ཏུན་ཧོང་གཏེར་ཡིག་གི་བོད་ཀྱི་ཡིག་གཟུགས་ཁྱད་ཆོས་དང་འབྲེལ་ཏེ་ཡིག་ཆའི་སྔ་ཕྱིའི་སྐོར་གླེང་བ།
རྩོམ་པ་པོ།:རྡོ་རྗེ་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-11
ཀློག་གྲངས།:
ཏུན་ཧོང་གཏེར་ཡིག་གི་བོད་ཀྱི་ཡིག་གཟུགས་ཁྱད་ཆོས་དང་འབྲེལ་ཏེ་ཡིག་ཆའི་སྔ་ཕྱིའི་སྐོར་གླེང་བ།
རྡོ་རྗེ་དོན་གྲུབ།
ནང་དོན་གནད་བཤུས། ཏུན་ཧོང་གཏེར་ཡིག་གི་ཡིག་གཟུགས་ཀྱི་མགོ་དཔུང་རྐང་གསུམ། ཕུབ་ཟགས་བཅས་ཀྱི་སྨྱུག་འགྲོས་དང་འཐེན་སྟངས། ཉམས་དང་ཟུར་དག་དཔྱིས་ཕྱིན་པར་ཐོན་མི་ཐོན་དང་། སྨྱུ་གུའི་ཁམ་རྩེ་གསེག་ལུགས་ཀྱི་ཚད་མང་ཉུང་། དཔངས་ཞེང་ཕྲ་སྦོམ་ཕབ་འཇོག་གི་ཆ་གྲངས་བགོ་ཚུལ་བཅས་ནི་ཡིག་ཆ་སོ་སོའི་སྟེང་གི་མངོན་ཚུལ་གཅིག་མ་རེད། འདིར་ཏུན་ཧོང་བོད་ཀྱི་གཏེར་ཡིག་གི་ཡིག་གཟུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་གཙོ་བོར་བརྗོད་ཡོད་པ་དང་། ཏུན་ཧོང་ཡིག་གཟུགས་ཀྱི་ཁྱད་ཆོས་བརྗོད་པ་ལས་ཏུན་ཧོང་ཡིག་ཆའི་དུས་ཀྱི་སྔ་ཕྱིའི་ཁྱད་པར་ཤུགས་ལ་རྟོགས་ཐུབ་པའི་ཚུལ་རྣམས་བརྗོད་ཡོད།
གནད་ཚིག ཏུན་ཧོང་གཏེར་ཡིག ཡིག་གཟུགས་ཀྱི་ཁྱད་ཆོས། ཏུན་ཧོང་གཏེར་ཡིག་གི་དུས་ཀྱི་སྔ་ཕྱི།
གླེང་གཞི།
དེ་ལ་ཏུན་ཧོང་གཏེར་ཡིག་གི་ཡིག་གཟུགས་ལ་རྣམ་པའི་ཆ་ནས་རྒྱལ་སྤྱིའི་ཏུན་ཧོང་གཏེར་ཡིག་ཞིབ་འཇུག་གི་ལས་གཞི་ཞེས་པར། གྲུ་བཞི་ཅན་དང་མདོ་ཡིག་དང་། །གཞུང་ཡིག་དང་ནི་དགོན་ཡིག་དང་། །ཆོས་ཡིག་དབུ་མེད་སྨིན་མེད་གཟུགས། །གཞུང་ཡིག་ཆོས་ཡིག་ནང་གསེས་གཉིས། །ཡིག་གཟུགས་མི་འདྲ་རིགས་དགུ་བྱུང་། །ཞེས་གཟུགས་དབྱིབས་མི་འདྲ་བ་རིགས་དགུ་ཙམ་དབྱེ་ནས་བརྗོད་པ་བཞིན། འདིར་ཡང་རེ་རེ་བཞིན་བཀོད་ནས་བརྗོད་པ་ལ་གཤམ་གསལ་ལྟར།
གཅིག གྲུ་བཞི་ཅན་གྱི་ཡིག་གཟུགས།
གྲུ་བཞི་དབྱིབས་སུ་ཡོད་པའི་ཡི་གེ་འདིའི་རིགས་ཀྱིས་ཤོག་བུའི་སྟེང་དུ་བྲིས་ཡོད་པའི་ཡིག་ཆ་དེ་འདྲ་མང་པོ་ཞིག་མེད། ཡི་གེའི་འབྲི་སྟངས་འདི་ནི་བོད་ཀྱི་ཡུལ་དབུས་སུ་མཆིས་པའི་རྡོ་རིང་སྟེང་ན་འཁོད་པའི་ཡི་གེའི་རྣམ་པ་ལས་བྱུང་བ་ཞིག་ཡིན་ལ། ཡིག་གཟུགས་འདི་བྱུང་བའི་དུས་ནི་སྤྱི་ལོ༧༦༠ནས༨༢༠བར་ཡིན། ཏུན་ཧོང་བྲག་ཕུག་ལས་ཐོན་པའི་ཡིག་ཆ་ཉུང་ཤོས་ཤིག་ལ་ཡིག་གཟུགས་འདི་ཐོན་བཞིན་ཡོད་ཅིང་། ཡིག་གཟུགས་འདི་ལ་སྨྱུག་ཤད་དྲང་མོར་ཡོད་པ་དང་རྐང་བ་ཐུང་ཞིང་དཔུང་བ་རིང་བས་གྲུ་བཞིའི་དབྱིབས་ལྟར་འོང་ཡོད་པས་གྲུ་བཞི་དབྱིབས་ཅན་གྱི་ཡི་གེ་ཞེས་བརྗོད། གྲུ་བཞི་ཅན་གྱི་ཡིག་གཟུགས་འདི་དག་ནི་རྡོ་དང་བྲག་ངོས་སུ་བརྐོས་པ་ཤས་ཆེ་ན་ཡང་། ཤོག་བུ་སྟེང་དུ་བཀོད་མེད་པ་ཡང་མིན་ཏེ། དེར་མ་ཟད། སྣག་ཚ་དང་སྨྱུ་གུ་མ་འདྲ་བའི་དབང་གིས་ཤོག་བུའི་སྟེང་གི་ཡིག་གཟུགས་ལ་བྱེ་བྲག་གི་རྣམ་པ་ཡང་དུ་མ་བྱུང་ཡོད། དེ་བས། གྲུ་བཞི་ཅན་གྱི་ཡིག་གཟུགས་ལ་ཁྱད་ཆོས་སྤྱིར་བཏང་བ་དང་དམིགས་བསལ་ཅན་དང་ཡིག་ཆ་གང་དང་གང་ཡོད་པ་བཅས་ཀྱི་སྒོ་ནས་བརྗོད་ན་འདི་ལྟར།
༡ ཁྱད་ཆོས་སྤྱིར་བཏང་བ།
གསལ་བྱེད་ཀྱི་ཡི་གེ་འདི་རིགས་ནི་རྣམ་པ་གྲུ་བཞི་ཅན་ཤ་སྟག་ཡིན་ཏེ། འཁྱོགས་ཤད་དང་གསེགས་ཤད་ཡིན་ན་མ་གཏོགས་གཞན་རྣམས་ཀྱི་མཐུག་ཚད་དང་རིང་ཚད་མགོ་མཇུག་བར་མཚུངས་པ་ཡིན། རྐང་བ་དང་ཤད་ཐུང་ངུར་ཡོད་པ་དང་། ཤད་དང་རྐང་བ་དྲང་མོར་འཐེན་པ་དང་གཡས་སུ་བཀུག་པ་ཉུང་། རྐང་བའི་སྣེ་མོ་བཀུག་མེད་པ་དང་། ད་དྲག་དང་འ་མཐའ་ཡོད་པ་བཅས་རེད།
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་ལས་ཏ་ཡིག་ལྟ་བུ་ལ་མཚོན་ན། ཏ་ཡིག་གི་རྐང་བ་དྲང་མོར་འཐེན་ཡོད་པར་མ་ཟད་རིང་བར་ཡོད་པས། ཏ་ཡིག་གི་ཡིག་གཟུགས་ནི་བྷི་ར་ཧ་མིའི་ཡིག་གཟུགས་ཀྱི་ཏ་ཡིག་ལས་བྱུང་བའི་ཁྱད་རྟགས་གསལ་བར་མངོན་འདུག དེ་མིན་ཕ་ཡིག་ལ་མཚོན་ན་ཡང་ཕ་ཡིག་གི་མཆེ་བ་ནི་གཡོན་ཕྱོགས་ཀྱི་སོ་ཡིག་གི་ཟུར་ནས་གཡས་ཕྱོགས་ཀྱི་དཔུང་བའི་རྩེ་མོར་འཐེན་ཡོད་པ་དང་། བ་ཡིག་དང་ག་ཡིག་གི་མགོ་ནི་གྲུ་བཞི་དང་སྙོམས་པར་ཡོད་ཅིང་། ཟུར་གསུམ་ལྟར་མེད། ལ་ཡིག་ནི་གཡས་ཕྱོགས་ཀྱི་དཔུང་བའི་མགོ་ཡིག་ལ་མགོ་རིང་བོ་ཡོད་པ་ནི་གུ་བྷ་བྷྲཧྨ་ཡིག་གཟུགས་སྔོན་མ་དང་མཚུངས་པ་བཅས་རེད།
༣ ཡིག་ཆ་གང་དང་གང་ཡོད་པ།
IOLTibJ5750དངPT12887/187 དོན་ཆེན་གནད་བསྡུས། IOL Tib J734 ལོ་རྒས་པའི་སྐོར། IOLTib J753 ཁྲིམས་ཡིག་གི་སྐོར། P.T1071རི་ད(དྭ)གས་རྔོན་པའི་སྐོར། IOL Tib J740 མོ་དང་ཁྲིམས་ཡིག་གི་སྐོར། IOL Tib J858 གཞུང་ཡིག P.T1043མོ་ཡིག P.T1134འདས་མཆོད་ཀྱི་ཆོ་ཀ་ལ་སོགས་པའི་ཡིག་ཆ་དག་ནི་གྲུ་བཞི་དབྱིབས་སུ་ཡོད་པའི་ཡི་གེའི་ཁོངས་སུ་གཏོགས་པ་ཡིན་ལ། ཡིག་ཆ་འདི་དག་ནི་བོད་བཙན་པོས་སྤྱི་ལོ༧༨༦ལ་ཏུན་ཧོང་ལ་མངའ་བསྒྱུར་བ་ནས་སྤྱི་ལོ༨༤༨ལ་མཇུག་སྒྲིལ་བའི་དུས་སྐབས་སུ་བྲིས་པའི་ཡིག་ཆ་དག་ཡིན།ནང་དོན་གྱི་ཆ་ནས་ལོ་རྒྱུས་དང་ལོ་རྒྱུས་ཕྱེད་ཙམ་ཅན་སྟོན་པའི་སྐོར་དང་རི་དྭགས་སྔོན་པ། རྐུན་ལས་སོགས་ལ་ཁྲིམས་གཅོད་པའི་ཁྲིམས་ཡིག་གི་སྐོར། མོ་ཡིག་གིས་ཁྲིམས་རྩོད་ཐག་གཅོད་པའི་སྐོར། རྒྱལ་བོའི་འདས་མཆོད་ཀྱི་ཆོ་ག་སྟོན་པའི་སྐོར་བཅས་འདུག
གཉིས། མདོ་ཡིག་གི་ཡིག་གཟུགས།
ཏུན་ཧོང་ནས་ཐོན་པའི་མདོ་ཡིག་གི་ཡིག་གཟུགས་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ། བོད་ཡུལ་ནས་ཡིག་གཟུགས་ལ་སྦྱངས་པ་ཐོན་པའི་བོད་མ་ཡིན་པའི་མི་རིགས་གཞན་གྱིས་བྲིས་པའི་མདོ་ཡི་ཡི་གེའི་སྐོར་དང་། བོད་རང་ས་ནས་སྦྱངས་པ་ཐོན་པའི་བོད་མིས་བྲིས་པའི་མདོ་ཡི་ཡི་གེའི་སྐོར་ཡིན། ཡི་གེའི་སྐོར་འདི་གཉིས་ཀྱི་རྣམ་པ་ལ་ཁྱད་པར་ཡོད་ན་ཡང་། གཉིས་ཀ་མདོ་ཡིག་གི་ཁོངས་སུ་འདུས་པས་མདོ་ཡིག་གི་ཡིག་གཟུགས་ཞེས་བརྗོད་ཆོག ཡི་གཟུགས་འདི་དག་ནི་གྲུ་བཞི་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་བྱུང་ནས་ཐོན་པ་ཡིན་ལ། ཡིག་གཟུགས་ཀྱི་ཁྱད་ཆོས་ནི་ཡི་གེའི་རྐང་བ་རིང་བ་དང་། བ་ཡིག་དང་ག་ཡིག་གི་ཁ་ནི་ཟུར་གསུམ་ཅན་དུ་ཡོད་པས་ཟུར་གསུམ་དུ་ཆགས་ཡོད། མདོ་ཡིག་གི་ཡིག་གཟུགས་མང་པོ་ནི་ཀློག་ན་ཤིན་ཏུ་སླ་བ་ཡིན་ལ། བོད་ཡུལ་དབུས་ནས་ཐོན་པའི་ཤེར་ཕྱིན་གྱི་མདོ་ཡིག་རྣམས་ནི་མེ་ཏོག་པད་མ་དང་གུག་འཁྱོག་སྦྲུལ་གཟུགས་ལྟ་བུའི་ཐིག་ཤད་ཀྱིས་བརྒྱན་པར་བྱས་ཡོད་པ་ཡང་ཡིན་པ་བཅས་ཡིན།
༡ ཁྱད་ཆོས་སྤྱིར་བཏང་བ།
སྨྱུག་ཁ་འཐེན་སྟངས་བདེ་སླ་རུ་ཡོད་པ་དང་། གྲུ་བཞི་ཅན་དུ་ཡོད་པའི་ཡི་གེ་སྐོར་ཞིག་ལ་ཟུར་གསུམ་དབྱིབས་སུ་ཐོན་པར་མ་ཟད། རྐང་བ་རིང་བ་དཔེར་ན་ད་ལྟ་བུ་དང་། སྨྱུག་ཁ་སྒོར་བ་ཉུང་ཤོས་ཡོད་པ་དཔེར་ན་ར་ལྟ་བུའོ། །དེ་མིན་ཤད་ཀྱི་རྐང་བའི་སྣེ་མོ་ཟུར་དུ་འཐེན་ནས་ཡོད་པའམ་བྲིས་ཕྱོགས་ཀྱིས་ཀུག་པར་བྱས་ཡོད་པ་བཅས་ཡིན།
༢ ཁྱད་ཆོས་དམིགས་བསལ་ཅན།
དེང་སང་གི་བྲིས་གཟུགས་དང་བསྡུར་ན། གསལ་བྱེད་ཀྱི་ཡི་གེ་ལས་ཕ་ཡིག་གི་མཆེ་བ་ཇེ་ཐུང་དུ་མངོན་ཡོད་པ་དང་གཡས་ཕྱོགས་ཀྱི་ཟུར་ཞབས་སུ་ཐོན་པ་ཇེ་ཉུང་དུ་སོང་ཡོད། བ་ཡིག་ནི་ཟུར་གསུམ་དུ་ཡོད་པ་དང་མགོ་ཤད་སྙོམས་པར་ཡོད། འ་ཡིག་ནི་འ་ཡིག་ལ་ཡོད་པའི་ཙ་རྟགས་རྒྱུན་དུ་བོར་ནས་བྲིས་ཡོད་པ་དང་། ལ་ཡིག་ལ་དཔུང་ཡིག་གི་མགོ་མེད་པ་བཅས་སོ། །
༣ ཡིག་ཆ་གང་དང་གང་ཡོད་པ།
དུས་རབས༩བའི་ཕྱེད་ཀྱི་ཐོག་མ་ལ་བོད་ཀྱི་བཙན་པོས་ཡིག་མཁན་རྣམས་ལ་སངས་རྒྱས་ཀྱི་མདོ་ཡིག་མང་པོ་འབྲིར་བཅུག་པས། མདོ་ཡིག་གི་ཡིག་གཟུགས་ཀྱི་ཁྱད་ཆོས་མངོན་པའི་དཔེ་ཆ་མང་པོ་བྱུང་། ཏུན་ཧོང་བྲག་ཕུག་ནས་ཤོག་དྲིལ་སྟོང་ཚོ་འགའ་ཞིག་ཐོན་པ་ལས། མདོ་ཡིག་གི་ཡིག་གཟུགས་ཀྱི་ཁྱད་ཆོས་ཐོན་པའི་ཡིག་ཆ་གཙོ་བོ་ནི་ཨཔརརིམིཏཱཡུདྣམ་སུཏྲ་སྟེ་ཚེ་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཡི་ཤོག་དྲིལ་དང་། ཤེར་ཕྱིན་གྱི་མདོ་ཡི་པོ་ཏིའི་སྐོར་གཉིས་ཡིན། བོད་ཡུལ་དབུས་ནས་ཐོན་པའི་ཤེར་ཕྱིན་གྱི་མདོའི་སྐོར་ཡང་ཡོད། ཤེར་ཕྱིན་གྱི་མདོ་ཡིག་འདི་དག་ནི་སྤྱི་ལོ༨༡༥ནས༨༣༨བར་རྒྱལ་པོ་ཁྲི་ལྡེ་གཙུག་བརྩན་གྱི་རིང་སྟེ། སྤྱི་ལོ༨༢༠ནས༨༩༠བར་བོད་ཀྱིས་ཏུན་ཧོང་ལ་མངའ་བསྒྱུར་བའི་སྐབས་དེ་ཤེད་དུ་བྱུང་བར་ཤེས། བོད་བཙན་པོའི་སྐབས་སུ་བྱུང་བའི་མདོ་ཡིག་ཉུང་ཤོས་ཤིག་ནི་ཡུལ་མུ་རན་དང་ཨེན་དེ་རེའི་བྱེ་མ་ནས་རྙེད་པ་ཡང་ཡོདIOLTibL310.1210ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཡོད་པའི་སྐོར་དང་། P.T.4008ཚེ་དཔག་ཏུ་མྱེད་པའི་མདོ་དཀར་ཆག་ཏུ་བཀོད་མེད་པའི་ཤོག་དྲིལ་གྱི་སྐོར་དང་། P.T2216བཅས་དང་ཨུ་རུ་སུ་དང་ཀྲུང་གོ་ན་མཆིས་པའི་ཡིག་ཆ་འགའ་ཤས། IOL Tib 192- 126 IOL Tib 107.5ཤེར་ཕྱིན་གྱི་མདོ་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཡོད་པའི་སྐོར་དང་། P.T.1300 P.T.1299-209ཤེར་ཕྱིན་གྱི་མདོ་ཧྥ་རན་སིའི་དཔེ་མཛོད་ཁང་དུ་ཡོད་པའི་སྐོར་བཅས་ནི་མདོ་ཡིག་གི་ཡིག་གཟུགས་ཀྱི་ཁྱད་ཆོས་ཐོན་ཡོད་པའི་ཡིག་ཆ་དག་ཡིན། ཁོ་བོ་ནི་སྤྱི་ལོ༢༠༡༣ལོའི་ཟླ་བ༣བར་ཡིག་ཆ་འདི་དག་ལ་དངོས་སུ་མཇལ་ནས་རེ་རེ་བཞིན་ཐོ་གཏུགས་ནས་བྲིས་པ་ཡིན།
གསུམ། གཞུང་ཡིག་གི་ཡིག་གཟུགས་ལས་དབུ་ཅན་གྱི་སྐོར།
ཡིག་གཟུགས་འདིས་བྲིས་པའི་ཡིག་ཆ་ནི་སྤྱིར་བཏང་དུ་སྲིད་གཞུང་གི་ཡིག་ཆའི་སྐོར་ཡིན་པས། ཡིག་གཟུགས་ལ་ཡང་གཞུང་ཡིག་གི་ཡིག་གཟུགས་ཞེས་བརྗོད་པ་དང་། དབྱེ་ན་རིགས་གཉིས་ཏེ། དབུ་ཅན་དང་དབུ་མེད་དོ། །ཏུན་ཧོང་གི་ཡིག་ཆ་དག་ལས་གཞུང་ཡིག་གི་ཡིག་གཟུགས་ལ་དབུ་ཅན་དང་དབུ་མེད་གཉིས་ཀྱི་ཁྱད་ཆོས་ཐོན་ཡོད་པ་དང་། ཡིག་གཟུགས་འདི་དག་ནི་བོད་བཙན་པོས་ཏུན་ཧོང་ས་ཁུལ་ལ་མངའ་བསྒྱུར་བའི་སྐབས་སུ་བྱུང་།གཞུང་ཡིག་གི་ཡིག་གཟུགས་དབུ་ཅན་མ་ནི་མདོ་ཡིག་གི་འབྲི་ཚུལ་དང་མཚུངས་པ་དང་། གཞུང་ཡིག་གི་ཡིག་གཟུགས་དབུ་མེད་མ་ནི་ཕྱིས་སུ་བོད་དུ་དར་བའི་དབུ་མེད་ཐམས་ཅད་ཀྱི་མེས་པོ་ལྟ་བུ་ཡིན་ཏེ། ལྡན་ལུགས་དང་ལི་ལུགས་བློ་ལྡན་ཡིག་གསར། མཁའ་འགྲོའི་བརྡ་ཡིག་གཏེར་མ་སོགས་རིགས་མི་འདྲ་བ་མང་དུ་བྱུང་བ་དང་། གཞུང་ཡིག་གམ་དབུས་ཡིག་དང་། ཁམས་བྲིས་སོགས་བྱུང་བ་དང་། དབུས་ཡིག་ལ་ནང་གསེས་སུ་སུག་རིང་དང་། དཔེ་ཚུགས། ཚུགས་ཐུང་། འཁྲུག་ཡིག་གམ་དབུས་ཡིག་ལྕགས་ཐག་མ། འབྲུ་ཚ། མཛེས་རྩལ་ལ་སོགས་པ་ཡི་གེའི་འབྲུ་ལུགས་སྣ་ཚོགས་པ་ཞིག་བྱུང་བ་ལ་སོགས་པ་ཡང་། ཏུན་ཧོང་གཏེར་ཡིག་གི་གཞུང་ཡིག་གི་ཡིག་གཟུགས་འདིའི་རྨང་གཞི་ལས་འཕྲོས་པ་ཡིན་ཤས་ཆེ། གཞན་ཡང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དབུ་མེད་གཉིས་ཀྱང་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ་ཞེས1དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ཡང་ཡིག་ཆ་འདི་དག་གི་སྟེང་ནས་གཟོད་བདེན་པའི་ངེས་ཤེས་འདྲོངས་ཐུབ། གཞུང་ཡིག་གི་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་གང་ཡིན་ཀྱང་ཡི་གེའི་སྨྱུག་ཁའི་གྲངས་ཀ་དང་གོ་རིམ་བཅས་ལ་འགྱུར་བ་མངོན་གསལ་བྱུང་ཡོད་ཅིང་། སྨྱུག་ཁ་ཡར་སྐོར་བའམ་མར་འཐེན་པའི་སྐབས་སུ་དབུ་ཅན་ཉིད་དབུ་མེད་དུ་གྱུར་བས་དབུ་མེད་བྱུང་བ་ཡིན་ལ། འཕྲིན་ཡིག་མང་བོར་དབུ་ཅན་དང་དབུ་མེད་གཉིས་ཀྱི་སྨྱུག་ཁ་སྒོར་ཚུལ་མངོན་གསལ་དོད་པའི་འགྱུར་ལྡོག་བྱུང་འདུག་པ་ཤིན་ཏུ་གསལ།
༡ ཁྱད་ཆོས་སྤྱིར་བཏང་བ།
གཞུང་ཡིག་ཡིག་གཟུགས་ཀྱི་ཁྱད་ཆོས་མངོན་པའི་ཡིག་ཆ་འདི་དག་ཀྱང་། སྤྱིའི་ཆ་ནས་མདོ་ཡིག་ཡིག་གཟུགས་ཀྱི་འབྲི་ཚུལ་དང་འདྲ་ཞིང་། ཡིག་གཟུགས་ཀྱི་ཚུགས་ཀ་ལ་རྗེས་སུ་དཔག་ན། གྲུ་བཞི་ཅན་གྱི་ཡིག་གཟུགས་འབྲི་ཇེ་བདེ་དང་ཇེ་མགྱོགས་སུ་བཏང་ནས་བྱུང་བ་ཡང་གསལ་བར་རྟོགས་ནུས། དཔེར་ན། མདོ་ཡིག་ཇེ་མགྱོགས་སུ་བཏང་བས་རྐང་བའི་སྣེ་མོ་གུག་པ་དང་ཡི་གེའི་སྨྱུག་ཁ་གཡས་ཕྱོགས་སུ་འཐེན་པ་ཇེ་ཉུང་དུ་སོང་བ་བཅས་ཀྱིས་གཞུང་ཡིག་གི་ཡིག་གཟུགས་སུ་ཆགས་ཏེ་བྲིས་གཟུགས་ཐོན། གཞུང་ཡིག་ཡིག་གཟུགས་ལས་དབུ་ཅན་གྱི་ཡི་གེ་ཟུར་གསུམ་ཅན་ནི་དཔེར་ན། P.T.999ལྟ་བུ་དང་། དབུ་མེད་ཀྱི་འཁྱོག་ཡིག་ནི་དཔེར་ན། P.T.1085ལྟ་བུ་ཡིན་པས་གཞུང་ཡིག་གི་གཟུགས་ནི་ཡིག་ཆ་དེ་དག་གི་བར་གྱི་ཡིག་གཟུགས་ཀྱི་འགྱུར་བ་ཞིག་ཡིན་པར་སྙམ།
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་ལས་ཀ་ཡིག་སྨྱུག་ཁ་གཉིས་སུ་གྱུར་བ་དང་། བ་ཡིག་དང་ག་ཡིག་གི་མགོ་ནི་ཟུར་གསུམ་དུ་གྱུར་བ་བཅས་སོ། །ཐོན་མིའི་ཞལ་ལུང་ལས། དཔེར་ན་ཀ་སྡེ་གཅིག་པུའི་སྟེང་ནས་མཚོན་པས་ཤེས་སླ་ཞིང་།ཁྱད་པར་དུ་དབུ་ཅན་གྱི་ང་ཡིག་བཟབས་ནས་མ་བྲིས་ན་ཡིག་ཚུགས་མི་ཐོན་ཞིང་། དབུ་མེད་ཀྱི་ང་ཡིག་བཟབས་པ་ལས་མགྱོགས་པར་བྲིས་པས་ཡིག་ཚུགས་ཐོན་པ་ནི་མངོན་སུམ་ཡིན་པ་བཞིན་ནོ། །འདིས་ནི་དབུ་མེད་ལ་ཡང་གཟབ་པར་བྲིས་པས་ཚུགས་ཡིག་དང་། མགྱོགས་པར་བྲིས་པས་རྒྱུགས་ཡིག་གམ་འཁྲུགས་ཡིག་བྱུང་བའི་རིམ་པའང་ཤེས་པར་བྱའོ་ཞེས2དབུ་མེད་ཀྱི་ནང་གསེས་སུ་རིགས་མི་འདྲ་བ་ཇི་ལྟར་བྱུང་བའི་རིམ་པ་ཞིག་ཡོད་ཚུལ་སྨྲས་པ་ཡང་ཏུན་ཧོང་གཏེར་ཡིག་ལའང་ཇི་ལྟ་བ་བཞིན་བྱུང་ཡོད་དོ། །
༣ ཡིག་ཆ་གང་དང་གང་ཡོད་པ།
གཞུང་ཡིག་གི་དབུ་ཅན་དང་དབུ་མེད་ཀྱི་རྣམ་པ་གཉིས་ཀ་ཡང་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་དང་། ཡུལ་མུ་རན་དང་མ་ཟར་དམག་གི་ཁྲོམ་ནས་ཐོན་པ་འདྲ་ཞིང་། གཞུང་ཡིག་གི་ཡིག་ཆ་ཕལ་ཆེ་བ་ནི་བོད་བཙན་པོས་ཏུན་ཧོང་ལ་མངའ་བསྒྱུར་སྐབས་སུ་བྱུང་བ་དང་འགའ་ཤས་ཤིག་ནི་བོད་ཡུལ་དབུས་ནས་ཐོན་པ་རེད། དབུ་མེད་ཀྱི་ཡིག་གཟུགས་འདི་དག་ནི་མངའ་རིས་ཀྱི་བྲག་བརྐོས་ཡི་གེ་དང་བསྡུར་ན་དུས་རབས་པ༨པ་ནས༩བའི་བར་བྱུང་བ་ཡང་རྗེས་སུ་དཔག་ཐུབ། གཞུང་ཡིག་གི་ཡིག་ཆ་འདི་དག་གི་བརྗོད་བྱའི་ཆ་ནས་གཞུང་ཚབ་ཏུ་ཐོ་བཀོད་པའི་བུན་ཡིག་དང་ས་ཡིག ཆིངས་ཡིག་དང་ས་གནས་སྲིད་གཞུང་བར་བཏང་བའི་འཕྲིན་ཡིག་བཅས་འདུས། དེ་དག་ལ་ཕྱག་རྒྱ་དང་སུག་རྒྱུ། དཔང་རྒྱ་བཀོད་པ་མང་བས་གཞུང་གིས་བྲིས་པའི་ཡི་གེ་ཡིན་པར་ཤེས་ཐུབ། དེབ་དཀར་དུ། གཞན་ཡང་སྔ་རྟགས་འཁྲུལ་མེད་ལྟ་བུར། ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས་སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ། དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་འཐོན་ཞེས3གསུངས་པ་དེ་དག་ཀྱང་འདིའི་ཁོངས་སུ་གཏོགས་པ་ཡིན་ནོ། །
གཞན་ཡང་། P.T999ལོང་ཤིན་དགོན་གྱི་དཔེ་མཛོད་ཁང་ནས་མདོ་ཡིག་བཤུས་ཆོག་པའི་ཡི་གེ། P.T.1083གཞུང་གིས་ཙོང་ཁར་བཏང་བའི་ཡི་གེ་སྟེ། རྒྱ་ཡི་བུད་མེད་དང་བྱིས་པ་བོད་གཞུང་གིས་ཏུན་ཧོང་དུ་འཁྱེར་མི་ཆོག་པའི་སྲིད་གཞུང་གི་བཀྱེའི་ཡིག P.T.1085ལྡན་དཀར་དུ་བཏང་བའི་གཞུང་ཡིག P.T.10892བདེ་བློན་བཏང་བའི་ཡི་གེ་ལ་སོགས་མཆིས།
བཞི། གཞུང་ཡིག་གི་སྐོར་ལས་དབུ་མེད་ཀྱི་ཡི་གེ
དབུ་མེད་དུ་ཡོད་པའི་ཡི་གེ་ཡིན་ན་མགོ་ཡིག་མེད་པར་མཐའ་གཅིག་ཏུ་འཁྲུག་བྲིས་སུ་འདུག་ལ། འཁྱུག་བྲིས་སུ་ཡོད་པས། ཡི་གེའི་དོན་ངེས་པ་ལ་ཤིན་ཏུ་མཁོ་ཆེ་བ་མིན་ན་སྨྱུག་ཤད་ཀྱི་གྲངས་གཅིག་ཅན་དུ་བྱས་ཡོད་པ་སྟེ། མགོ་ཡིག་མེད་པར་བྱས་ནས་བྲིས་པའི་ཡི་གེ་མང་པོ་བཙན་པོ་སྐབས་ཀྱི་ཡིག་ཆ་རུ་མཐོང་བ་བཞིན་ནོ། །ཟུར་སྒོར་དབྱིབས་ཅན་དུ་ཡོད་པའི་དབུ་མེད་ཀྱི་ཡིག་གཟུགས་ཀྱང་ཡོད་ཅིང་། སྒོར་དབྱིབས་སུ་ཡོད་པའི་དབུ་མེད་ཀྱི་ཡི་གེ་ལ་རྦ་རླབས་བཞིན་གྱི་ཤད་ཀྱང་ཡོད་པ་མཐོང་།
༡ ཁྱད་ཆོས་སྤྱིར་བཏང་བ།
འཁྱུག་བྲིས་སུ་ཡོད་པའི་ཕྱིར་ན། ཡི་གེ་འབྲི་བའི་ཚེ་སྨྱུག་ཁ་མ་ལངས་པར་མཐུད་ནས་བྲིས་པའི་རྣམ་པ་མངོན། ཡི་གེ་མང་པོ་ཞིག་གི་ཡི་གེ་ལ་མགོ་ཡིག་མེད་པར་བྲིས་འདུག་པ་ནི་ཀ་དང་ཅ་དང་། ཆ། ཇ། ཏ། ད། ན། པ། ཕ། ར། ལ་བཅས་ཡིན། ཡི་གེའི་དོན་གྱི་དགོས་མཁོ་མེད་ན་ཟུར་ཅན་གྱི་ཡི་གེའི་ཟུར་མེད་པར་བྱས་ཡོད། ཡི་གེ་འབྲི་བའི་ཚེ་ན་ལག་པ་འགུལ་བའི་དབང་གིས་ཤད་དང་རྐང་བ་ཡང་གུག་འཁྱོག་ལྟར་བྱས་ནས་བྲིས་འདུག་གོ །
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་རྣམས་ལས་ཅ་དང་། ཆ། ཇ། ཏ། ད། ན། པ། ཕ བ། ར། ལ་ཡིག་བཅས་ལ་མགོ་ཅན་མེད། ཀ་ཡིག་ལ་སྨྱུག་ཁ་གཉིས་ཀྱིས་ཆོག་པར་བྱས་ནས་བྲིས་ཡོད་པ་མ་ཟད་མགོ་ཡང་རིང་བོར་མེད། ཀ་དང་ག་ཡིག་གི་མགོ་གཡོན་ཕྱོགས་སུ་དཀྱོག་ཡོད་པ་དང་། བ་ཡིག་ལ་སྨྱུག་ཁ་གཅིག་གིས་ཆོག་པར་བྱས་པར་མ་ཟད་འཁྲུག་པར་བྱས་ཡོད། ས་ཡིག་ནི་པ་དང་མཚུངས་པར་གྲུ་བཞིའི་དབྱིབས་སུ་འདུག་པ་བཅས་སོ། །
༣ ཡིག་ཆ་གང་དང་གང་ཡོད་པ།
དབུ་ཅན་དང་དབུ་མེད་ཀྱི་ངང་ནས་བྲིས་ཡོད་པའི་ཡིག་ཆ་རྣམས་ཏུན་ཧོང་ན་མཆིས་ཤིང་། འགའ་ཞིག་ནི་བྱེ་མའི་གསེབ་ནས་རྙེད་པ་ཡང་ཡོད། གཞན་རྣམས་གོང་དང་མཚུངས་སོ། ། IOL Tib J11262བདེ་བློན་ནས་བཏང་བའི་ཡི་གེ IOL Tib J1359ཐོ་ཡིག་འགོད་ཚུལ་བརྗོད་པའི་ཡི་གེ IOL Tib J1459བོད་ཡུལ་དབུས་འོན་ཅང་དོ་ནས་བཏང་བའི་ཡི་གེ P.T.230ཁྲི་འོད་སྲུང་གིས་ཕྱག་འཚལ་བའི་ཡི་གེ P.T.1201ཧོང་ན་ལ་སྤྲིངས་པའི་ཡི་གེ་ཏུན་ཧོང་ཆོས་ཀྱི་འགོ་བ་ཞིག P.T1202དངP.T1203ལས་ཀྱང་མཐོང་། P.T.12174ཙོང་ཁའི་ཞང་བློན་ཆེན་པོ་ལ་སྤྲིངས་པའི་ཡི་གེ P.T1094རྨོ་གླང་བཙོང་བའི་ཆིངས་ཡིག་བཅས་འདུས།
ལྔ། དགོན་པའི་ཡི་གེ
ཏུན་ཧོང་ནས་ཐོན་པའི་ཡིག་ཆ་མང་དུ་ཡོད་པ་ལས་ཡིག་གཟུགས་འདི་ཡིས་བྲིས་ཡོད་པའི་ཡིག་ཆའི་སྐོར་ཉུང་ངུ་ཙམ་ལས་མེད། ལག་ཏུ་རྙེད་སོན་བྱུང་བའི་ཡི་གེ་འགའ་ཡོད་པ་ནི་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱི་ཕྱག་རྒྱུན་དུ་སྣང་། ཁོང་ནི་བོད་བཙན་པོས་ཏུན་ཧོང་ལ་དབང་བསྒྱུར་བའི་དུས་ཀྱི་མཇུག་ཙམ་ལ་ཏུན་ཧོང་དུ་བཞུགས་པ་ཡིན།བོད་བཙན་པོས་ཏུན་ཧོང་ལ་དབང་བསྒྱུར་བའི་ལོ་ནི་སྤྱི་ལོ༨༣༠ནས་སྤྱི་ལོ༨༩༠བར་ཡིན། ཡིག་ཆ་འདི་དག་ནི་འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི་འགྱུར་ཡིག་གི་སྐོར་ཡིན་པར་མ་ཟད། འགོས་ཆོས་གྲུབ་བཞུགས་དུས་སུ་བྱུང་བའི་རྒྱ་དང་བོད་གཉིས་བར་ལ་བཞག་པའི་ཆིངས་ཡིག་གི་སྐོར་ཡང་ཡོད། ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་ཡིག་ཆ་དག་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ། རྒྱ་ཡིག་གི་བར་གསེང་ནས་བོད་ཡིག་གི་ཡིག་གཟུགས་ཆུང་ཆུང་བྲིས་པ་ཡང་མཐོང་ཐུབ། ཡིག་གཟུགས་འདི་དག་གཞུང་ཡིག་དང་ཅུང་འདྲ་ན་ཡང་ནང་དོན་དང་རྣམ་པའི་ཆ་ནས་གཞུང་ཡིག་ལས་ཡན་གར་དུ་ཡོད་པའི་ཡིག་གཟུགས་ཤིག་ཡིན་པ་ར་སྤྲོད་ཐུབ། ཡིག་གཟུགས་འདི་དག་ཡི་གེ་འབྲི་མཁན་ལ་མཚོན་ན་གལ་ཆེན་པོ་མིན་པ་འདྲ་བས། ཡིག་རིགས་འདི་བེད་སྤྱོད་གཏོང་མཁན་གྱི་ཚོགས་པ་ཡང་ཆུང་ཆུང་ཙམ་ལས་མེད་པ་འདྲའོ། །
༡ ཁྱད་ཆོས་སྤྱིར་བཏང་བ།
གཞུང་ཡིག་ལས་དབུ་མེད་ཀྱི་ཡི་གེ་དང་མཚུངས། འདི་ནི་འཁྱུག་ཡིག་དངོས་མ་དག་ཡིན། ཡིག་ཆ་རྣམས་ནི་བྲིས་པ་ཤིན་དུ་མགྱོགས་པ་དང་། ཡི་གེའི་མགོ་ནམ་རྒྱུན་དུ་བྲིས་ཚར་མེད་པ་དང་། ཡི་གེ་ལ་བར་སྟོང་ཆེན་པོ་ཤོར་ཡོད། ཡིག་འབྲུ་ཆུང་བ་དང་ཚགས་དམ་པ་དང་། ཡིག་ཆ་གཞན་དང་གཞན་དུ་མཐོང་བའི་འཁྱུག་ཡིག་དང་ཁྱད་པར་ཆེ་ཞིང་། སྤྱིར་བཏང་དུ་དྲང་ཚུགས་ལས་སྙོམས་པོར་ཡོད་པ་བཅས་ཡིན།
༢ ཁྱད་ཆོས་དམིགས་བསལ་ཅན།
ག་ཡིག་གི་མགོ་ཕྱེ་ནས་ཡོད་པ་དང་། མྱ་ཡིག་ནི་སྨྱུག་ཁ་གཅིག་གིས་འཐེན་ནས་བྲིས་ཡོད། འ་ཡིག་ལ་ཙ་རྟགས་མེད། ལ་ཡིག་སྨྱུག་ཁ་དང་པོ་མེད་པར་གྱུར་བ་བཅས་སོ། །
༣ ཡིག་ཆ་གང་དང་གང་ཡོད་པ།
IOL Tib J3 ཝི་ན་ཡ་ལས་ཐོན་པའི་ཉིང་ཁུ། IOL Tib J217མཛངས་བླུན་གྱི་ཁྱད་པར་སྟོན་པ་ལས་བྱུང་བའི་ཉིང་ཁུ། IOL Tib218མཛངས་བླུན་གྱི་ཁྱད་པར་སྟོན་པ་ལས་བྱུང་བའི་ཉིང་ཁུ། IOL Tib 301དང302ནང་རྒྱུད་ཀྱི་འགྲེལ་བ་ལ་དཔྱད་པ། IOL Tib 686འགོས་ཆོས་གྲུབ་ཀྱིས་བརྩམས་པའི་མོོ་ངྒལྱ་ཡ་ནའི་གཏམ་རྒྱུད། IOL Tib687འགོས་ཆོས་གྲུབ་ཀྱིས་བརྩམས་པའི་མདོ་ལུང་སྡུད་པ། IOL Tib J687འདུ་ཤེས་སྐོར་གྱི་སངས་རྒྱས་ཆོས་ཀྱི་ཆིངས་བཅས་འདས་སོ། །
དྲུག མཛེས་ཡིག་གི་སྐོར་ཏེ་བོད་བཙན་པོའི་གཞུག་གི་ཡི་གེ
བོད་བཙན་པོ་རྒྱལ་ཁབ་ཀྱི་མཇུག་དང་ཏུན་ཧོང་བྲག་ཕུག་གི་སྒོ་བརྒྱག་ལ་ཉེ་བའི་བར་ཏེ། དུས་རབས༡༢པའི་སྟོད་ཙམ་ལ་བྱུང་བའི་ཡིག་རིགས་ཤིག་ཡིན། ཡིག་གཟུགས་འདི་དག་སྤྱིར་བཏང་དུ་དབུ་མེད་དུ་ཡོད་པར་མ་ཟད་བཙན་པོའི་དུས་སྐབས་སུ་བྱུང་བའི་ཡི་གེ་ལ་མཛེས་རྒྱན་བཏོད་པའི་སྲོལ་བྱུང་མགོ་ཚུགས་པའི་སྐབས་སུ་ཐོན་པར་ངེས། བོད་བཙན་པོའི་གཞུང་དང་དགོན་པ་གང་དང་གང་གི་ཡི་གེ་བ་རྣམས་ཀྱིས་སྲོལ་འདི་ཕྱེ་ནས་ཐོན་པ་ཡང་ཡིན།
༡ ཁྱད་ཆོས་སྤྱིར་བཏང་བ།
མཛེས་ཡིག་གི་སྐོར་འདི་རྣམས་བོད་བཙན་པོའི་སྐབས་ཀྱི་ཡི་གེ་དང་བསྡུར་ན་ཁྱད་པར་ཡོད་དེ། དཔེར་ན་ཤད་དང་ཚེག་གཉིས་མར་འཐེན་ནས་རིང་བར་བྱས་ནས་བྲིས་ཡོད་པ་དང་། དབྱངས་ཀྱི་ཡི་གེ་རྣམས་ཞབས་ཀྱུ་དང་མཚུངས་པར་བྱས་ཡོད། དེར་མ་ཟད། བཙན་པོའི་སྐབས་ཀྱི་དབུ་མེད་དང་བསྡུར་ན་ཟུར་ཅན་གྱི་ཡི་གེ་མང་ཞིང་། ལྕི་བ་དང་ཡང་བའི་ཐིག་གཉིས་ཀྱི་བར་བརྗེས་རེས་བྱེད་པ་ནི་ཤ་དིང་ཞེས་གྲགས་པ་སྟེ། དེ་ནི་སྨྱུག་ཁ་མཉམ་པོར་ཡོད་པའི་སྨྱུ་གུས་འབྲི་བདེ་བའི་ཆེད་དུ་བྱུང་བར་མངོན།
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་ལས་ཀ་ཡིག་གི་མགོ་ཡིག་ཁ་ཕྱེ་འདུག་པ་དང་། ག་ཡིག་གི་མགོ་ཡིག་ཀྱང་ཁ་ཕྱེ་འདུག འདི་འདྲ་བ་ནི་བཙན་པོའི་སྐབས་སུ་བྱུང་བའི་རྡོ་རིང་དང་བྲག་བརྐོས་ཡི་གེ་ལ་ཤིན་ཏུ་མཐོང་དཀོན། ད་དང་ར་གཉིས་ནི་རྐང་བའི་སྣེ་མོ་དྲང་བ་དང་གསེགས་པའི་བར་ན་ཟུར་ཡོད་པ་དང་། བ་ཡིག་ནི་ཟུར་གསུམ་དུ་ཡོད་པ་བཅས་སོ། །
༣ ཡིག་ཆ་གང་དང་གང་ཡོད་པ།
ཡིག་གཟུགས་འདིའི་ཁོངས་སུ་གཏོགས་པའི་ཡིག་ཆ་ལ། IOL Tib J754 ཡི་གེ་དུམ་ཚན་འགའ་ཞིག་དང་། སྤྱི་ལོ༨༤༨ནས༩༢༠བར་སྟེ། 归义军གྱི་སྐབས་སུ་བྲིས་པའི་ཡི་གེP.T.1081དང་། P.T.1188ཡུལ་གུར་ཁ་གན་གྱིས་སྤྲིངས་པའི་ཡི་གེ་བཅས་འདུས།
བདུན། ཆོས་ཡིག་དབུ་ཅན་གྱི་སྐོར།
བཙན་པོ་དུས་རབས་ཕྱི་མའི་ནང་བྱུང་བ་དང་ཆོས་དང་ཆོས་མ་ཡིན་པའི་ཡིག་ཆ་རིགས་མི་འདྲ་བ་མང་བོ་ལ་ཡིག་གཟུགས་འདི་བེད་སྤྱོད་བཏང་འདུག རྩོམ་ལུས་མི་འདྲ་བའི་དབང་གིས་ཡིག་གཟུགས་ཀྱི་རྣམ་པ་ལ་ཡང་འགྱུར་བ་སྣ་ཚོགས་འདུག རྣམ་པ་འགའ་རེ་ནི་བཙན་པོའི་སྐབས་ཀྱི་མདོ་ཡིག་དང་ཁྱད་པར་ཆེ་བས། བྱུང་དུས་གསལ་ཐག་ཆོད་པ་ཞིག་ཁ་ཚོན་གཅོད་རྒྱུ་དཀའ། བཙན་པོའི་དུས་སྐབས་ཀྱི་རྗེས་ཀྱི་མདོ་དཔེའི་ཡིག་གཟུགས་ལ་སྣ་ཚོགས་བྱུང་ཡོད་ན་ཡང་། དེ་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ཡང་རྟོགས་ཐུབ། དཔེར་ན་ཤད་དང་ཀ་ཡིག་སོགས་ཀྱི་རྐང་བ་ཅུང་འཁྱོག་པར་བྱས་ནས་སྣེ་མོ་ཡང་མར་བཀུགས་པར་བྱས་ནས་བྲིས་ཡོད་པ་ལྟ་བུ་རེད། ཁྱད་ཆོས་འདི་ནི་བཙན་པོ་དུས་སྐབས་སུ་བྱུང་བའི་ཡིག་ཆ་ལ་བྱུང་བ་ཉུང་ལ། ཕྱིས་ཀྱི་ཡིག་ཆ་ལ་གཏན་ཆགས་པར་གནས་ཡོད་པར་མ་ཟད། ཡིག་གཟུགས་ལ་མཛེས་རྒྱན་བྱུང་བའི་རྒྱུ་རྐྱེན་གཅིག་ཀྱང་ཡིན་འདུག །
༡ ཁྱད་ཆོས་སྤྱིར་བཏང་བ།
ཤད་ཀྱི་རྐང་བ་འཁྱོག་པར་བྱས་ནས་བྲིས་ཡོད་པ་དང་། གསལ་བྱེད་ཀྱི་ཡི་གེ་རྣམས་ལས་ཀ་ཡིག་དང་ག་ཡིག་ད་ཡིག་ལ་སོགས་པའི་ཡི་གེའི་རྐང་བ་གསེགས་ནས་བྲིས་ཡོད་པར་མ་ཟད་སྨྱུག་ཁ་རིང་བར་འཐེན་ནས་བྲིས་ཡོད། མགོ་ཡིག་ཕྲ་བ་མ་ཡིན་པར་སྦོམ་པོར་བྱས་ནས་བྲིས་ཡོད་པ་བཅས་ཡིན། དུས་སྐབས་འདིར་བྱུང་བའི་ཆོས་ཀྱི་ཡིག་ཆ་རྣམས་ནི་སྨྱུག་ཁ་ཆེན་པོའམ་སྦོམ་པོས་བྲིས་ཡོད་པ་ཆེས་རྒྱུན་ལྡན་ཞིག་ཡིན།
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་རྣམས་ལས་ག་དང་ད་དང་ཤ་རྣམས་ཀྱི་རྐང་བ་མར་ལ་གསེགས་པར་བྱས་ཡོད་པར་མ་ཟད། སྨྱུག་ཁ་རིང་བར་འཐེན་ནས་བྲིས་ཡོད་པ་བཅས་ཡིན།
༣ ཡིག་ཆ་གང་དང་གང་ཡོད་པ།
ཏུན་ཧོང་ནས་ཐོན་པའི་ཆོས་ཀྱི་མདོ་ཡིག་མང་པོ་ཞིག་དང་སྔགས་ཡིག་མང་པོ་ཞིག་ནི་ཡིག་གཟུགས་འདིས་བྲིས་ཡོད། ཡིག་ཆ་འདིའི་སྐོར་ལ་ཡིག་གཟུགས་ཀྱི་རྣམ་པ་མི་འདྲ་བ་མང་ཞིང་། འདི་ནི་སྲོལ་རྒྱུན་གྱི་ཡིག་གཟུགས་སུག་རིང་དང་། དཔེ་ཚུགས། ཚུགས་ཐུང་། འཁྱུག་ཡིག་གམ་དབུས་ཡིག་ལྕགས་ཐག་མ། འབྲུ་ཚ་ལ་སོགས་པའི་རྣམ་པ་དུ་མར་བྱུང་བའི་སྔོན་འགྲོ་ཡང་ཡིན་ལ། འདིའི་ཁོངས་སུ་གཏོགས་པའི་ཡིག་ཆ་ལ། IOL Tib J709ཐེག་པ་ཆེན་པོའི་མདོ་ཡིག་ཚན་པ། IOL Tib J335 ཆོས་ཀྱི་མདོ་ཡིག་ཐུང་དུ། IOL Tib J530ནི་མལ་འབུལ་བའི་ཡི་གེ LOL Tib J728ཀོང་ཙི་ལུགས་ཀྱི་དཔེ་ཆ་བཅས་འདུས།
བརྒྱད། བཙན་པོ་དུས་སྐབས་ཕྱི་མའི་སྐབས་ཀྱི་དབུ་མེད་ཡི་གེ
བཙན་པོའི་དུས་སྐབས་ཕྱི་མར་བྱུང་བའི་དབུ་མེད་ཀྱི་ཡི་གེའི་གཟུགས་སུ་བྲིས་ཡོད་པའི་དུན་ཧོང་ནས་ཐོན་པའི་ཆོས་ཀྱི་ཡིག་ཆ་ཕལ་ཆེ་བ་ནི་དུས་རབས༡༠བའི་སྐབས་སུ་བྲིས་ནས་བྱུང་བ་ཡིན་ལ། ཆོས་ཀྱི་ཡིག་ཆ་འདི་དག་ནི་ཡི་གེའི་མཛེས་ཆ་རྩལ་དུ་བཏོན་ནས་བྲིས་ཡོད་པ་དང་། ཡི་གེའི་མཛེས་ཉམས་ཀྱི་ཁྱད་ཆོས་ངོམ་པ་དང་མཛེས་པའི་ཉམས་ཀྱིས་ཕྱུག་པའི་ཡི་གེ་དར་རྒྱས་ཆེར་ཕྱིན་པའི་སྐབས་སུ་བྱུང་བ་ཤ་སྟག་རེད།
༡ ཁྱད་ཆོས་སྤྱིར་བཏང་བ།
ཡི་གེའི་གཟུགས་ལས་ཤད་དང་རྐང་བ་ནི་གསེགས་ནས་བྲིས་ཡོད་པ་དང་། དེར་མ་ཟད་རྐང་བ་དང་ཤད་ཀྱི་སྣེ་མོ་མ་བཀུགས་པར་དྲང་ངེར་འདུག དཔེར་ན་གསལ་བྱེད་ཀྱི་ཡི་གེ་ཀ་ཡིག་ལ་སོགས་པའི་ཡི་གེ་འགའ་ཞིག་ལ་སྨྱུག་ཁའི་ཁ་གྲངས་སམ་སྨྱུག་འགྲོས་ཀྱི་བགྲོད་སྟངས་ཇེ་མང་དུ་འཕེལ་འདུག་པ་དང་། ཤད་དང་རྐང་བ་གསེགས་ནས་འཐེན་པ་དང་འཁྱོག་པར་བྱས་ཡོད་པ་ཡང་གཏན་ཆགས་སུ་གནས། སྨྱུག་ཁ་ཡང་ཞེང་ཚད་ཡངས་པ་ཅན་དུ་བྱས་ནས་ཡིག་ཤད་སྦོམ་པོ་མ་ཡིན་པར་ཕྲ་བུར་བཏང་ནས་བྲིས་ཡོད་པ་བཅས་ཡིན།
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་རྣམས་ལས་ཀ་ཡིག་ལ་སྨྱུག་ཤད་དམ་སྨྱུག་འགྲོས་གསུམ་ཡོད་པ་དང་། མཚམས་མཚམས་སུ་ཀ་མགོའི་ཁ་ཕྱེ་ནས་བྲིས་ཡོད། ག་ཡིག་ལ་ཡང་རྣམ་པ་གཉིས་ཡོད་དེ་གཅིག་ནི་ག་མགོ་ཁ་ཕྱེ་ནས་བྲིས་ཡོད་པ་དང་གཅིག་ནི་ཁ་ཕྱེ་མེད་པར་བྲིས་ཡོད། དེ་མིན་ད་དུང་འ་ཡིག་ལ་ཙ་རྟགས་ཆད་པ་དང་། ས་ཡིག་ལ་མགོ་ཡིག་མེད་པར་སྨྱུག་ཤད་དམ་སྒྱུག་འགྲོས་གསུམ་གྱིས་གྲུབ་པ་བཅས་ཡིན།
༣ ཡིག་ཆ་གང་དང་གང་ཡོད་པ།
ཡིག་གཟུགས་འདིའི་ཁོངས་སུ་གཏོགས་པའི་ཡིག་ཆ་དག་ནི་ཏུན་ཧོང་ནས་ཐོན་པའི་ཆོས་ཀྱི་གཞུང་རྣམས་ཡིན་ལ། ལྷག་པར་དུ། སྔགས་ཡིག་གི་སྐོར་རྣམས་ནི་ཡིག་གཟུགས་འདིའི་རྣམ་པས་བྲིས་པ་མང་། དཔེར་ན། IOL Tib L321འདི་ནི་དུས་རབས༡༠པར་བྱུང་བའི་དབུ་མེད་ཀྱིས་བྲིས་པའི་ཡིག་ཆ་དཔེར་མཚོན་ཅན་ཞིག་ཡིན་ལ། དེ་བཞིན་དུIOL Tib J552དངIOL Tib J437དངP.T.849བཅས་ཀྱང་འདིའི་ཁོངས་སུ་གཏོགས་པ་ཡིན། དེ་རྣམས་ལས། P.T.849ནི་མདོ་ཡིག་ཟུར་ཅན་མ་ཞིག་ཡིན་ལ། འདིའི་ནང་དུ་དུས་རབས་༡༠པར་བྱུང་བའི་ཤོག་དྲིལ་གཅིག་ཀྱང་འདུས་ཡོད།
དགུ། ཡིག་གཟུགས་མ་སྨིན་པའི་སྐོར།
ཡིག་གཟུགས་མ་སྨིན་པ་ཞེས་པ་ནི་བྲིས་གཟུགས་མཐར་མ་ཕྱིན་པའམ་བྲིས་པའི་ཡི་གེའི་སྨྱུག་ཁ་འཐེན་སྟངས་དང་སྦོམ་ཕྲ་ངེས་མེད་དུ་ཡོད་པའི་སྐོར་ཡིན་ལ། ཡིག་གཟུགས་འདིས་བྲིས་ཡོད་པའི་ཡིག་ཆ་རྣམས་ནི་ཡི་གེའི་བྲིས་གཟུགས་ལ་སྦྱང་བ་ལེགས་པར་མ་སོང་བའི་བོད་མ་ཡིན་པའི་མི་རིགས་གཞན་གྱི་མིས་བྲིས་པའི་སྐོར་ཡིན། སྤྱིར་བཏང་དུ། ཡིག་གཟུགས་འདི་དག་ནི་སྨྱུག་ཤད་ཀྱི་འགྲོ་སྟངས་ལ་ནོར་བ་བྱུང་མེད་ན་ཡང་ཡིག་གཟུགས་དེ་འདྲ་བྱང་ཆ་སོང་མེད་པའི་ཁྱད་ཆོས་མངོན་པར་ཤར་ཡོད། བོད་ཡུལ་མ་ཡིན་པའི་ས་ཁུལ་གཞན་དག་ཏུ་ཡང་ཡིག་ཆ་འདི་དག་མང་དུ་བྱུང་འདུག
༡ ཁྱད་ཆོས་སྤྱིར་བཏང་བ།
ཚང་མ་འདྲ་ཆེ་བའམ་སྤྱིར་བཏང་རིགས་མཐུན་ལྟ་བུར་སོང་ནས། ཁྱད་ཆོས་མངོན་གསལ་དུ་ཡོད་པ་ཞིག་དམིགས་སུ་བརྗོད་པར་དཀའོ། །
༢ ཁྱད་ཆོས་དམིགས་བསལ་ཅན།
གསལ་བྱེད་ཀྱི་ཡི་གེ་རྣམས་ལས་ད་ཡིག་དང་པ་ཡིག་བ་ཡིག་ས་ཡིག་བཅས་ཀྱི་མགོ་ཡི་རྩེ་མོ་གཡོན་ཕྱོགས་སུ་བརྒལ་ནས་བྲིས་ཡོད་པ་དང་། ཇ་ཡིག་དང་ཛ་ཡིག་ལྟ་བུ་ནི་སྨྱུག་ཤད་དམ་སྨྱུག་འགྲོས་གོ་རིམ་ཅན་དུ་བྱས་ནས་བྲིས་ཡོད་ཅིང་། མགོ་ནས་ཞབས་སུ་འཐེན་ནས་བྲིས་ཡོད་པ་བཅས་ཡིན།
༣ ཡིག་ཆ་གང་དང་གང་ཡོད་པ།
ཡིག་གཟུགས་འདིའི་ཁོངས་སུ་གཏོགས་པའི་ཡིག་ཆའི་སྐོར་ལ། IOL Tib J716རྣལ་འབྱོར་ཆེན་པོའི་སྐོར་དང་། P.T.60སྔགས་ཀྱི་སྐོར། P.T.37སྐྱེས་འཆིའི་སྐོར། Or.8210/s.95 རྣལ་འབྱོར་ཆེན་མོའི་སྐོར་བཅས་ཀྱི་ཡིག་ཆ་རྣམས་ཡིན།
བཅུ། ལྡོམ་ཚིག་གི་ཚུལ་དུ་རིགས་འདེད་བྱས་ཆོག་པ་འགའ།
༡ དེ་ལྟར་ཏུན་ཧོང་གཏེར་ཡིག་གི་ཡིག་གཟུགས་ལ་རིགས་མི་འདྲ་བ་དགུ་ཙམ་ཡོད་པའི་ཁྱད་ཆོས་བརྗོད་པ་བརྒྱུད་ནས། བོད་ཀྱི་ཡིག་གཟུགས་ལ་འགྱུར་བ་སྣ་ཚོགས་པ་ཞིག་བྱུང་བ་རྟོགས་ནུས།
༢ ཏུན་ཧོང་ཡིག་གཟུགས་ཀྱི་ཁྱད་ཆོས་ལས་ཏུན་ཧོང་ཡིག་ཆའི་སྔ་ཕྱིའི་རིམ་པ་ཡང་རྗེས་སུ་དཔག་ཐུབ་པ་ནི་ཁྲིམས་ཡིག་དང་དོན་ཆེན་གནས་བསྡུས་བཅས་ཀྱི་ཡིག་གཟུགས་ལ་གྲུ་བཞི་ཅན་གྱི་ཁྱད་ཆོས་ལྡན་པས་ཡིག་ཆ་འདི་དག་ནི།ཡིག་ཆ་གཞན་དག་ལས་སྔ་བར་བྱུང་ཡོད་པར་ཚོད་དཔགས་བྱེད་ཆོག །
༣ ཏུན་ཧོང་ཡིག་གཟུགས་ལ་རྣམ་པའི་ཆ་ནས་རིགས་མི་འདྲ་བ་དགུ་བྱུང་ཡོད་པ་འདི། དུས་ཀྱི་ཆ་ནས་བསྟན་པ་སྔ་དར་གྱི་འགོ་ནས་ཕྱི་དར་གྱི་འགོ་ཙམ་གྱི་བར་བྱུང་བར་གྲགས་ནའང་། དེ་དག་ཡིག་གཟུགས་རིགས་མི་འདྲ་བ་དགུ་ཙམ་དུ་འདུ་ཡོད་པ་དང་གཅིག་ཡིན་པར་ཚོད་དཔགས་བགྱི་དཀའ་ན་ཡང་། ཡིག་གཟུགས་ཀྱི་བྱེ་བྲག་མི་འདྲ་བ་འདི་དག་ལ་རྒྱབ་བཅོལ་ཏེ། བོད་ཀྱི་ཡིག་གཟུགས་ལ་སྦལ་ནག་བགྲད་འདྲ། སོ་ཕག་གཤིབ་འདྲ། བྱ་ཕོ་འཇོལ་བ། ནས་ནག་བཀྲམ་འདྲ། མི་ཏིག་བསྟར་བརྒྱུད། སྦུར་ནག་བགྲད་འདྲ། ཉ་མོ་ཆུར་འཕྱུར། སེང་གེ་གནམ་མཆོང་སོགས་ཡིག་གཟུགས་མི་འདྲ་བ་མང་དུ་བྱུང་བ་ཡང་། གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་ཡུལ་མི་འདྲ་བ་དང་། དུས་ཀྱང་མི་འདྲ་བར་རིམ་གྱིས་དར་བ་ཞིག་ཡིན་པར་ལུང་རིགས་གཉིས་ཀྱི་སྒོ་ནས་སྒྲུབ་བྱེད་བཀོད་ཆོག་གོ །
༤ ཁྱུང་བོ་གཡུ་ཁྲིས་ཐིག་ཁོག་ཏུ་དྲངས་པའི་ཡི་གེ་ལ་ཆ་ཆེན་ཆ་ཆུང་གི་སྲོལ་བཏོད་ནས་ད་ལྟའི་དབུ་མེད་ཀྱི་འབྲི་སྲོལ་འདི་མ་བྱུང་བར་དུ་སྦལ་ནག་བགྲད་འདྲ། ནས་སྔོན་བཀྲམས་འདྲ། མུ་ཏིག་བསྟར་བརྒྱུས་སོགས་ཡིག་གཟུགས་མི་འདྲ་བ་དེ་འདྲ་ཞིག་བོད་གངས་ཅན་གྱི་ལྗོངས་སུ་དར་བ་དང་། དབུ་མེད་ལ་ཡང་ལྡན་ལུགས་དང་ལི་ལུགས་བློ་ལྡན་ཡིག་གསར། མཁའ་འགྲོའི་བརྡ་ཡིག་གཏེར་ཡིག་སོགས་རིགས་མི་འདྲ་བ་མང་དུ་བྱུང་བ་དང་། ལྷག་པར་དུ་བསྟན་པ་ཕྱི་དར་ནས་བཟུང་དབུ་མེད་ལ་གཞུང་ཡིག་གམ་དབུས་ཡིག་དང་། ཁམས་བྲིས་སོགས་བྱུང་བ་དང་། དབུས་ཡིག་ལ་ནང་གསེས་སུ་སུག་རིང་དང་། དཔེ་ཚུགས། ཚུགས་ཐུང་། འཁྱུག་ཡིག་གམ་དབུས་ཡིག་ལྕགས་ཐག་མ།འབྲུ་ཚ། མཛེས་རྩལ་ལ་སོགས་པ་ཡི་གེའི་འབྲུ་ལུགས་སྣ་ཚོགས་པ་ཞིག་བྱུང་བ་ཡང་དུས་དང་ཡུལ་མི་འདྲ་བར་རིམ་གྱིས་བྱུང་བར་ངེས་ཤེས་འདྲོངས་ལ། ཉེ་ལམ་ཁམས་སུ་བྱུང་བའི་དབུ་མེད་ཀྱི་ཡིག་གཟུགས་ལ་ནང་གསེས་སུ་འབྲི་ལུགས་འགའ་རེ་ཡོད་པ་བཅས་བྱུང་ཡོད་པ་དང་། དབུ་མེད་དང་དབུ་ཅན་ལ་མདོ་སྨད་ཡུལ་དུ་ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་དང་དྲུང་ཡིག་ཨ་ཁུ་སྨོན་ལམ་གྱི་ཕྱག་རྒྱུན་གཉིས་གྲགས་ཆེ་བ་དང་། དེར་མ་ཟད། མཚོ་སྔོན་གྱི་ཡུལ་གྲུ་ཕལ་ཆེ་བར་ཨ་ལགས་ཚེ་ཏན་གྱི་ཕྱག་རྒྱུན་དར་ཆེ་བ་དང་། ཀན་སུའུ་དང་ཟི་ཁྲོན་སོགས་སུ་ཨ་ཁུ་སྨོན་ལམ་གྱི་ཕྱག་རྒྱུན་དར་ཆེ་བ་བཞིན་ཡིན་པས། ཡིག་གཟུགས་ཀྱི་ཁྱད་ཆོས་ནི་ཡུལ་གྱི་ཁྱད་པར་དང་དུས་ཀྱི་སྔ་གཞུག་ལ་འབྲེལ་ནས་ཡོད་པ་གསལ་ཞིང་། ཏུན་ཧོང་གཏེར་ཡིག་གི་ཡིག་གཟུགས་ལས་ཀྱང་ཡིག་ཆ་དེ་དག་གི་ཡུལ་གྱི་ཁྱད་པར་དང་དུས་ཀྱི་སྔ་གཞུག་རྗེས་སུ་དཔགས་པར་བྱེད་ཐུབ་པ་ཡིན་ནོ། །
མཆན་འགྲེལ།
[1][3] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨ལོའི་ཟླ༡པ། ཤ99 ཤ51
[2]ཚེ་ཏན་ཞབས་དྲུང་གིས་བརྩམས། ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ ༣པའི་བསྐྱར་དཔར། ཤ26
དཔྱད་གཞིའི་ཡིག་ཆ།
1. ཚེ་བརྟན་རྡོ་རྗེ་ཡིས་དཔེ་སྒྲིག་བྱས། ཡིག་གཟུགས་འབྲི་དེབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༥བ།
2. འཇང་ཤེས་རབ་རྣམ་དག་གིས་བྲིས། རྣམ་དག་ཡིག་གཟུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༣པ།
3. ལི་རྣམ་སྤྲུལ་མིང་པས་བྲིས། བོད་ཡིག་གི་དཔེ་གཟུགས་སྣ་ཚོགས་བཞུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༣པ།
4. སྨོན་ལམ་རྒྱ་མཚོས་བྲིས། ཡིག་གཟུགས་བློ་གསལ་སྤྱི་ནོར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དཔར་ཁང་། ༡༩༩༧ལོའི་ཟླ༣པ།
5. ཚེ་ཏན་ཞབས་དྲུང་གིས་བརྩམས། ལའི་ཐིག་འགྲེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས། ༡༩༨༤ལོའི་ཟླ༧པ།
6. ལྕགས་ཐར་རྒྱལ་གྱིས་བརྩམས། བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ ༡༢པ།
7. དཔའ་རིས་སངས་རྒྱས་ཀྱིས་བརྩམས། བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ༥པ།
8. དམུ་དགེ་བསམ་གཏན་གྱིས་བརྩམས། བརྡ་སྤྲོད་བློ་གསལ་དགའ་སྟོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ༥པ།
9.[美]肯尼迪·卡茨纳著,黄长著林书武译,世界的语
རྩོམ་ཁུངས། «ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།» ༢༠༡༤ལོའི་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།