logo

བོད་སྐད་འདི་འགྱུར་གྱིན་གདའ། པད་མ་ཚེ་རིང་།

རྩོམ་པ་པོ།:པད་མ་ཚེ་རིང་། ཡོང་ཁུངས།:ཁྱུང་སྔོན་འཕྲིན་སྟེགས། དུས་ཚོད།:2024-10-31 ཀློག་གྲངས།:
       སྤྱིར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་འགྱུར་བ་བྱུང་ཡོད་པ་བཞིན་དུ་སྐད་ཡིག་ལའང་འགྱུར་བ་འབྱུང་བ་ཆོས་ཉིད་རེད། འོན་ཀྱང་གནའ་ནས་ད་བར་བོད་ཀྱི་དུས་རབས་རིམ་བྱུང་གི་མཁས་དབང་རྣམས་ཀྱིས་རང་གི་མིག་འབྲས་ལྟར་བརྩི་མཐོང་ཆེས་ཆེར་གནང་བས། བོད་ཀྱི་སྐད་ལ་འགྱུར་བ་གང་ལ་གང་འཚམ་རེ་བྱུང་ཡོད་ནའང་། སྐད་ཆ་དེར་ཉར་བའི་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་དང་གོམས་སྲོལ་བཟང་བོ། མེས་པོ་གོང་མ་ཚོའི་འགྲན་མེད་ཀྱི་བློ་གྲོས་དག་ནི་ཕལ་ཆེ་བ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པ་མ་ཟད། སྐད་ཆ་འདིའི་རྗོད་སྟོབས་ཇེ་ཆེར་དང་རྗོད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས། མངོན་ལྐོག་གི་ཤེས་བྱ་མཐའ་དག་ལེགས་པར་སྟོན་པ་ལ་ཐོགས་རྡུགས་གང་ཡང་མེད་པ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་། དེང་གི་དུས་ལ་སླེབས་པ་ན། གཞན་གྱིས་ཆ་ཙམ་ཡང་བསྒྲུན་དུ་མེད་པའི་བོད་སྐད་ཀྱི་ཁྱད་ཆོས་མང་པོ་ཞིག་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ལོ་རྒྱུས་ཀྱི་གར་སྟེགས་ལས་བབས་ཏེ་འབྱུང་བཞིའི་བག་ལ་ཉལ་བའི་སྟ་གོན་བྱེད་ཀྱིན་པ་ནི་ཤིན་ཏུ་ཡིད་ཕངས་པའི་གནས་ཏེ། འདི་བསམས་ཤིང་བསམས་ཤིང་སྐྱོ་བ་འཕེལ་ལོ། །
       འདིར་འགྱུར་བ་ཅུང་རྒོད་པའི་ཕྱོགས་གཙོ་བོ་ཁ་ཤས་ནས་བོད་སྐད་ཀྱི་ཁྱད་ཆོས་ཉམས་པའི་གནས་ཚུལ་ངོ་སྤྲད་དེ། དོན་གཉེར་ཅན་རྣམས་ཀྱིས་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཀུན་སློང་ཡག་པོས་འདིའི་ཐད་ལ་རྟག་ཏུ་ཐུགས་གཞིག་གནང་དགོས་པར་འབོད་སྐུལ་བྱ་རྒྱུ་ཡིན།
གཅིག བྱ་བའི་མིང་གི་གཟུགས་འགྱུར་ཇེ་ཉུང་དུ་འགྲོ་བ།
       སྤྱིར་གནའ་བོའི་བོད་སྐད་དམ་ཡིག་སྐད་དུ་བྱ་བའི་མིང་ལ་གཟུགས་འགྱུར་མང་ཡང་། སྐད་གདངས་ཀྱི་འཕོ་འགྱུར་དང་ཡུལ་སྐད་ཀྱི་ཤུགས་རྐྱེན་སོགས་ཀྱི་དབང་གིས་བྱ་བའི་མིང་རང་སྟེང་གི་དུས་ཀྱི་ཁྱད་པར་སྟོན་པའི་ནང་འགྱུར་ཅན(屈折型)གྱི་ཁྱད་ཆོས་དག་ཀྱང་རིམ་གྱིས་ཉམས་པ་ནི་སྐད་གསར་བཅད་ཀྱི་སྐབས་སུ་བོད་སྐད་དུ་ད་དྲག་གི་སྒྲ་མ་ཐོན་པས་ཡིག་སྐད་དུའང་བསྡུས་པ་དང་འདྲ་ལ། “རྒྱུན་མཐོང་གི་བོད་ཡིག་བྱ་ཚིག་ལ་གཟུགས་འགྱུར་ཅན་ཕལ་ཆེར་དྲུག་བརྒྱ་བདུན་བརྒྱ་ཡོད་པ་དང་། ད་ལྟའི་བོད་སྐད་ལས་ཨ་མདོའི་སྐད་དུ་ཉིས་བརྒྱ་ཡས་མས་དང་། དབུས་གཙང་སྐད་དུ་བརྒྱ་ལྷག་ལས་མེད་པས་ཁྱད་པར་ཧ་ཅང་ཆེ། གཟུགས་འགྱུར་བཞི་ལྡན་དང་གསུམ་ལྡན་གྱི་བྱ་བའི་མིང་ཧ་ལམ་སུམ་བརྒྱ་བཞི་བརྒྱ་ཡོད་ཀྱང་། ད་ལྟའི་བོད་སྐད་དུ་གཟུགས་འགྱུར་གསུམ་ཅན་གྱི་བྱ་བའི་མིང་ནི་ཨ་མདོའི་ཡུལ་དུ་དར་ལག་ས་ཆ་ཆེས་མང་ན་ཡང་དྲུག་ཅུ་བདུན་ཅུ་ལས་མེད།”(《藏语动词屈折形态的结构及其演变》瞿霭堂)དེ་བཞིན་དུ་ད་ལྟའི་ཡིག་རྩོམ་ཕལ་ཆེ་བར་མཉན་དང་གཟུང་། འཕམ། གཟུགས། གདགས། གཞུག དབབ། བྲི་སོགས་བྱ་བའི་མིང་གི་ཡིག་གཟུགས་མང་པོ་ཞིག་མི་འབྲི་བའི་གནས་ཚུལ་ནི་མངོན་སུམ་དུ་མཆིས། དེར་མ་ཟད་དེང་གི་མིང་མཛོད་ལ་ལར་ཡང་བྱ་བའི་མིང་གི་གཟུགས་འགྱུར་ཁག་ཅིག་ངག་ཐོག་ཏུ་མེད་པ་རྒྱུ་མཚན་དུ་བྱས་ནས་མ་བསྡུས་པ་ལ་གནོད་པ་ལས་ཕན་པ་ཕྲ་མོ་ཙམ་ཡང་མེད་སེམས་སོ། །དེ་ཡང་འཇུ་མི་ཕམ་མཆོག་གིས་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་པར། སྒྲའི་ང་རོ་ཚུལ་བཞིན་ཐོན་པའི་བརྗོད་པ་རྣམས་ལ་ར་མགོ་དང་ས་མགོ་སོགས་ཁྱད་མེད་པ་ལྟ་བུར་སྣང་ཡང་། ཡིག་གཟུགས་བྲིས་པ་ལ་ནི་ཁྱད་ཆེ་སྟེ། དག་ཡིག་ཤེས་པ་རྣམས་ཀྱིས་མཐོང་བ་ཙམ་དོན་ལ་ངེས་པ་འདྲེན་ནུས་པ་ཡིན། ཞེས་གསུངས་པ་ནང་བཞིན། ཁ་སྐད་དུ་མི་སྤྱོད་ནའང་། འདིའང་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཡིན་པས། ཡིག་སྐད་དུ་མཁས་པ་སྔ་མ་ཚོའི་ཕྱག་སྲོལ་གྱི་རྒྱུན་བསྐྱངས་ནས་དུས་གསུམ་གྱི་ཁྱད་པར་ལྟར་ཡིག་གཟུགས་ཀྱང་གང་ལ་གང་འཚམ་རེ་བྲིས་ན་སུམ་རྟགས་ཀྱི་དགོངས་པ་དང་མཐུན་ཞིང་བོད་ལ་སྤྱི་སྐད་ཆགས་པར་ཡང་དགེ་མཚན་ཆེ་སྙམ་མོ། །
གཉིས། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་མི་འབྱེད་པ།
       དེང་རྩོམ་མང་པོ་ཞིག་ཏུ་བོད་སྐད་ཀྱི་བྱ་བའི་མིང་གི་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་མི་འབྱེད་པའི་ཚུལ་ནི་ག་ས་གང་དུ་མཐོང་རྒྱུ་ཡོད་དེ། དཔེར་ན་སྤར་དང་འཕར། བསྒྱངས་དང་འགྱངས། གཏུག་དང་ཐུག བརྟོལ་དང་བརྡོལ། བསྟུན་དང་མཐུན། གཏིག་དང་འཐིག སྟོབ་དང་འཐོབ། སྡུམ་དང་འདུམ། སྤེལ་དང་འཕེལ། དཔྱང་དང་འཕྱང་། འཕྲལ་དང་འབྲལ། སྦར་དང་འབར། སུབ་དང་ཟུབ། བསླད་དང་ལད། སྤུང་དང་འཕུང་། གཟད་དང་ཟད། སྡོམ་དང་འདོམ། སྤག་དང་འཕག བགོར་དང་འགོར། སྡར་དང་འདར། སྙུང་དང་ཉུང་སོགས་སོ། །འདི་དག་ལས་སྔ་མ་སྔ་མ་བྱེད་པོ་གཞན་དང་འབྲེལ་བའི་བྱ་བའི་མིང་དང་ཕྱི་མ་ཕྱི་མ་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཡིན། དིང་སང་མང་པོས་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གཅིག་པུ་བེད་སྤྱད་ནས་གཉིས་ཀའི་གོ་ཆོད་པར་བྱས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་སྟེ། མ་གཞིར་བྱ་བའི་རིགས་འདི་གཉིས་ལ་སྒྲ་རྩོལ་དྲག་ཞན་དང་གཟུགས་འགྱུར་མང་ཉུང་། བྱ་ཡུལ་ཡོད་མེད། བྱེད་སྒྲ་སྦྱོར་མི་སྦྱོར།  སྐུལ་ཚིག་འཇུག་མི་འཇུག མིང་གཞི། སྔོན་འཇུག རྐྱང་བརྩེགས་སོགས་ཕྱོགས་དུ་མར་མི་འདྲ་ས་ཡོད་པ་དང་། ཚིག་གི་སྦྱོར་བ་དངོས་ལ་ཞུགས་པའི་ཚེ། གཅིག་ལ་བརྗིད་པ་དང་ཤུགས་དྲག་པའི་ཉམས་ཐོན་པ་དང་། ཅིག་ཤོས་ལ་མཉེན་པ་དང་འཇམ་པའི་ཉམས་ཐོན་པས། དོན་གྱི་ཆ་རུ་མཚུངས་ས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་གཅིག་ཚབ་གཅིག་གིས་བྱེད་པ་ནི་ཤིན་ཏུ་མི་འོས་ཏེ། བོད་སྐད་ཀྱི་ཁྱད་ཆོས་ཉམས་པས་མི་ཚད། ཀློག་མཁན་རྣམས་ལ་གོལ་ས་བསྐྱེད་པས་ཚིག་དོན་གྱི་གོ་བ་ཡང་ཇི་བཞིན་ལོན་དཀའ་འོ། །
གསུམ། དངོས་པོ་བདག་གཞན་གྱི་རྣམ་གཞག་ལ་བརྩི་མཐོང་མེད་པ།
       དངོས་པོ་བདག་གཞན་གྱི་རྣམ་གཞག་འདི་ནི་རང་རེའི་རྟགས་འཇུག་གཞུང་གི་དཀའ་གནད་ཡིན་ལ། ངེས་ན་དོན་ཆེ་བ་ཞིག་ཀྱང་ཡིན། འོན་ཀྱང་ཡིད་ཕངས་པ་ཞིག་ལ། དེང་དུས་ཀྱི་རྩོམ་ཡིག་མང་པོར་དངོས་པོ་བདག་གཞན་གྱིས་ཤེད་ཤུགས་འདོན་པའི་སྣང་བརྙན་ནི་ཤིན་ཏུ་མཐོང་དཀའ་བའི་ཚོད་དུ་འདུག དཔེར་ན་བཏུང་ཆུ་ལ་འཐུང་ཆུ་ཟེར་བ་དང་། སྒོ་སྲུང་དང་ནགས་སྲུང་། ཁོར་སྲུང་། ཉ་སྲུང་། མགོ་འཁྲིད་སོགས་ལ་རིམ་པ་ལྟར་སྒོ་སྲུང་བ་དང་ནགས་སྲུང་བ། ཁོར་སྲུང་བ། ཉ་སྲུང་བ། མགོ་འཁྲིད་པ་ཞེས་དགོས་མེད་ཀྱི་བདག་སྒྲ་ཞིག་བསྣན་པ་ནི་སྲུང་དང་འཁྲིད་སོགས་བྱ་བའི་མིང་གི་ད་ལྟ་བའི་གཟུགས་འདི་དག་རང་སྟེང་ན་བྱེད་པ་པོ་སྟོན་པའི་ནུས་པ་ཡོད་པ་མ་ཤེས་པས་དངོས་པོ་བདག་གཞན་གྱི་བསྟན་དོན་ལ་རྨོངས་པའི་རྟགས་སོ། །སྤྱིར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུའང་སྒོ་སྲུང་དང་མགོ་འཁྲིད་ཅེས་མི་མང་གི་ཁ་ན་རླུང་ལྟར་གྲག་ནའང་ཡིག་རྩོམ་དུ་པ་བའི་སྒྲ་ལྷག་མ་ཞིག་འབྲི་བ་ནི་སླ་མོ་དཀའ་མོར་གཏོང་བའི་ལས་སུ་ཟད་དོ། །བདག་གཞན་བྱ་བྱེད་ལས་གསུམ་སོགས་ཀྱི་རྣམ་གཞག་བཏོད་པ་ལ་རྟེན་འབྲེལ་གྱི་གནས་ལུགས་འདི་འདྲ་མཆིས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །གལ་ཏེ་འབྲས་བུ་ཡོད་མིན་ན། །ཟ་བ་བོ་ལྟ་ག་ལ་ཡོད། །ཅེས་དང་། དབུ་མ་རྩ་བ་ཤེས་རབ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་སོགས་གསུངས་པའི་ཕྱིར་དང་། བརྡ་སྤྲོད་སྨྲ་བ་ལྕགས་ཐར་རྒྱལ་ལགས་ཀྱིས་བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག་ཏུའང་། “བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན་གྱི་རྟེན་འབྱུང་གི་རིག་པ་ལ་བློ་འབྱོངས་པར་གྱུར་ན། ནང་བའི་ལྟ་གྲུབ་ཀྱི་སྙིང་པོར་གྱུར་བའི་དོན་ལ་བློ་རིམ་གྱིས་བཀྲི”ཞེས་སོགས་གསུངས་པ་ལས་ངེས་ཤེས་འདྲོང་ངོ་། །
བཞི། མིང་གི་གོ་རིམ་སྣང་མེད་དུ་བཞག་པ།
       རང་རེའི“བོད་སྐད་ཀྱི་སྦྱོར་བ་ནི་འཇིག་རྟེན་གྱི་དངོས་པོ་དག་གི་གྲུབ་འབྱུང་དང་མཐུན་པར་སྦྱར་བའི་སྔ་རྒྱུ་ཕྱི་འབྲས་ཀྱི་སྦྱོར་བ་ཅན་ཞིག་ཡིན”(བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་ཞེས་པའི་ཤོག་ངོས421ན་གསལ)པས། ནམ་རྒྱུན་གྱི་ཁ་བརྡའམ་རྩོམ་འབྲི་བ་སོགས་གང་གི་སྐབས་སུའང་ཚིག་གི་གོ་རིམ་ལ་ལྷག་ཏུ་ཡིད་འཇོག་བྱ་དགོས་ཏེ། དེ་ལྟ་མིན་ན་བོད་མིའི་བསམ་བློ་གཏོང་སྟངས་དང་མི་མཐུན་ཞིང་གཞན་གྱིས་གོ་བ་ལེན་པར་ཡང་མི་འདོད་བཞིན་དུ་གོལ་ས་བསྐྱེད་སྲིད་དོ། ད་ལྟར་ང་ཚོས་ཇི་མི་སྙམ་པར་བེད་སྤྱོད་ཅིང་བློ་ངོར་འགྲིག་འགྲིག་ལྟར་སྣང་བའི་སྦྱོར་བ་མང་པོ་ཞིག་དོན་གྱིས་བོད་སྐད་ཀྱི་གོ་རིམ་མིན་ཏེ་དཔེར་ན། སྟོབས་ལྡན་རྒྱལ་ཁབ། ཚད་ལྡན་ཡིག་ཆ། ཁྱད་ལྡན་ཐོན་ལས། དབུལ་ཕོངས་ཁྱིམ་ཚང་། སྤུས་ལེགས་ཐང་ག གསར་བསྐོས་ལས་བྱེད། གཞོན་སྐྱེས་གླུ་བ། གསར་དར་ཐོན་ལས། གཙོ་གནད་ལས་གཞི། ཁུངས་བཙན་སྤྱི་བསྒྲགས། གསུམ་བཟང་སློབ་མ། ཕུལ་བྱུང་དགེ་རྒན། ཟླ་ཟེར་དུས་དེབ། བཀྲ་ཤིས་དགེ་རྒན་སོགས་བགྲང་གིས་མི་ལང་བ་དགོད་རྒྱུ་ཡོད་པ་དང་། གནས་ཚུལ་འདི་ད་དུང་ཇེ་བས་ཇེ་ཐུར་འགྲོ་བཞིན་ཡོད་པས། མྱུར་དུ་ཡོ་བསྲང་མ་བྱས་པར་རྒྱ་ཡན་དུ་བཏང་ན། ནམ་ཞིག་བོད་སྐད་ཟེར་བའང་ཐུན་མིན་གྱི་ཁྱད་ཆོས་མེད་ཅིང་བོད་མིའི་གོམས་སྲོལ་དང་མི་མཐུན་པའི་སྐད་རིགས་ཡན་གར་བ་ཞིག་ཏུ་འགྱུར་ཉེན་ཆེའོ། །
ལྔ། བྱ་བའི་མིང་རྐྱང་བས་གྲུབ་པའི་མིང་འདུས་མའི་གནད་དོན།
       སློབ་སྦྱོང་དང་བཀོལ་སྤྱོད། སྐུལ་འདེད། འདེགས་སྐྱོར་སོགས་དོན་ཉེ་བའི་བྱ་བའི་མིང་རྐྱང་བ་གཉིས་ཀྱིས་མིང་འདུས་མ་གཅིག་སྒྲུབ་པ་ནི་སྐད་རིགས་མང་པོ་ཞིག་གི་འཕེལ་འགྱུར་གྱི་སྣང་ཚུལ་དུ་འཁུམས། ཡིན་ཡང་བོད་སྐད་ནི་རྒྱ་སྐད་དང་མི་འདྲ་བར་བྱ་བའི་མིང་གཅིག་གིས་ཀྱང་བྱ་བའི་དོན་ཆ་མཚུངས་སྟོན་ཐུབ། བརྒྱ་ལ་མིང་འདུས་མ་བཀོལ་ནའང་། ཁ་ཅིག་ནི་གཞན་སྐད་ཀྱི་ཤན་ཞུགས་པའམ་གཞན་སྐད་ལ་བསྟུན་ཆེས་པས། རང་སྐད་ཀྱི་གཏན་ཚིགས་ཉམས་ཤིང་བསྟན་དོན་མེད་པའི་སྦྱོར་བ་རེད་དེ། དཔེར་ན་འཛིན་བཟུང་བྱེད་ལྟ་བུ་ད་ལྟ་བ་དང་འདས་པ་གཉིས་མཉམ་དུ་སྦྱར་བའི་སྟེང་ལ་བྱེད་ཅེས་དུས་སྟོན་པའི་ཚིག་གྲོགས་ཞིག་སྦྱར་བ་ལ་གོ་རྒྱུ་ཅི་ཡང་མེད་ཅིང་བོད་སྐད་བརླག་པའི་རྒྱུ་ཁོ་ནར་ཟད་དོ། །དེ་བཞིན་དུ་རྒྱུན་འཁྱོངས་བྱས་ཞེས་པ་ལྟ་བུའང་བོད་སྐད་རྣལ་མ་ལ་སྦྱོར་སྲོལ་མེད་ཅིང་མིང་སྒྲུབ་ཀྱི་རྩ་དོན་དང་ཡང་འགལ་ཏེ། རྒྱུ་མཚན་ནི་འཁྱོངས་ནི་བྱས་འབྲས་སྟོན་པའི་ལས་ཚིག་ཡིན་ཞིང་དེའི་རྗེས་སུ་བྱས་ཞེས་པ་ཐད་ཀར་སྦྱར་བ་ནི་འཇིག་རྟེན་གྱི་གནས་ལུགས་དང་མི་མཐུན་པའི་གཏན་ཚིགས་ཀྱིས་དབེན་པའི་སྦྱོར་བ་འབའ་ཞིག་གོ །
དྲུག བྱས་འབྲས་ལས་ཚིག་མི་སྤྱོད་པ།
       བྱ་བའི་མིང་གི་ཁྲོད་ན་ཤོད་དང་ཆོད་དང་གྲུབ་དང་འཁྱོངས་དང་སོས་དང་གྲུབ་དང་ཐོངས་སོགས་བྱས་འབྲས་སྟོན་པའི་ལས་ཚིག་ཅེས་པ་ཞིག་མངའ་བ་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པ་དང་གཞན་གྱིས་བསྒྲུན་དུ་མེད་པའི་ཁྱད་ཆོས་ཤིག་ལགས་པས། བོད་སྐད་ཀྱི་སྦྱོར་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱས་རྗེས་ཆེ། ཡིན་ནའང་དེང་སང་རྩོམ་འབྲི་བའམ་ལོ་ཙཱ་བྱེད་པ་སོགས་གང་གི་སྐབས་སུའང་བྱས་འབྲས་སྟོན་པའི་ལས་ཚིག་ཚད་ལྡན་དུ་སྤྱོད་མཁན་ནི་ཉིན་མོའི་སྐར་མའི་རྗེས་སུ་སོང་བས། བསམས་ཤིང་བསམས་ཤིང་ཕངས་སེམས་སྐྱེས།
བདུན། འབྲེལ་སྒྲ་འཇོག་དགོས་སར་བཞག་མེད་པ།
       ད་ལྟར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་དངུལ་ཁང་། ཨ་མདོ་བརྙན་འཕྲིན། ཐེ་བོ་རིན་ཆེན། ཨེ་ཤ་ཡ་གླིང་། ཀན་ལྷོ་ས་ཆ། ཅོ་ནེ་གསར་འགྱུར། གུ་གེ་རྒྱལ་རབས། སྒྲོལ་མ་ལྷ་ཁང་། ཀྲུང་གོ་བོད་ཟས། ལྷ་མོ་ཟ་ཁང་སོགས་འབྲེལ་སྒྲ་སྦྱར་དགོས་ས་མང་པོ་ཞིག་ལ་གཞན་སྐད་ཀྱི་རྗེས་འབྲངས་ནས་མི་འཇོག་པ་ནི་བོད་སྐད་འགྱུར་གྱིན་པའི་རྟགས་ཏེ། རང་སྐད་ཀྱི་གོམས་སྲོལ་ལྟར་ན་ཆོས་བརྗོད་ཀྱི་སྒྲ་སྔོན་དང་ཆོས་ཅན་བརྗོད་པའི་སྒྲ་རྗེས་སུ་འཇོག་དུས་དེ་གཉིས་ཀྱི་བར་དུ་འབྲེལ་སྒྲ་ཞིག་ངེས་ཅན་དུ་སྦྱར་དགོས་ཏེ། མ་སྦྱར་ན་དོན་ལ་གོ་རྒྱུ་མེད་པ་མ་ཟད། ལན་རེར་མིང་དང་མིང་གི་མཚམས་ཀྱང་དབྱེ་དཀའོ། །དེང་སྐབས་མང་པོ་ཞིག་གིས་འབྲེལ་སྒྲ་མ་བཞག་ན་འགྲིག་ཟེར་བ་དོན་དུ་གཞན་སྐད་ཀྱི་ཤན་ཞུགས་པས་ཡིན་པ་དང་། གལ་སྲིད་བོད་སྐད་ཁོ་ན་ལས་སྐད་རིགས་གཞན་པ་གང་ཡང་མི་ཤེས་མཁན་ཞིག་ལ་བལྟ་རུ་འཇུག་ན། འབྲེལ་སྒྲ་མེད་པ་དེ་ཁོའི་བློ་ངོར་དགོད་བྲོ་བ་ཞིག་དང་མི་བདེ་བ་ཞིག་ཡིན་པ་ཐག་ཆོད་དོ། །
མཇུག་སྡུད་པ།
       དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་ཆ་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་པ་སོགས་ཀྱང་ཐ་དད་དུ་སོང་སྟེ། ཞེས་དང་། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་བོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ཞེས་སོགས་དང་། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས། གང་ཞིག་ཚིག་ལ་ཐེ་ཚོམ་ཟ་གྱུར་བ། །དེ་ཡི་དོན་ནི་ཇི་ལྟར་རྟོགས་པར་འགྱུར། །ཞེས་དང་། རྡོ་སྦིས་དགེ་བཤེས་མཆོག་གིས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་དང་། གཞན། གང་ན་ཡི་གེ་འཆལ་འཆོལ་དུ་གནས་པ་དེ་ན་བསྟན་པའང་འཆལ་འཆོལ་དུ་གནས། ཞེས་སོགས་གསུངས་པ་ནི་སེམས་ལ་འཛིན་རྒྱུའི་ཚིག་གོ །
       སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པས། སྐད་རིགས་ཤིག་ཀྱང་རྟག་བརྟན་ཐེར་ཟུག་ཏུ་མི་འགྱུར་བར་གནས་པ་ནི་ཆོས་ཉིད་དང་མི་མཐུན་ནའང་། མཁས་པ་སྔ་མ་སྔ་མའི་ཕྱག་སྲོལ་གྱི་རྒྱུན་ཅི་ཐུབ་ཀྱིས་སྐྱོང་ན། ཡིག་སྐད་དང་ཁ་སྐད་ཀྱི་བར་ཐག་ཇེ་ཉེར་གཏང་ཐུབ་པ་མ་ཟད། རང་རེ་རྣམས་ལ་སྤྱི་སྐད་ཆགས་པར་ཡང་ཕན་པ་ངེས་ཅན་ལྡན་པའི་ཕྱིར་ན། སྐད་ཡིག་རིག་གནས་ཀྱི་བྱ་བ་སྒྲུབ་མཁན་སུ་དང་གང་ཞིག་ཡིན་རུང་། དུས་རབས་རིམ་བྱུང་གི་བརྩམས་ཆོས་གྲགས་ཅན་དང་ཚབ་མཚོན་ཅན་དག་ལ་རྒྱུན་དུ་བཀླགས་ཏེ་དེ་དག་ལས་བོད་སྐད་རྣལ་མའི་ཚོར་བ་བཙལ་རྒྱུ་ནི་གནད་ཀྱི་དོན་པོར་སེམས་སོ། །
འབྲེལ་ཡོད་འོས་སྦྱོར།