ཉི་ཧོང་གི་བརྩམས་སྒྲུང་གྲགས་ཅན«མིའི་ཐོབ་ཐང་ཤོར་བ»
རྩོམ་པ་པོ།:སྒོ་རང་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-30
ཀློག་གྲངས།:
«མི་ཡུལ་གྱི་ཐོབ་ཤོར»(མིང་གཞན་ལ«མིའི་ཐོབ་ཐང་ཤོར་བ»ཟེར།)ཞེས་པ་ནི་ཉི་ཧོང་གི་བརྩམས་སྒྲུང་རྩོམ་པ་པོ་དཱ་ཙའེ་ཨོ་ས་མུ(太宰治)ལགས་ཀྱིས་གསར་རྩོམ་མཛད་པའི་རང་རྣམ་ཕྱེད་མའི་བརྩམས་སྒྲུང་ཞིག་ཡིན། ༡༩༤༨ལོར«རྒྱང་ལྟ»ཞེས་པའི་དུས་དེབ་ཐོག་བསྟུད་མར་ཐེངས་གསུམ་ལ་འགོད་པའི་བརྩམས་སྒྲུང་གི་ལམ་ནས་སྤེལ།
«མི་ཡུལ་གྱི་ཐོབ་ཤོར།»
བརྩམས་སྒྲུང་འདིའི་ནང་དུ་ཨོ་པ་ཡའོ་ཟོ(大庭叶藏)ཇི་ལྟར་གོམ་པ་རེ་རེ་བཞིན་མིའི་ཐོབ་ཐང་ཤོར་བའི་ལམ་དུ་བསྐྱོད་པ་ཞིབ་བརྗོད་བྱས་ཤིང་། ཨོ་པ་ཡོའོ་ཟོའི་ཁེར་རྐྱང་གི་ཆིག་ལབ་དང་། “ངོ་ཚ་དགོས་པའི་ཚེ་གང”ཞེས་པའི་རྩོམ་པ་པོའི་ནང་སེམས་ཀྱི་འཇིག་རྟེན་ལ་ལྟ་ཞིབ་བྱེད་ཐུབ།
བརྩམས་སྒྲུང་འདི་ནི་རྩོམ་པ་པོའི་གླེང་གཞི་དང་མཇུག་བྱང་། མི་སྣ་གཙོ་བོ་ཨོ་པ་ཡའོ་ཟོ་ཡི་འཕྲིན་ཡིག་སུག་བྲིས་མ་གསུམ་ལས་གྲུབ་ཡོད། མི་སྣ་གཙོ་བོ་གཞོན་དུས་ནས་དར་མའི་བར་དུ་དངོས་ཡོད་ལས་གཡོལ་ཐབས་བྱེད་ཆེད་མཚམས་མེད་པར་སྡུག་རིད་ཀྱི་གནས་སུ་ལྷུང་བ་དང་། རང་ཉིད་འཚོ་བའི་མཐའ་རུ་སྤྱུག་པ། ཆང་རག་ཚོད་མེད་འཐུང་བ། རང་སྲོག་གཅོད་པ། སྨན་རྫས་ལ་བརྟེན་ནས་རང་ཉིད་གཡེང་བག་ཏུ་གཏོང་བ་སོགས་བྱས་ནས་རིམ་གྱིས་རང་ཉིད་རྨག་མེད་གཏོང་བའི་སྐྱོ་གར་ལ་ཕྱོགས་ཤིང་། རང་གིས་རང་ཁས་མི་ལེན་པའི་བརྒྱུད་རིམ་ཁྲོད་ནས་རང་ཉིད་ཀྱི་སེམས་གཏིང་གི་སྐྱོ་སྣང་མཚོན་ཞིང་། དེ་བཞིན་གཞན་གྱིས་གཅེས་པའི་བརྩེ་དུང་ལ་རེ་སྨོན་བྱེད་པ་སོགས་མཚོན་པར་བྱས་ཡོད།
མི་སྣ་གཙོ་བོ་ཨོ་པ་ཡའོ་ཟོའི་མི་ཚེའི་བྱུང་བ་བྲིས་པ་བརྒྱུད་ནས། རྩོམ་པ་པོས་རང་ཉིད་ཀྱི་ལོ་རྒྱུས་དང་བསམ་བློ་དག་ངོ་མཚར་ཆེ་བའི་སྒོ་ནས་མཚོན་ཐུབ་ཡོད་ཅིང་། མི་གཤིས་ཀྱི་ཆེས་བཅོས་མ་མིན་པའི་སྡུག་བསྔལ་གྱི་གནད་དོན་བཏོན་ཡོད། ཁོང་གི་ཉམས་ཞན་དོད་པའི་རྩོམ་ཡིག་ནང་ནས་དེ་ལས་ཀྱང་ནང་སེམས་ཀྱི་དཀའ་སྡུག་ཟབ་མོ་མྱོང་ཚོར་ཐུབ་པ་དང་། བརྩམས་ཆོས་འདི་ལེགས་གྲུབ་བྱུང་རྗེས། མཐར་ཐུག་རྩོམ་པ་པོས་ཆུ་ལ་ལྕེབས་པའི་ཐབས་ཀྱིས་རང་ཉིད་ལ་ཆེས་མཐའ་མའི་བཞི་ཤད་བཀོད་པ་རེད། དེར་བརྟེན«མི་ཡུལ་གྱི་ཐོབ་ཤོར»ཞེས་པ་ནི་དཱ་ཙའེ་ཨོ་ས་མུའི་རང་རྣམ་ཕྱེད་མའི་བརྩམས་ཆོས་ཤིག་ཡིན་པ་རེད།
གློག་བརྙན«མི་ཡུལ་གྱི་ཐོབ་ཤོར»
ཉི་ཧོང་གི་རླབས་གསར་རིག་མཛོད་ཁོ་ནས«མི་ཡུལ་གྱི་ཐོབ་ཤོར»ཞེས་པའི་བརྩམས་སྒྲུང་དེབ་འདི་ཁྲི་དྲུག་བརྒྱ་ལས་བརྒལ་བ་འགྲེམས་སྤེལ་བྱས་ཤིང་། འཛམ་གླིང་ལ་ཁྲི་ཆིག་སྟོང་ཉིས་བརྒྱ་ལས་བརྒལ་བ་སྤེལ་ཐུབ་ཡོད། ཉི་ཧོང་དུ་དེང་སྐབས་སྔར་བཞིན་བརྩམས་སྒྲུང་འདིར་ཀློག་པ་པོ་འབོར་ཆེན་ཡོད་པ་མ་ཟད། གློག་བརྙན་དང་འགུལ་རིས་སོགས་སུ་བཅོས་སྒྲིག་བྱས་ནས«མི་ཡུལ་གྱི་ཐོབ་ཤོར»ཞེས་པའི་གློག་བརྙན་དང་། «གཞོན་ནུའི་རྩོམ་རིག»ཞེས་པའི་འགུལ་རིས་སོགས་བྱུང་ཡོད།རྩོམ་པ་པོ་ངོ་སྤྲོད།
དཱ་ཙའེ་ཨོ་ས་མུ།(太宰治)
༡༩༠༩ལོའི་ཟླ༦ཚེས༡༩ཉིན་སྐུ་འཁྲུངས། ༡༩༤༨ལོའི་ཟླ༦ཚེས༡༣ཉིན་སྐུ་གྲོངས།ཉི་ཧོང་གི“འཆལ་ཚུལ་རིང་ལུགས”(无赖派)རྩོམ་རིག་གི་འཐུས་ཚབ་རྩོམ་པ་པོ་ཡིན། ཁོང་ཉིད་དང་ཁཱ་ཝ་པ་ཐ་ཡ་སི་ན་ལིས①དང་མིའུ་ཤེ་མ་ཡོ་ཁུའུ་ཨོ②རྣམ་པ་གསུམ་ལ། འཁྲུག་ཆེན་རྗེས་ཀྱི་རྩོམ་རིག་གི་རྩེར་སོན་མི་སྣ་ཞེས་ཞུ། འབྱོར་བ་དང་དབང་ཆ་གཉིས་ལྡན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། མཚན་དངོས་ལ་ཐོ་ཤེ་མ་ཤེ་ཡོའོ་ཅིའུ(津岛修治)ཞུ། སློབ་འབྲིང་སྐབས་ནས་བརྩམས་སྒྲུང་དང་། ཐོལ་རྩོམ། ཟློས་གར་བཅས་གསར་རྩོམ་བྱས་ཤིང་། ཨེ་ཟོ་མིའུ་ཁོའོ་ཁཱ③དང་། ཨ་ཁོའུ་ཐ་ཀཱ་བ་རེ་ཡོ་ནོ་སོ་ཁེ④རྣམ་གཉིས་ཀྱི་བརྩམས་ཆོས་ལ་ཡིད་ཤིན་ཏུ་དགྱེས་པ་རེད། ཨ་ཁོའུ་ཐ་ཁ་བས་རང་སྲོག་བཅད་པ་དེས་ཁོང་ལ་རྡུང་རྡེག་དང་ཤུགས་རྐྱེན་ཆེན་པོ་ཐེབས།
༡༩༣༠ལོར་ཐོ་ཁེ་ཡོ་སློབ་ཆེན(东京大学)གྱི་ཁྲིམས་རིག་སྡེ་ཁག་ཏུ་སློབ་གཉེར་མཛད། ཐོག་མར་ཨེ་པོ་སེ་མཱ་སོ་ཅེ⑤དང་འཕྲད་ནས་ཚེ་གང་གི་དགེ་རྒན་དུ་བཀུར། ལོ་དེར་ཁོང་གིས་མ་དངུལ་རོགས་སྐྱོར་གྱི་ལམ་ནས་ཉི་ཧོང་གུང་ཁྲན་ཏང་གི་བསྐྱར་འཛུགས་ལས་དོན་ནང་ཞུགས་པ་དང་། ལོ་གཉིས་ཀྱི་རྗེས་སུ་གཡོན་རུའི་བྱེད་སྒོ་དང་འབྲེལ་བ་མེད་པར་བྱས། 1935ལོར་བརྩམས་སྒྲུང«ལྡོག་སྐྱོད»ཞེས་པ་སྐབས་དང་པོའི་ཨ་ཁོའུ་ཐ་ཀཱ་བ་བྱ་དགའི⑥མིང་འདེམས་ཀྱི་གྲས་སུ་ཚུད། ཁོང་གི་བརྩམས་ཆོས་གལ་ཆེན«མི་ཡུལ་གྱི་ཐོབ་ཤོར»དང་། «ལ་ཁའི་ཉི་མ» «ཧྥུ་ཅི་རི་བོའི་ལྗོངས་བཀོད་སྣ་མང» «ཐོ་ཁེ་ཡོའི་ཡུལ་ལྗོངས་བརྒྱད» «སློབ་མ་བུ་མོ»སོགས་མང་ཆེ་བ་ནི་རང་ཉིད་ཀྱི་འཚོ་བ་དངོས་བྲིས་ཡིན་པ་དང་། ཉི་ཧོང་གི་སྤྱི་ཚོགས་དང་དེང་རབས་མིའི་སྙིང་སྟོབས། ཚོར་དབང་འཇིག་རྟེན་གཉིས་བཅས་ཉམས་རྒུད་དུ་འགྲོ་བཞིན་པ་མཚོན་ཡོད། དཱ་ཙའེ་ཨོ་ས་མུ་ཡིས་ཐེངས་མང་པོར་རང་ལྕེབས་བྱས་ནས་མ་འགྲུབ་ཀྱང་། མཐར་དགུང་ལོ་སོ་དགུའི་ཐོག་དགའ་རོགས་མཐའ་མ་དང་མཉམ་དུ་ཆུ་ལ་ལྕེབས་ནས་རང་སྲོག་བཅད་པ་རེད།
རེ་སྨོན་དང་རྒོལ་བ།
«མི་ཡུལ་གྱི་ཐོབ་ཤོར»ཞེས་པ་བཀླགས་རྗེས།
སྒོ་རང་གྲོལ།
ངས་བརྩམས་སྒྲུང་འདིའི་སུག་བྲིས་མ་གསུམ་པ་བཀླགས་ཚར་བ་དང་མཇུག་བྱང་ཀློག་ཉེར་འགྱུར་དུས། སེམས་སུ་བཤད་མི་ཤེས་པའི་སྐྱོ་སྣང་ཞིག་ཤུགས་ཀྱིས་འཛུལ་ཞིང་མིག་ཟུང་ནས་མཆི་མ་འདྲིལ་ཡོང་བའི་སྣང་བ་ཞིག་སྐྱེས། ངས་རང་གི་ནང་སེམས་ལ་ངོ་ཡ་མི་ལོན་ཡང་། མིག་མཐའ་ནས་མཆི་མ་མི་བཞུར་བར་ཚོད་འཛིན་བགྱིས་པ་ཡིན། འཇིག་རྟེན་འདིའི་མི་ཐམས་ཅད་གཉོད་ཆུང་རེད་ཅེས་བརྗོད་པར་མི་འོས་ཀྱང་། ཨོ་པ་ཡའོ་ཟོ་ལྟ་བུའི་སེམས་ཀྱི་དམྱལ་ཁམས་དང་མི་ཡུལ་གྱི་འཇིགས་སྣང་མཐོང་བའི་མི་ནི་ཡོད་ངེས་ཅན་རེད།
“འཇིག་རྟེན་ནས་མིར་སྐྱེས་པ་ནི་ནག་ཉེས་ཤིག་རེད།” ཁོས་ནམ་ཡང་མི་གཞན་ལ་ཡིད་མཐུན་གྱི་ངོ་དགའ་བྱེད་ཅིང་བཞད་གད་སློང་བར་འབད་མྱོང་། ཐ་ན་ཟོལ་མེད་དང་སྲོག་བསྡོས་ཀྱིས་མི་ལ“ཞབས་འདེགས”ཞུས། རང་ཉིད་ལ་གཞན་གྱི་བརྩེ་བ་འཐོབ་པའི་འདུན་པ་ཤིན་ཏུ་ཆེ་ན་ཡང་། རང་གི་སེམས་འདུན་དང་རེ་སྨོན་རང་སེམས་ཀྱི་ཆེས་ཟབ་སར་སྦས་ནས། འཇིག་རྟེན་འདིའི་དངོས་ཡོད་དམ་ཡང་ན་མི་གྲལ་གྱི་འཇིགས་སྣང་ལ་གཡོལ་ཐབས་བྱས། རིམ་གྱིས་ཁོ་རང་མི་ཡི་གྲལ་མཐར་སླེབས་པ་དང་མཐར་མི་ཞིག་བྱེད་པའི་ཐོབ་ཐང་ཡང་ཤོར་ཟིན་པ་ལྟ་བུའི་གནས་སུ་ལྷུང་། དོན་གྱིས་ཁོ་ལ་གཉོད་ཆུང་དང་སྨྱོན་པ་ཞེས་སྡིགས་དགོས་སམ་ཡང་ན་སྙིང་སྟོབས་ཅན་དང་བརྩེ་བ་ཅན་ཞེས་བསྔགས་འོས། མ་གཞི་མི་ཚོས་སྙིང་སྟོབས་ཅན་དུ་བསྙད་པ་དག་སྙིང་སྟོབས་ཅན་དང་། བརྩེ་བ་ཅན་དུ་བསྙད་པ་དག་བརྩེ་བ་ཅན། གཉོད་ཆུང་ནུས་མེད་དུ་བསྙད་པ་དག་གཉོད་ཆུང་ནུས་མེད་ཅིག་ཡིན་ངེས་སམ། གང་ལྟར། ཁོ་འཚོ་བ་དང་མི་གྲལ་གྱི་སྐྱུག་བྲོ་བའི་དངོས་ཡོད་ལ་ཞེན་པ་ལོག་ཅིང་། ཁོས་ཚེ་སྲོག་ལ་བཟུང་བའི་ཨུ་ཚུགས་ཀྱང་འདོར་ཐབས་བྲལ།
“འཇིག་རྟེན་གྱི་བསམ་ཡུལ་ལས་འདས་པ་ནི། དོན་དངོས་སུ་མི་སྒེར་གྱི་བསམ་ཡུལ་ལས་འདས་པ་དེ་རེད།”
“ང་སྟབས་མི་ལེགས་པ་ནི་མི་ཞིག་དང་ལེན་མི་བྱེད་པའི་ནུས་པ་མེད་པ་ལས་བྱུང་བ་ཡིན། ང་རྣམ་ཀུན་འཇིགས་སྣང་ཞིག་གི་ནང་དུ་ཚུད་དེ། ནམ་ཞིག་གཞན་གྱི་ཁ་ཏ་དང་བསླུ་བྲིད་དང་ལེན་མ་བྱས་ཚེ། ཕན་ཚུན་གྱི་སེམས་སུ་ནམ་ཡང་གསིབ་ཐབས་བྲལ་བའི་གས་ཁ་ཞིག་འཇོག་པར་འདོད།”
འཇིག་རྟེན་གྱི་དོན་ངོ་མའི་སྡུག་བསྔལ་ཤེས་པའི་མི་ཡིས་ད་གཟོད་མི་གཞན་ལ་ཞི་འཇམ་བྱེད་ཐུབ། རྒྱུ་མཚན་ནི་ཁོ་ཚོས་གྲངས་ལས་འདས་པའི་སྡུག་བསྔལ་དང་རེ་ཐག་ཆད་པར་རྒོལ་བ་བྱེད་མྱོང་བས། ད་གཟོད་གཞན་དག་ལ་སྡུག་བསྔལ་མྱོང་དུ་འཇུག་མི་འདོད། དེ་བས་“མི་ཞིག་ཏུ་སྐྱེས་པ་དེའི་ཆེད་དུ། ངས་དགོངས་དག་ཞུ་དགོས།”
ཁོ་སེམས་ཀྱི་ཟབ་ས་ནས་བརྩེ་བར་སྨོན་ན་ཡང་། ཕྱོགས་གཞན་ཞིག་ནས་བརྩེ་བར་སྐྲག་ཀྱང་སྐྲག ཡང་གཞན་གྱི་བརྩེ་བ་རྣམ་དག་ཅིག་འཐོབ་མི་ཐུབ་པས། ཁོས་རང་ཉིད་འཇིག་རྟེན་གྱིས་ཡོངས་སུ་དོར་བར་སྙམ་པ་དང་། དུས་མཚུངས་སུ་ཁོས་ཀྱང་རྫུ་བཟང་ཆེ་བའི་སྤྱི་ཚོགས་གཏན་ནས་ཁས་མ་བླངས་པ་རེད།
“མུ་མཐུད་དུ་རྩེད་ནས་བསྡད་ན། འཇིག་རྟེན་གྱིས་བཟོད་སྒོམ་བྱེད་མི་སྲིད།”
“འཇིག་རྟེན་ཟེར་བ་ནི། ཁྱོད་མ་རེད་དམ།”
“འཇིག་རྟེན་གྱིས་ཁྱོད་ལ་བཟོད་སྒོམ་བྱེད་མི་སྲིད།”
“འཇིག་རྟེན་མ་ཡིན་པར། ཁྱོད་ཀྱིས་བཟོད་སྒོམ་བྱེད་མི་སྲིད་པ་མིན་ནམ།”
“མི་འགྱངས་བར་ཁྱོད་འཇིག་རྟེན་གྱིས་དུར་སྦས་བྱེད་ངེས།”
“འཇིག་རྟེན་གྱིས་སྦས་པ་མ་ཡིན་པར། ཁྱོད་ཀྱིས་དུར་སྦས་བྱས་པ་མིན་ནམ།”
ཁོས་འཇིག་རྟེན་གྱི་མིས་བསགས་པའི་ཉེས་པའི་ཁྲོད་ཀྱི་ཆེས་སྐྱུག་བྲོ་བ་དང་ཆེས་ཐ་ཤལ། ཆེས་རྒྱུན་འབྱམས་སུ་སོང་བའི་བྱ་སྤྱོད་དག་གསལ་བོར་མཐོང་མོད། ཁོང་གིས་སུ་ལ་ཡང་བཤད་མི་ཕོད། ཐ་ན་ཕ་མ་དང་དགའ་རོགས་ལ་ཡང་བཤད་མི་ཕོད། ཡིན་ཡང་། ཁོ་སྔར་བཞིན་སྟབས་མི་ལེགས་པའི་མི་དང་། ནག་ཉེས་ཅན་གྱི་མི་དེ་ཡིན།
“ངའི་མི་ཚེ་འདི་ནི། ངོ་ཚ་དགོས་པའི་འདས་དོན་ཞིག་ཡིན།”
ཁོས་རྨི་ལམ་གྱི་འཇིངས་སུ་ལག་པ་བསྲིངས། མདུན་ལམ་གྱི་ཕྱོགས་སུ་གོམ་པ་སྤོས་ཀྱང་། མཇུག་འབྲས་ནི་ལུས་སེམས་ཀྱི་ན་ཟུག་ཁྲོད་ནས་འཕག་འཚག་རྒྱག་པ་དང་། རེ་ཆད་ཀྱི་མིག་ཟུང་ཁོང་ལ་འཛུལ་བ་དེ་རེད། ཡིན་ནའང་། ཁོའི་ནང་སེམས་སུ་མི་གཞན་ལ་སྔར་བཞིན་རེ་སྨོན་དང་བརྩེ་སེམས་ཀྱིས་ཁེངས་ཡོད།
དཔེ་ཆ་འདིར། མི་གཤིས་ཁྲོད་ཀྱི་ཆེས་སྦག་བཙོག་དང་། ཆེས་ཉམ་ཆུང་། ཆེས་རེ་ཐག་ཆད་པའི་ཁག་ལ་དབྱེ་ཞིབ་དང་། ཐུན་མོང་མ་ཡིན་པའི་སྐད་ཆ་དང་ཚིག་ཉམས། སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་འབྲི་སྟངས་ཀྱིས་རྙོག་འཛིང་ཆེ་བའི་བརྩེ་དུང་དང་མི་གཤིས་ཀྱི་མུན་ནག་གི་ཕྱོགས་སྔོག་འདོན་བྱས་ཡོད།
མཆན།
① (川端康成) ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྩམས་སྒྲུང་པ། ཚོར་གསར་རིང་ལུགས་ཀྱི་རྩོམ་པ་པོ། ༡༩༦༨ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་བཞེས། ༡༩༧༢ལོའི་ཟླ༤ཚེས༡༦ཉིན། སོལ་རླངས་སྦུ་གུ་རྔུབ་པའི་ཐབས་ཀྱིས་རང་སྲོག་བཅད།
② (三岛由纪夫) ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྩམས་སྒྲུང་པ། འཁྲབ་གཞུང་རྩོམ་མཁན། གསར་འགོད་པ། གློག་བརྙན་བཟོ་སྐྲུན་པ། “ཉི་ཧོང་གི་ཧའེ་མིན་ཝེ”ཞེས་པའི་མཚན་གསོལ་ཡོད། སྒྲུང་རིང་ཉེར་གཅིག་གིས་མཚོན་པའི་བརྩམས་ཆོས་མང་པོ་ཡོད་ཅིང་། རྩོམ་རིག་བྱ་དགའ་མང་པོ་ཐོབ་ནས་འཛམ་གླིང་ལ་སྐད་གྲགས་ཆོད།
③ (泉镜花) ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྩམས་སྒྲུང་པ། མཛེས་པ་དང་འཆར་ཡན་རིང་ལུགས་ལ་སྙེག་པའི་བསམ་བློས་ཉི་ཧོང་གི་རྩོམ་རིག་ལ་མཛེས་པ་གསར་དུ་བསྩལ་ཡོད།
④ (芥川龙之介) ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྩམས་སྒྲུང་པ། ལམ་ལུགས་རྙིང་བའི་བཀས་བཀོད་རྒྱུད་འཛིན་གྱི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ༡༩༢༧ལོའི་ཟླ༧ཚེས༢༤ཉིན་གཉིད་སྨན་འཐུང་ནས་རང་སྲོག་བཅད།
⑤ (井伏鳟二) ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྩམས་སྒྲུང་པ།
⑥ (芥川奖) 1935ལོར་གསར་འཛུགས་བྱས་པའི་ཉི་ཧོང་གི་རྩོམ་པ་པོ་ཨ་ཁོའུ་ཐ་ཀཱ་བ་རེ་ཡོ་ནོ་སོ་ཁེ་ལ་དྲན་གསོ་ཞུ་བའི་རྩོམ་རིག་གི་བྱ་དགའ་དང་། ཉི་ཧོང་གི་ཆེས་མཐོ་བའི་རྩོམ་རིག་གི་བྱ་དགའ་ཡིན།
འབྲེལ་ཡོད་འོས་སྦྱོར།