏུ་འགྲོ་བས་ཕྱོགས་སུ་མ་ལྷུང་བར་གཟུ་བོའི་བློས་བརྟགས་ན་དམ་པ་མཆོག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གསུང་འབུམ་གྱི་རིམ་པ་ཡང་ཡང་མཇལ་ཚེ་ཁོང་གི་བརྩམས་ཆོས་དག་གི་བརྗོད་བྱ་དང་རྗོད་བྱེད་གཉི་གའི་ཐད་རྣ་བར་སྙན་ཞིང་འཇམ་པ། གོ་སླ་ཞིང་ཡིད་འཁུལ་བ། བརྗོད་བྱ་གནད་དུ་ཁེལ་ལ། ནང་དོན་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་འདུག སྒོས་སུ་ཁོང་གི་སྙན་རྩོམ་དག་གི་སྒྱུ་རྩལ་གྱི་ཉམས་འདོན་སྟངས་ཐད་རྒྱ་གར་ལྷོ་བའི་ལུགས་ཀྱི་རྩོམ་ཉམས་ཁྱད་པར་བའི་ཆ་ཀུན་ནས་ལྡན། སྐབས་དེའི་རིག་གནས་ཁོར་ཡུག་ཁྲོད་དམ་པ་མཆོག་གིས་བརྩམས་པའི་སྙན་རྩོམ་དག་གིས་ཡུལ་མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་གོ་གནས་ངེས་ཅན་ཞིག་ཟིན་ཡོད་དེ། རྩོམ་པ་ལེགས་པའི་ཚད་བྱེད་དུ་བགྲངས་པ་ནི་གཟུར་བོར་གནས་པའི་གཏམ་དུ་འཁུམས་སོ། ། མཇུག་མཐར་དཔྱད་རྩོམ་འདིའི་ནང་དུ་མ་བཤད་དང་། ཉེས་བཤད། ལོག་བཤད་སོགས་ཀྱི་སྐྱོན་གྱི་ཆ་འབྱུང་སྲིད་པས་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་ཀློག་མཁན་ཀུན་གྱིས་དགོངས་འཆར་ལྷུག་ལྷུག་སྩོལ་བར་མཁྱེན། །

དཔྱད་གཞིའི་ཡིག་ཆ།
[1] ཡོངས་འཛིན་བློ་བཟང་དཔལ་ལྡན། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས597
[2][6][27][28] རྒྱལ་བའི་སྲས་པོ་ངག་དབང་མི་ཕམ་ཟླ་བའི་གསུང་འབུམ། གླེགས་བམ་དང་པོ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་འགྲེམ་སྤེལ་བྱས། ཤོག་ངོས1.12.29.
[3][8][31][34] རྫོང་ཆུང་འཇིགས་མེད་ལུང་རིགས་རྒྱ་མཚོ། རེབ་གོང་ཆོས་འབྱུང་གདན་ས་གསུམ་གྱི་གདན་རབས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས332 .331.31.329
[4][5][33] འཇིགས་མེད་ཐེག་མཆོག རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ།  ཤོག་ངོས7. 228
[7][9][10][11][12][13][14][15] རྒྱལ་བའི་སྲས་པོ་ངག་དབང་མི་ཕམ་ཟླ་བའི་གསུང་འབུམ། གླེགས་བམ་གསུམ་པ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་འགྲེམ་སྤེལ་བྱས། ཤོག་ངོས244.256.209.271.189.298
[16] རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར། དགེ་འདུན་ཆོས་འཕེལ། ལག་བྲིས། ཤོག་ངོས19
[17] རིན་ཆེན་བཀྲ་ཤིས། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས34
[18] དབལ་མང་པཎྜི་ཏ། གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས78-79
[19] བློ་བཟང་དཔལ་ལྡན། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས9
[20] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས319
[21][22][23][24][25] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་མགུར་བསླབ་བྱ་དང་ཆབ་ཤོག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས178.187.198.297
[26] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས480
[30][31][32] རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས377.378
[33] ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་རྩོམ་པོད་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས409
[35] ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ། རེ་སྐོང་ཆོས་འབྱུང་ས་ཡི་ལྷ་མོ། རྒྱ་གར། 2005ལོ། ཤོག་ངོས173
[37] འཇིགས་མེད་བསམ་གྲུབ། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས721
འབྲེལ་ཡོད་འོས་སྦྱོར།