logo

༄༅། །བླང་དོར་གྱི་གནད་ཤེས་རྒྱུ་ནི་ཧ་ཅང་གཙོ།

རྩོམ་པ་པོ།:ཨ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-05 ཀློག་གྲངས།:
༄༅། །བླང་དོར་གྱི་གནད་ཤེས་རྒྱུ་ནི་ཧ་ཅང་གཙོ།
ཨ་སྨྱོན།

       “བླང་དོར”ཞེས་པའི་ཡིག་འབྲུ་གཉིས་པོ་སློབ་མའི་དུས་ནས་ཤེས་ཤིང་སྤྱད་དེ་དུས་ཡུན་རིང་བོ་ཞིག་འགོར་སོང་། འོན་ཀྱང་ཡིག་འབྲུ་དེ་གཉིས་ཀའི་རིན་ཐང་དང་ཟབ་ཚད། གལ་ཆེན་རང་བཞིན་བཅས་ནི་བྱ་བར་ཞུགས་པ་དང་། སྒོས་སུ་རྟ་མོག་མོག་གི་སྤུ་ལྟར་དབྱེ་འབྱེད་ཅུང་དཀའ་ཞིང་། སྡོམ་སྲིན་བུ་ཡི་རྒྱ་ལྟར་གབ་སྦས་ཀྱི་ཚུལ་དུ་བདོག་པའི་སྤྱི་ཚོགས་འཚོ་བ་ལས་གཞི་ནས་ངེས་ཤེས་ཇེ་གསལ་དུ་སོང་བས། བསླབ་ལ་བརྩོན་པའི་སློབ་མ་དག་ལ་མཚོན་ན་ཆུང་དུས་ནས་བླང་དོར་གྱི་གནད་ཤེས་རྒྱུ་ནི་ཧ་ཅང་གཙོ།
       སྤྱིར“བླང་དོར”ཞེས་པར་ཚིག་མཛོད་དང་དག་ཡིག་ཁག་ཏུ་འགྲེལ་བ་དུ་མ་མཆིས་ཏེ། «བོད་རྒྱ་ཚིག་མཛོད་ཆེན་མོ»རུ“ཚུར་བླང་བྱ་དང་ཕར་དོར་བྱ”ཞེས་འགྲེལ་བ་སྟབས་བདེ་རེ་གནང་ཡོད་ལ། «དག་ཡིག་གསར་བསྒྲིགས»སུ“བླང་བྱ་དང་དོར་བྱ་ཞེས་པའི་ཚིག་བསྡུས་པ་སྟེ། བླང་དོར་གྱི་གནས་ལ་མཁས་པ(གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བའི་དོན་ལ་མཁས)ཞེས”བཀོད་ཐོག གུག་རྟགས་ནང་དུ་འགྲེལ་བ་གསལ་བོ་ཞིག་ཀྱང་གནང་འདུག འགྲེལ་བ་སྟབས་བདེ་དང་འགྲེལ་བ་ཁ་གསལ་གང་ཡིན་ཆོག་སྟེ། དོན་གྱི་རྡོག་པོ་ནི་ཆོས་འཇིག་རྟེན་གང་གི་ཐད་ལེན་འོས་པ་རྣམས་བླང་བར་བྱ་ལ། དོར་འོས་པ་རྣམས་འདོར་དགོས་ཞེས་པ་དེའོ། །
       རང་ལ་མཚོན་ན་ཆོས་ཀྱི་ཤེས་བྱ་ནི་ལོང་བ་ཐང་དཀྱིལ་དུ་ལུས་པ་དང་འདྲ་བས་སྨྲ་བའི་སྤོབས་པ་བྲལ་ལ། འཇིག་རྟེན་མི་ཆོས་ཀྱི་དྲང་ཐད་ནས་དོན་གྱི་གནད་དེར་བསམ་པ་ཙམ་གྱིས། དེ་ནི་བསླབ་བྱ་དང་ལེགས་བཤད་སོགས་དང་འབྲེལ་བ་དམ་ཟབ་ལྡན་པ་གསལ་བོར་རྟོགས་ནུས། བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་སུ་བསླབ་བྱ་དང་ལེགས་བཤད་ནི་ཟབ་ཅིང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་ཤིན་ཏུ་མོད་དེ། «ས་སྐྱ་ལེགས་བཤད»དང«དགེ་ལྡན་ལེགས་བཤད» «ཆུ་ཤིང་གི་བསྟན་བཅོས» «གུང་ཐང་བསླབ་བྱ» «རྒྱལ་པོ་ལུགས་ཀྱི་བསྟན་བཅོས» «ཁ་ཆེ་ཕ་ལུ»སོགས་འཛམ་གླིང་མི་རིགས་གཞན་ལ་ངོམ་དུ་རུང་བའི་བསྟན་བཅོས་རིན་ཐང་ལྡན་པ་མང་པོ་མཇལ་དུ་ཡོད་ལ། བསླབ་བྱ་དང་ལེགས་བཤད་དེ་དག་གི་བརྗོད་བྱའང་མདོར་དྲིལ་ན་བླང་དོར་གྱི་གནད་ཕྱེ་བ་དང་ལུགས་གཉིས་ཀྱི་སྲོལ་སྐྱོང་ཚུལ། བྱ་བའི་འཇུག་ལྡོག་དང་མཁས་བླུན་བརྟག་ཚུལ་སོགས་གསོན་ཉམས་ལྡན་པའི་དཔེ་སྣ་ཚོགས་ཀྱི་སྒོ་ནས་སྟོན་པ་ཞིག་ཡིན་པས། ང་ཚོ་ཕྱི་རབས་པ་དག་ལ་མཚོན་ན་མེས་པོ་གོང་མ་རྣམས་ཀྱིས་ཇི་འདྲའི་བསླབ་དེབ་དཔེ་མེད་པ་མང་པོ་བགོ་སྐལ་དུ་བསྩལ་ནས་ཡོད།
       ཡིན་ནའང་། དུས་ཀྱི་མར་གཤམ་ཞེ་ནའང་འདྲ། མི་རིགས་གཞན་གྱི་གོམས་གཤིས་ངན་པ་རྒྱུད་ལ་འདྲེས་ཞེས་ཀྱང་ཆོག ད་དུང་མེས་པོ་གོང་མ་དག་གི་བསླབ་སྟོན་གྱི་མེ་ལོང་དྭངས་མར་ལྟ་གྲངས་ཉུང་བའམ། ཡང་ན་བལྟ་རྒྱུ་བརྗེད་སོང་ཞེས་བརྗོད་ཀྱང་བླ། རང་གི་ཉེ་འཁོར་གྱི་མི་དང་དེ་མིན་སྤྱི་ཚོགས་འབྲེལ་འདྲིས་ལས་བྱུང་བའི་མི་སྐོར་ཞིག་ལ་མཚོན་ན་བླང་དོན་གྱི་ཆར་ཤིན་ཏུ་རྨོངས་འདུག་སྟེ། རྨོངས་པའི་རྐྱེན་གྱིས་དེ་དག་ནི་ས་སྐྱ་པཎྡིཏ་ཀུན་དགའ་རྒྱལ་མཚན་གྱི«ལེགས་བཤད་འཕྲུལ་གྱི་དྲྭ་བ»རུ“བཟང་པོའི་དོན་མི་བྱེད། ངན་པའི་ཡ་བ་བྱེད”ཅེས་གསུངས་པ་ནང་བཞིན། “ཡ་བ”ཚོས“ངན་པ”དག་མགོ་ཡི་ཞྭ་ལྟར་བཀུར་བ་དང་། “ངན་པ”དག་གིས“ཡ་བ”རྣམས་གཡོ་སྒྱུས་མཐའ་རུ་བཀུགས་ཏེ། ནམ་རྒྱུན་བསམ་བློ་ཀུན་སྤྱོད་ཀྱི་ཚད་མཐོ་ཞིང་། ཤེས་བྱ་ཡོན་ཏན་གྱི་མཛོད་འཛིན་པ། སྤྱི་ཕན་གྱི་ལས་ལ་ཤིན་ཏུ་འགྲུས་ཤིང་། གྲུབ་འབྲས་མངོན་དུ་མཐོ་བའི“དམ་པ”དག་གི་མགོ་ལ་རྡེག་པ་དང་ཞབས་ནས་འཐེན་པ། རྒྱབ་ནས་གཙགས་པ་བཅས་བྱས་ཏེ། སྲིད་པ་རྒད་པོའི་གཏམ་ལ“མི་གསུམ་ཁ་མཚུངས་ན། ར་མ་རྒྱ་རྒྱ་ཁྱི་རུ་བཏང་འགྲོ”ཞེས་པའི་དཔེ་བཞིན། ལེགས་ཚོགས་འབྱུང་གནས་ཀྱི་གསེར་བུམ་གང་ཞིག་ཐབས་བརྒྱ་ཇུས་སྟོང་གིས་ཐང་ལ་བརྡབ་ཅི་ཐུབ་བྱེད་པ་ནི་ཅི་འདྲའི་ཡིད་ཕངས་པའི་གནས་སུ་གྱུར་ཡོད་པ་རེད་ཨང་།
       སྤྱིར་མཁས་པ་རིམ་བྱོན་གྱི་ཤེས་རབ་ལས་མངོན་པའི་བསླབ་བྱ་ལེགས་བཤད་དང་། འཇིག་རྟེན་རྒན་པོའི་ཉམས་མྱོང་ལས་བྱུང་བའི་འབེལ་གཏམ་གཏམ་དཔེ་གང་དུའང་། རིག་པའི་གནས་ལ་བརྩོན་པས་སྦྱངས་པ་དང་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་པ་ལས། གཞི་ནས་བླང་དོར་གྱི་གནད་ཤེས་པར་འགྱུར་ཚུལ་སྨྲ་བ་མང་ཡང་། དེང་གི་ཆར་མཚོན་ན་ཡོད་ཚད་དེ་འདྲ་ཡིན་མིན་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད་དེ། རྒྱུ་མཚན་ནི་གོང་དུ་བརྗོད་པའི“ངན་པ”དང“ཡ་བ”དག་ལ་མཚོན་ན། མང་ཤོས་ཀྱིས་ཆུང་དུས་ནས་དེང་རབས་སློབ་གསོ་མྱངས་ཏེ་ནར་སོན་ལ། ད་དུང་སློབ་ཆེན་གྱི་སྒོ་ཆེན་བརྒལ་ཟིན་པའང་མང་དུ་བདོག་པས། སྤྱིར་བཤད་ན་ཁོ་ཚོ་ནི“བླང་དོར”གྱི་གནད་ཤེས་མཁན་དུ་བགྲང་ཆོག་ཆོག་ཡིན། ཡིན་ནའང་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དེ་ལྟར་མ་གྱུར་པ་དང་། མ་གྱུར་པའི་སྟེང་དུ་ད་དུང“དམ་པ”དག་ལ་གནོད་ཅི་ཐུབ་བྱེད་མཁན་དུ་གྱུར་པ་ནི་རྒྱུ་གང་དང་རྐྱེན་གང་ལས་བྱུང་བ་ཡིན་ནམ་ཞེ་ན། རྨོངས་བློར་ཤར་ཚོད་ནི“སྐྱེ་བོ་ཡོན་ཏན་ཡོད་མེད་པ། །བླང་དོར་བློ་གྲོས་ལྡན་པ་མཁས། །”ཞེས་གསུངས་པ་ནི་ཤིན་ཏུ་མད་པའི་གཏམ་སྟེ། འདི་ལས་མི་ཞིག་ལ་ཟབ་ཅིང་རྒྱ་ཆེ་བའི་ཡོད་ཏན་ཡོད་མེད་ཀྱི་ཚད་དེ་ནི། འཇིག་རྟེན་དཀར་ངོགས་སུ་གང་ནི་བླང་བྱ་དང་གང་ནི་དོར་བྱ་ཡིན་པའི་བློ་གྲོས་དེ་ལྡན་ཡོད་མེད་ལས་འཇོག་དགོས་ཚུལ་བསྟན་ཡོད་ལ། ཡང་གཅིག་བཤད་ན“བླང་དོར”གྱི་བློ་གྲོས་ལྡན་པ་དག་ནི་ཡོན་ཏན་ཡོད་པ་ཅན་ཡིན་པས་ཁྱབ་པ་དང་། ཡོན་ཏན་ལྡན་པ་མཐའ་དག“བླང་དོར”གྱི་གནས་ལ་མཁས་པའི་མ་ཁྱབ་ཚུལ་ཡང་བསྟན་ཡོད་པར་སེམས། དེ་བས་དེང་གི་སྐྱེ་བོ“ངན་པ”དང་དེའི་རྗེས་འབྲངས་མཁན“ཡ་བ”དག་ནི་ཡོན་ཏན་མེད་པའི་སྐོར་མ་ཡིན་ཏེ། ཡོད་པའི་སྐོར་ལས“བླང་དོར”གྱི་གནད་མི་ཤེས་མཁན་དེ་དག་ཡིན་པས་སོ། །
       དེ་ཡང་ཐོག་མར་ང་ཚོ་སུ་ཡིན་ཡང་བསླབ་བྱ་ལེགས་བཤད་རྨད་དུ་བྱུང་བ་དེ་དག་གཙོ་བྱས་པའི་རིག་པའི་གནས་གཞན་དག་ལའང་ཕྱོགས་རིས་མེད་པར་སློབ་སྦྱོང་བྱས་ཏེ་རང་གི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་ཐོག ཤེས་བྱ་ཇི་སྙེད་རང་གི་རྒྱུད་ལ་ལེན་རྒྱུ་གཙོ་ཆེ་ལ། ད་དུང་དེ་དག་སྤྱི་ཚོགས་འཚོ་བ་དངོས་དང་སྦྱར་ཏེ། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དག་གི་བསམ་སྦྱོར་ལ་དཔྱད་ཞིབ་བྱ་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བ་ཡིན། འཇིག་རྟེན་ཁ་དཔེར“མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ”ཟེར་བའི་དཔེ་བཞིན། མི་ནི་མཐོ་རིམ་སྲོག་ཆགས་ཡིན་པས། བསམ་པའི་དྲན་རིག་རྒོད་ཅིང་སྦྱོར་བའི་མདུང་རྩེ་རྣོ་བར་བརྟེན། མི་དྲན་པ་ཅི་ཡང་མེད་ལ་མི་ལས་པ་གང་ཡང་བྲལ། དེ་བས་སྤྱིར་བཏང་དུ་རྗེ་ས་པཎ་གྱི་གསུང་ལས་དགར་བའི་སྐྱེ་བོ“ངན་པ”དེ་དག་ཐོག་མ་བྱས་ནས་འཁྲབ་སྟེགས་སུ་འབུད་ངེས་པ་རེད། དེ་དག“ངན་པ”ཡིན་ཚུལ་ནི་ཐོག་མར་ཁོ་ཚོ་དྲང་ཕྱོགས་མ་ཡིན་པར་ལྡོག་ཕྱོགས་ཀྱི་ཤེས་རབ་ངེས་ཅན་ལྡན་པའི་སྐོར་ཏེ། རྒྱུན་པར“ང”གཙོ་བོ་བྱས་ཐོག“ངའི་ཁེ་ཕན”འགྲུབ་ཆེད་བསམ་སྦྱོར་ངན་པ་སྣ་ཚོགས་སྤེལ་བ་སྟེ། དེ་དག་གིས“ཡ་བ”ཚོ་འདེམ་དུས་ཀྱང་ཕ་རོལ་པོ་ནི་རང་གི་ཉེ་འབྲེལ་དང་གཉེན་འབྲེལ་ལམ། ཡང་ན་ཡུལ་ཕྱོགས་གཅིག་པ་དང་གྱང་ཁའི་རྩྭ་ལྟར་ཡོ་སླ་བ་དག་བདམས་པར་བྱེད་ཅིང་། དེ་དག་ལ་ཕན་པ་ཅུང་ཟད་བསྒྲུབས་པའི་རྨང་གཞིའི་སྟེང་། ཟས་སྟོན་འོས་འཚམ་རེ་སྦྱར་ལ་བསྟོད་པ་དེ་ལྷག་རེ་བགྱིས་པ་དང་འབྲེལ་ནས། རང་གི་མགོར་ཤོར་ཟིན་པ་དང་ཡང་ན་མ་འོངས་པར་ཤོར་ངེས་ཅན་གྱི“དམ་པ”དག་ལ་ངན་སྨོད་སྣ་ཚོགས་བྱས་པ་བརྒྱུད། རང་གི་འཇོན་ནུས་སྣ་ཚོགས་འུད་དུ་བསྒྲགས་ནས་འདོད་དོན་འགྲུབ་པར་བྱེད་བཞིན་ཡོད།
       བརྒྱུད་རིམ་དེ་ནི་ཆེས་གཟབ་འོས་ཀྱི་དུས་རིམ་སྟེ། དུས་རིམ་དེའི་ནང་ལས་དང་པོ་བ་ཚོ་ནམ་རྒྱུན“ངན་པ”དག་གི་གཡོ་འོག་ཏུ་ཚུད་བཞིན་ཡོད་ཅིང་། ཚུད་ཟིན་ཚེ་དེ་ནི“བླང་དོར”གྱི་གནད་མི་ཤེས་མཁན་ཏེ། གོང་དུ་བརྗོད་པའི“ཡ་བ”དག་གི་གྲས་སུ་ཞུགས་པ་ཡིན་ལ། ནམ་རྒྱུན“ངན་པ”དག་ལ་བརྟེན་ནས་འཚོ་སྡོད་བྱེད་དགོས་ཤིང་། བོད་པའི་རིག་གནསཀྱི་གཞི་རྩ་གཙོ་བོའི་གྲས་ལས“རྒྱུ་འབྲས”ཞེས་པ་དེ་བསྣོག་དགོས་ལ། བསྣོག་བྱའི་ཡུལ་ནི“དམ་པ”དག་ཡིན་པས། མཇུག་འབྲས་སུ་ཁོང་ཚོའི་བསམ་བློ་དང་མཛད་བཟང་ཇི་སྙེད་པར་གནོད་པ་བཏང་འགྲོ་ལ། གནོད་པ་དེ་ཆུང་ས་ནས་མི་སྒེར་ལ་བཏང་བ་ཡིན་ཀྱང་། ཆེ་ས་ནས་མི་རིགས་དང་རྒྱལ་ཁབ། དེ་ལས་ལྷག་པར་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ལ་གནོད་བཞིན་ཡོད། ཡིན་ནའང་དུས་ཀྱི་འགྲོས་དང་བསྟུན་ནས་མི་མང་ཤོས་ཀྱིས་གནད་དོན་གང་དུ་འབྱུང་བཞིན་པའི་ཚུལ་རྟོགས་འགྲོ་ལ། རྟོགས་པའི་འགྲོས་དང་བསྟུན་ནས“ཡ་བ”དེ་ཚོར“གྱང་ཁའི་རྩྭ”དང“ནང་བཤིག་གི་སྟེའུ།” “ཐག་འཁྱུད་མེ་ཏོག”ཅེས་དཔེ་སྣ་ཚོགས་ཀྱི་སྒོ་ནས་སྨད་པར་འགྱུར་བར་མ་ཟད། “བླུན་པོ”དང“ཐ་ཤལ།” “རྒྱུག་ཁྱི”སོགས་ཀྱི་མིང་ཡང་མངོན་ལྐོག་ཅི་རིགས་ནས་གདགས་པར་བྱེད་དེ། ངན་མིང་སྣ་ཚོགས་ཤིག་ཁུར་ནས་ཤ་ཁྲག་སྒྱུ་ལུས་འཇིག་གི་བར་དུ“ཁེར་འགྲོ”བྱེད་དགོས་ལ། ཚེ་ཡི་འདུ་བྱེད་བཏང་ཡང“ཡ་བ”དེ་སྐབས་དེར“ངན་པ”དེར་འགྲོགས་ནས་བྱ་བ་མི་ལེགས་པ་འདི་འདྲ་བྱས་སོང་དང་དེ་འདྲ་བསྒྲུབས་སོང་ཞེས་རབས་ནས་རབས་སུ་བརྒྱུད་དེ་བསྒྲགས་པར་བྱེད་ལ། ཁོའི་མི་རྒྱུད་ཕྱི་མ་དག་ལ་མཚོན་ན་ཡང་གཏན་ངན་དེ་དག་གོ་ཐེངས་རེར་སྡོད་སའི་གནས་དང་འཛུལ་སའི་ཁུང་མི་རྙེད་པའི་གནས་སུ་གྱར་ངེས།
       ཡང“ངན་པ”དག་གི་གཡོ་འོག་ཏུ་ཚུད་པར་མི་འགྱུར་པའི“ཤེས་ལྡན”དག་ལ་མཚོན་ན། དེ་ནི“བླང་དོར”གྱི་གནད་ཤེས་མཁན་གྱི་གྲལ་དུ་འཕར་བ་སྟེ། འགྲོགས་སའི་མི་ཡང་སྐྱེ་བོ“དམ་པ”ཡི་སྐོར་ཡིན། དེ་ཡང་སྐྱེ་བོ“དམ་པ”དག་གི་ཁྱད་ཆོས་གཙོ་བོ་ནི“ཁ་བདེན་པ་ཡིས་སྐད་ཆ་བཤད་ཅིང་། ལག་བདེན་པ་ཡིས་ལས་ཀ་ལས”མཁན་ཏེ། རང་གི་བགྱི་བ་མཐའ་དག་སོར་ཆུད་པར་བྱས་ཐོག དེ་དག་གི་ནོར་འཛོལ་ཅི་རིགས་ཐབས་མཁས་ཀྱིས་ཡོ་བསྲང་བྱེད་དེ། ཡོ་བསྲང་དེ་ཆུང་ས་ནས་མི་སྒེར་ལ་བྱས་པ་ཡིན་ཀྱང་། ཆེ་ས་ནས་མི་རིགས་དང་རྒྱལ་ཁོངས་ལས་བརྒལ་ཏེ། འགྲོ་བ་མི་སྤྱིའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་ནས་འགྲོ་བཞིན་ཡོད། དེར་བརྟེན། ལོ་ཟླའི་འཁོར་སྐྱོད་དང་སྤྱི་ཚོགས་གོང་འཕེལ་དུ་སོང་བའི་བབ་དང་བསྟུན་ནས། སྐྱེ་བོ་མང་པོས“དམ་པ”དག་གི་མི་སྐྱེ་རིན་ཐང་ཤེས་པར་འགྱུར་ལ། ཁོང་ཚོར“མཛངས་མི”དང་“མཁས་དབང་།” “བསམ་བློ་པ།” “དཔྱོད་ཤེས་ཅན”སོགས་ཀྱི་ཆོ་ལོ་སྩོལ་བར་འགྱུར་ལ། ད་དུང་ཚོགས་ཀྱི་དབུས་སུ་ཀུན་པོས་བསྐོར་ནས་འགྲོ་བར་མ་ཟད།  འཚོ་བཞུགས་ཀྱི་དུས་དང་འདས་བཀྲོངས་ཀྱི་སྐབས་གང་དུའང་། “དམ་པ”དེ་བཞུགས་དུས་རླབས་ཆེན་གྱི་ལས་ཀ་འདི་འདྲ་བསྒྲུབས་སོང་དང་དེ་འདྲ་བྱས་སོང་ཞེས་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་ཤིང་། གལ་ཏེ་ལྔ་ལམ་དུ་གཤེགས་ཀྱང་རྗེས་དྲན་གྱི་རེ་ཁཱ་དམངས་སེམས་སུ་མངོན་པར་གསལ་ཐོག  ལོ་རྒྱུས་ཀྱི་དེབ་དང་རྡོ་རིང་གི་ངོས་ལས་མཚན་གྱི་འོད་ཟེར་བསྐལ་པའི་བར་དུ་འཕྲོ་བར་འགྱུར་ཞིང་། མི་རབས་ཕྱི་མ་དག་ལ་མཚོན་ནའང“ཁོང”ནི་ཁྱིམ་རྒྱུད་དེའི་གཟི་བརྗིད་ཆེན་པོ་ཞིག་ཏུ་གྱུར་པའི་མཚུངས་སུ། སྐྱེ་འགྲོ་གཞན་དག་གིས་གོང་བཀུར་བྱ་བའི་གནས་སུ་ཡང་འཕར་ངེས་པ་ཡིན།
       ཞིབ་བསྡུར་འདི་ལས་ང་ཚོ་ལམ་གང་དུ་ཞུགས་པའི“བླང་དོར”གྱི་གནད་ཅུང་གསལ་བོ་ཞིག་ཤེས་པར་འགྱུར་ཡང་། ད་དུང་མཐིལ་ཕྱིན་པ་ཞིག་རྟོགས་ནུས་མེད། རྒྱུ་མཚན་ནི་འཇིག་རྟེན་གྱི་ལས་སྣ་ཚོགས་ནི་བཟང་བ་དང་ངན་པ། འགྲིག་པ་དང་ནོར་བ། དཀར་པོ་དང་ནག་པོ་སོགས་ལུས་དང་གྲིབ་མ་ལྟར་འགྲོགས་ནས་ཡོད་ལ། དེ་ཤེས་པར«དགེ་ལྡན་ལེགས་བཤད»དུ། “མཁས་པས་གཞན་དག་ཅི་ཟེར་ཡང་། །དོན་ལ་བལྟས་ནས་འཇུག་ལྡོག་བྱེད། །”ཅེས་པ་ལྟར། དོན་དངོས་དང་དེ་སྒྲུབ་མཁན་གྱི་མི་བྱེ་བྲག་པ་ལ་བརྟག་རྒྱུ་ནི་གཙོ་བོར་འཛིན་དགོས་ཏེ། འདིར་བཤད་པའི་མི་བྱེ་བྲག་པ་ནི“དམ་པ”དང“ངན་པ”དག་གི་བསམ་སྦྱོར་ལ་དཔྱད་ཞིབ་བྱ་རྒྱུ་དེའོ། །དེ་ཡང་མི་ཡི་བསམ་སྦྱོར་ལ་བརྟག་རྒྱུ་ནི་དུས་ཡུན་ཐུང་ངུའི་ནང་འགྲུབ་སླ་བའི་ལས་ཤིག་གཏན་ནས་མིན་ཏེ། གཙོ་བོ་ནི་ཁ་དཔེར“ཟོག་གི་ཁྲ་ཁྲ་ཕྱི་དང་། མི་ཡི་ཁྲ་ཁྲ་ནང”ཟེར་བ་ལྟར། མིའི་ནང་སེམས་ལ་དུས་ཡུན་རིང་བོར་རྒྱུས་ལོན་བྱ་རྒྱུ་ནི་གཙོ་ཆེ་ལ། དེ་ཡང་ཕ་རོལ་པོས་བཤད་པའི་སྐད་ཆ་དང་སྦྱར་བའི་ལས་ཀ་གཉིས་ལ་བརྟག་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྟེ། ལྷག་དོན་གལ་གནད་ཀྱི་དུས་སུ་མངོན་པའི་སེམས་གཏམ་དང་སྦྱོར་བ་དངོས་ནི་བརྟག་བྱའི་གནད་དམ་པའོ། །གང་གི་ཚེ་ན་ངག་ལས་བདེན་ཚིག་སྨྲ་ཞིང་ཁ་བཤད་དོན་ལ་གནས་པ་དང་། ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གྲོགས་ཀྱི་ཕྱི་ཐག་རིང་བ། སྤྱི་ཚིས་བསམས་ཤིང་གཞན་དོན་སྒྲུབ་ལ་མོས་པ། ཁོག་ཡངས་ཤིང་ཁེངས་སྐྱུང་དང་ལྡན་པ། ཤེས་བརྩོན་ཆེ་ཞིང་ལས་ཆོད་ཡོད་པ། སྒྲིག་ཁྲིམས་བཀུར་ཞིང་རང་དཔེ་གཞན་སྟོན་ནུས་པ། འདོད་ཆུང་ཆོག་ཤེས་དང་ཉེ་རིང་མི་བྱེད་པ་སོགས་ཀྱི་རང་བཞིན་གསལ་རྗེན་མངོན་པ་དག་ལ་དོགས་གནང་གང་ཡང་བྱ་མི་དགོས་ཏེ། “དམ་པ”ཡི་རང་རྟགས་ནི་སྟག་ལ་ཐིག་ལེ་བཞིན་བཀྲ་བས་བཀུར་བྱ་དང་བླང་བྱ་ཡིན་ལ། དེ་མིན་ཁ་ནས་རྫུན་གཏམ་ཆུ་བཞུར་བཞུར་དང་སྨྲས་པ་མཐའ་དག་དོན་ཐོག་ཏུ་མི་འཁྱོལ་ལ། གལ་གནད་ཀྱི་དུས་དེར་ཁྲེལ་དང་ངོ་ཚ་ཕྱོགས་སུ་དོར་ཏེ་བློས་ཐུབ་ཀྱི་སྤུན་གྲོགས་ཡིན་ཡང་སྐད་ཅིག་མར་འདོར་བར་ནུས་པ། རང་ཁོ་ན་བསམས་ཏེ་གཞན་དོན་སྒྲུབ་ལ་གེགས་བྱེད་པ། ཁོག་རྒྱ་དོག་ཅིང་ང་རྒྱལ་དང་ཨང་ལྡིར་ཆེ་བ། འདོད་ཡོན་ལ་མོས་ཤིང་ནང་ཁུལ་དུ་དཀྲུག་ཤིང་བཟོ་བར་འཇོན་པ། སྒྲིག་སྲོལ་ལས་འགོངས་ཤིང་གཞན་དག་ལམ་ལོག་ཏུ་བསྐོར་བར་དགའ་བ། ཁ་འཇམ་གཏིང་དྲེགས་དང་ལྡན་ཞིང་ཕྱོགས་རིས་འཐེན་འཁྱེར་ལ་རྐྱེན་པ་དག་ནི་ནམ་དུ་ཡང“ངན་པ”ཡི་རིགས་ཏེ། “ངན་པ”དང“ཡ་བ”དག་ནི་འགོ་བའི་ནད་དང་འདྲ་བས་རིང་ནས་རིང་དུ་གཡོལ་དགོས་ཏེ། ངན་པའི་རང་མཚང་རྨ་བྱའི་འཕོངས་ལྟར་བསྟན་ཡོད་པས། གཡུག་བྱ་དང་དོར་བྱ་ཡིན་པ་སློབ་མའི་གནས་སྐབས་ནས་ཤེས་པར་བྱ་བར་རིགས་སོ། །
       མདོར་ན། དེང་གི་དུས་འདིར“དམ་པ”དག་ནི“ཤེས་ལྡན”མང་པོས་རམ་འདེགས་ལ་བརྟེན་ནས་དོན་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། “ངན་པ”དག་གིས“ཡ་བ”རྣམས་བཀོལ་སྤྱོད་བྱས་ནས“དམ་པ”ཚོ“སེང་གེ་ཁྱི་ཡི་གཡོག་ཏུ”འཇུག་ཅི་ཐུབ་བྱས་དང་བྱེད་ཀྱིན་འདུག འགལ་བ་དང་རྩོད་པ་འདི་ད་ལྟའི་བར་མི་རབས་ནས་མི་རབས་སུ་བརྒྱུད་ནས་ཡོང་བ་ཡིན་ལ། ད་དུང་མུ་མཐུད་དུ་བརྒྱུད་ནས་འགྲོ་དགོས་པ་ཞིག་ཏུའང་གྱུར་ཡོད། ཡིན་ཀྱང་འདི་ལའང་མཇུག་བསྒྲིལ་བའི་དུས་ཤིག་མེད་པ་མ་ཡིན་ཏེ། དེ་ནི“ཡ་བ”ཚང་མ“ཤེས་ལྡན”དུ་གྱུར་ཏེ། “ངན་པ”གཅིག་པུར་རང་ནུས་གདོན་ས་མེད་པར“དམ་པ”དག་གི་ཡོན་ཏན་ནི་ངེས་པ་དོན་གྱིས་ཡོན་ཏན་དུ་མཐོང་ནས་དེའི་རྗེས་སུ་འབྲངས་པའི་དུས་དེ་ཉིད་ཡིན་ངེས་པ་ལགས་ན། ཀུན་གྱིས་སྔ་མོ་ནས“བླང་དོར”གྱི་གནད་འདི་དག་ཡོད་ཚད་ཤེས་རྒྱུ་ནི་ཧ་ཅང་གཙོ་ཆེ་བར་སེམས་སོ། །

རྩོམ་ཁུངས། ༢༠༡༡ལོའི«བོད་ཀྱི་སློབ་གསོ»དེབ༤པ།
འབྲེལ་ཡོད་འོས་སྦྱོར།