བརྩམས་སྒྲུང་དང་འབྲེལ་བའི་དེབ་གཉིས་བཀླགས་པའི་ཟིན་ཐོ།
རྩོམ་པ་པོ།:མཛོད་རྒུ·ཏིང་འཛིན་འཕྲིན་ལས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-20
ཀློག་གྲངས།:
«སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ»དང«སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།»གཉིས་བཀླགས་པའི་ཟིན་བྲིས།
མཛོད་རྒུ·ཏིང་འཛིན་འཕྲིན་ལས།
ངས་མཚམས་རེར་རང་ཉིད་ལ་དུས་ཚོད་ཀྱིས་མི་འདང་བའི་ཚོར་སྣང་རེ་སྐྱེས་མོད། ཞིབ་ཏུ་རང་གི་ཉིན་གཅིག་ལ་བརྟགས་པ་ན། དུས་ཚོད་མང་ཤོས་ནི་རྣམ་གཡེང་དང་། ཁ་པར་ལ་མགོ་འཁོར་བ། མཐའ་མི་མངོན་པའི་བརྙན་ཐུང་གི་གསེང་དུ་ཟད་འགྲོ་བ་རྟོགས། “འབུ་གྲོག་མ་མིན་པས་སྐེ་རགས་བཅིངས”བའི་དུས་ཚོད་དུ་སྒྱིད་ལུག་དང་ལེ་ལོའི་དབང་དུ“སྙོམས་ལས་ངང་ལ་སྡོད་པའི་དུས་མ་ཡིན”ཡང་། དུས་ཚོད་ཟ་ཞིང་ཚེ་ཡི་ལང་ཚོ་འཇིབ་འགྲོ་བའི་ལེ་ལོའི་བསླུ་བྲིད་ནི་ལྡོག་མི་ཐུབ་པར་འདུག
བརྒྱ་ལ་དཔེ་དེབ་རེ་ཙམ་ལྟ་ཀློག་ཐུབ་ཀྱང་། བལྟས་ན་ངེས་ངེས་འདྲ་ཡང་། ཁ་བསུམ་རྗེས་དྲན་པའི་སྒོ་མོ་ནག་དོང་ངེར་འདན་འགྲོ་བའི་ངང་ཚུལ་དང་། རིག་པ་གསལ་བ་ལས་བརྗེད་ངས་ཆེ་བའི་དབང་རྟུལ་རང་ལ་དྲན་སོས་ཆེད་དུ་དཔེ་ཀློག་ཟིན་བྲིས་རེ་འདེབས་དགོས་པར་འདུག
༡ «སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ»བཀྲ་བྷས་བརྩམས། སྤྱི་ལོ༢༠༢༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། ཤོག་ངོས༣༦༣བྱོན།
[ནང་དོན་གནད་བསྡུས།] དེབ་འདི་ནི་སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་ལས་དང་པོ་བ“ལོང་བ་ཐང་དཀྱིལ་དུ་ལུས་པ”ལྟ་བུའི་གསར་རྩོམ་པ་དག་གི་ལམ་སྟོན་མཁན་ཞིག་རེད། ༡.སྒྲུང་གཏམ་དང་། ༢.བློས་སློང་། ༣.ཁོར་ཡུག ༤.མི་སྣ། ༥.བྱུང་རིམ་བཅས་རབ་བྱེད་དམ་ས་བཅད་ཆེན་པོ་ལྔ་དང་། ནང་གསེས་ས་བཅད་དུ་མར་ཕྱེས་ཏེ། དོན་རེ་རེ་གསེད་བཀྲོལ་བྱས་ཏེ་བསྟན་ཅིང་། སྤྱི་དང་བྱེ་བྲག་གི་དོན་རྣམས་ཀྱང་རང་གར་རིག་གཞུང་གི་འཆད་ཐབས་ཙམ་ལས་འགོངས་ཏེ་དོན་རེ་རེ་བཞིན་དཔེར་བརྗོད་ཀྱི་སྒྲུང་གཏམ་དུ་མ་དྲངས་ནས་དཔེ་དང་དཔེ་ཅན་སྦྱར་བའི་སྒོ་ནས་བསྟན་འདུག་ལ། ད་དུང་དོན་ཚན་ཕལ་ཆེར་ལ“གསལ་འདེབས་ཕྲན་བུ”ཞེས་བརྗོད་ཟིན་གྱི་དོན་དེ་དག་གི་ཕྱོགས་བསྡུས་སམ། དེ་དག་སྡོམ་དུ་དྲིལ་ནས་རྩོམ་པ་ལ་འཇུག་དུས་ངེས་དགོས་ཤིང་དོ་སྣང་བྱ་དགོས་པའི་གནད་དང་། “བརྒྱ་བཤད་ཚིག་གི་རྩ་བ”མདོར་དྲིལ་ཏེ་བརྗོད་པ་སོགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་། གཞུང་ལུགས་དང་ལག་ལེན་མཉམ་བསྲེས་ཀྱི་ཁྱད་ཆོས་དང་ལྡན་པའི་ངང་དུ་གསལ་འགྲེལ་བྱས་འདུག
༢ «སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།»བཀྲ་བྷས་བརྩམས། སྤྱི་ལོ༢༠༢༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། ཤོག་ངོས༢༧༤བྱོན།
[ནང་དོན་གནད་བསྡུས།] དེབ་འདི་ནི་སྒྲུང་གཏམ་གསར་རྩོམ་སྐབས་གང་ཞིག་འབྲི་བ་དང་། གང་ཞིག་མི་འབྲི་བ། ཇི་ལྟར་འབྲི་བ་དང་། ཇི་ལྟར་མི་འབྲི་བ་སོགས་ཀྱི་དྲི་བ་དང་དཀའ་གནད་མང་པོ་མང་པོ་ཞིག་དང་འཕྲད་སྲིད་པ་དག །སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་མི་ལོ་དུ་མར་གཞོལ་ཞིང་། གསར་རྩོམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་པ་པོ་གང་དེས་རང་གི་མྱོང་བ་དང་། རིག་གཞུང་གི་རྒྱབ་བརྟེན་དུ་མ་ལ་ཁུངས་བཅོལ་ཏེ། ༡.སྒྲུང་གཏམ་ཐད་ཀྱི་དྲི་བ་དྲིས་ལན། ༢.བློས་སློང་ཐད་ཀྱི་དྲི་བ་དྲིས་ལན། ༣.ཁོར་ཡུག་ཐད་ཀྱི་དྲི་བ་དྲིས་ལན། ༤.མི་སྣའི་ཐད་ཀྱི་དྲི་བ་དྲིས་ལན། ༥.བྱུང་རིམ་ཐད་ཀྱི་དྲི་བ་དྲིས་ལན། ༦.རྣམ་པ་ཕྲ་མོའི་ཐད་ཀྱི་དྲི་བ་དྲིས་ལན། ༧.སྒྲིག་གཞིའི་ཐད་ཀྱི་དྲི་བ་དྲིས་ལན་སོགས་གསར་རྩོམ་གྱི་ལག་ལེན་དངོས་ལ་འཇུག་དུས་འཕྲད་ངེས་པའི་དོན་ཚན་ཆེན་མོ་བདུན་དང་། དོན་ཚན་དེ་དག་གི་ནང་གསེས་སམ་བྱེ་བྲག་པ་དུ་མར་བཀར་ཏེ་དྲི་བ་རེ་ལ་དྲིས་ལན་རེ་རེ་དང་། དྲིས་ལན་སྐབས་ཀྱང་ལན་གྱིས་འཐུས་པ་རྣམས་པ་ལན་དང་། ལན་གྱིས་མ་འཐུས་པ་དག་ལ་དཔེར་བརྗོད་རེ་རེ་དང་སྦྱར་ཏེ་དོན་ཚན་དང་དོན་ཚན་མ་འཁྲུགས་པར་སོ་སོའི་དོན་རྣམས་སོ་སོར་དྲངས་ཏེ་ཁྱོན་དྲི་བ༣༧༨ལ་དྲིས་ལན་ཡང༣༧༨བཏབ་ཏེ་སྒྲུང་གཏམ་གསར་རྩོམ་གྱི་དཀའ་གནད་སེལ་ཐབས་བྱས་ཡོད།
དེབ་འདི་གཉིས་ནི་རྩོམ་པ་པོས་མི་ལོ་དུ་མའི་རིང་གི་རང་ཉིད་གསར་རྩོམ་ལ་འཇུག་པའི་ཉམས་མྱོང་དང་། མི་ལོ་དུ་མར་སྐལ་ལྡན་གྱི་སློབ་བུ་མང་པོ་གསོ་སྐྱོང་བྱས་སྐབས་ཀྱི་ཉམས་མྱོང་། ཉམས་མྱོང་དེ་དག་ལས་བྱུང་བའི་བློ་བསྐྱེད། རྒྱལ་ཕྱི་ནང་གི་སྒྲུང་གཏམ་དཔྱད་བརྗོད་པ་དང་། སྒྲུང་གཏམ་པ། གཞུང་ལུགས་སྨྲ་བ་སོགས་ཀྱི་ལེགས་པ་ཚུར་ལེན་དང་། ཉེས་པ་ཕར་འདོར་གྱིས་བརྩམས་པའི་དེབ་ཅིག་ཏུ་འདོད་ལ། དེ་ལས«སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ»ཞེས་པ་འདི་ཉིད་དཔར་སྐྲུན་མ་བྱས་གོང་མ་ཕྱི་ཡོངས་རྫོགས«གངས་དཀར་རི་བོ»དུས་དེབ་སྟེང་མུ་འགོད་བྱས་ཏེ་སྤེལ་བ་དང་། ༢༠༢༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཞིག་རེད་འདུག
དེབ་འདི་གཉིས་ནི་བོད་ཀྱི་རྩོམ་རིག་གསར་གྱི་ལོ་རྒྱུས་ཁྲོད་དུ་བོད་པ་རང་གིས་བོད་ཡིག་གི་ལམ་ནས་བྲིས་པའི་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་གཞུང་ལུགས་ཐོག་མ་རུ་བགྲངས་ཆོག་ཅིང་། དེའང་སྟོང་ཆ་ཙམ་ཞིག་བསྐངས་པའི་ཁྲལ་དང་མིང་ཙམ་ལས་ཡོངས་སུ་འདས་ཏེ། རྩོམ་རིག་གསར་རྩོམ་དང་ལྷག་པར་སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་བློ་གྲོས་གསར་བུ་བ་དག་ལ་མཚོན་ན། “བཀླགས་མ་ཐག་རྟོགས་པ་དང་། རྟོགས་མ་ཐག་གསར་རྩོམ་ལ་ཕན”པར་མ་ཟད། དེབ་འདི་གཉིས་ནི་རིག་གཞུང་གི་ཁོངས་སུ་འདུ་ཡང་། སླ་མོ་དཀའ་མོའི་འགྲེལ་བར་དགའ་བའི་སྲོལ་རྒྱུན་ལྟར་གཞུང་ལུགས་རང་བཞིན་གྱི་དགག་བཞག་སྤོང་གསུམ་དང་། གཞུང་ལུགས་ལྟར་གྱི་རྩོད་ཉོག་རང་བཞིན་ཅན་གྱི་ཡིག་ཚོགས་སྤུངས་པ་ཏེ། “གོ་སླ་ཞིང་འཛིན་བདེ་བ། གནད་གཙོ་བོ་ཐམས་ཅད་དཔེར་བརྗོད་ཀྱིས་གསལ་བཤད་བྱས་ཡོད་པའི་དཔེ་དེབ་ཞིབ་ཆ་ཅན་ཞིག”ཡིན་པའི་ངེས་ཤེས་དང་བསམ་ཚུལ་ཞིག་བྱུང་ངོ་། །
འབྲེལ་ཡོད་འོས་སྦྱོར།