ས་པཎ་གྱིས་ཚད་མ་རིག་པའི་འཕེལ་རྒྱས་ཐད་བཞག་པའི་མཛད་རྗེས་སྐོར་ལ་ཅུང་ཟད་དཔྱད་པ།
རྩོམ་པ་པོ།:བན་དེ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-01-20
ཀློག་གྲངས།:
གཅིག བོད་ཀྱི་ཚད་མ་རིག་པའི་བྱུང་འཕེལ།
རང་རེའི་ཡུལ་གྱི་ཚད་མ་རིག་པའི་བྱུང་འཕེལ་ལ་གཞུང་ལྟ་རེ་བྱས་ཚེ། བསྟན་པ་ཕྱི་དར་ལ་རྨ་དགེ་བའི་བློ་གྲོས་དང་ཁྱུང་པོ་གྲགས་སེང་། རྔོག་བློ་ལྡན་ཤེས་རབ་ཡབ་སྲས་སོགས་སྔོན་བྱོན་མཁས་པའི་ཚོགས་ཀྱིས་གཞུང་འགྲེལ་དང་འཆད་ཉན་གྱི་རྒྱུན་རིང་དུ་མཛད་པས་ཚད་མ་རིག་པའི་སྲོལ་གསར་དུ་ཕྱེ་ཞིང་ཤིན་ཏུ་དར་བར་མཛད་ཐོག གྲུབ་མཐའ་ཐམས་ཅད་ལ་ཁྱབ་པར་རྨང་ལེགས་པོ་བཏིང་བར་མ་ཟད། དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་ནས། བོད་དར་ཚད་མ་རིག་པར་འཕེལ་རྒྱས་བླ་མེད་བྱུང་ཞིང་ཚད་མ་རིག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྦྱིན་པ་རེད།
གཉིས། ས་པཎ་གྱིས་ཚད་མ་རིག་པ་ལ་གསན་སྦྱངས་མཛད་ཚུལ།
ས་པཎ་གྱིས་ཚད་མ་རིག་པ་གསན་ཡུལ་གྱི་སློབ་དཔོན་དང་གསན་སྦྱངས་མཛད་པའི་ཚུལ་ཅི་ལྟར་ཡིན་ཞེ་ན། ས་པཎ་གྱིས་རང་ལོ་ཉི་ཤུ་པ་ལ་རྨ་བྱ་བྱང་བརྩོན་དང་། གཙང་ནག་པའི་དངོས་སློབ་མཚུར་སྟོན་གཞོན་ནུ་སེང་གེའི་དྲུང་དུ་བོད་པ་སྒྲེས་པོ་ལས་བརྒྱུད་པའི་ཚད་མའི་ཆོས་སྐོར་མང་དུ་གསན་ཅིང་། རང་ལོ་ཉེར་གསུམ་པར་ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་དང་ཐོག་མར་མཇལ་དུས། པཎ་ཆེན་གྱིས་ཚད་མ་ཆོས་མཆོག་རྒྱ་སྐད་དུ་གསུངས་པ་ལ་དེར་བོད་དཔེ་བཀྲམ་ནས་གསན་ཅིང་རྒྱ་སྐད་དུ་བསྒྱུར་ཏེ་བཀླགས་པས་ཤིན་ཏུ་དགྱེས་ནས་རྗེས་སུ་བཟུང་ཞིང་། ཁ་ཆེ་པཎ་ཆེན་ནི་དཔལ་ལྡན་ཆོས་གྲགས་ནས་བཟུང་སྟེ་ནང་པའི་པཎྜི་ཏ་བར་མ་ཆད་པའི་མན་ངག་མངའ་བ་ཡིན་པས། ཇོ་ནང་ཏཱ་ར་ན་ཐས“ཁ་ཆེ་པཎ་ཆེན་ལ་བོད་དུ་སློབ་མ་མཆོག་ཏུ་གྱུར་བའི་བཀའ་བབས་ཟབ་མོ་བབ་པ་ནི། ས་པཎ་ལ་ཚད་མའི་བཀའ་བབས་དང་།”[1]ཞེས་པ་བཞིན། ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལས«ཚད་མ་ཀུན་བཏུས»དང་། «ཚད་མ་རྣམ་འགྲེལ» དེའི་འགྲེལ་བ«སྟོང་ཕྲག་ཕྱེད་དང་བཞི་པ» «ཚད་མ་རྒྱན» ལྷ་དབང་བློའི«རྣམ་ངེས་ཀྱི་འགྲེལ་བ»དང་། ཆོས་མཆོག་གི«རྣམ་ངེས་འགྲེལ་བ་འཐད་ལྡན» «རིགས་ཐིགས» «རྒྱུད་གཞན་གྲུབ་པ» «གཏན་ཚིགས་ཐིགས་པ» «དམིགས་པ་བརྟག་པ»སོགས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཚད་མ་མདོ་དང་སྡེ་བདུན་འགྲེལ་བ་དང་བཅས་པར་ཐོས་བསམ་གང་ལེགས་གནང་བར་མ་ཟད། ཁ་ཆེ་པཎ་ཆེན་ལས«ཚད་མ་སྡེ་བདུན»ཡང་ཚར་གསུམ་གསན་ནས་ཐུགས་སུ་ཆུད་པར་མཛད། དེ་མིན་པཎྜི་ཏ་དཱ་ན་ཤཱི་ལས«རྩོད་པའི་རིགས་པ་རྩ་འགྲེལ»དང«རྒྱུད་གཞན་གྲུབ་པའི་རྩ་འགྲེལ» «འགྲེལ་བ་བརྟག་པའི་རྩ་འགྲེལ»སོགས་གསན་པས། དེ་ནི“རྒྱ་གར་ན་དཱ་ན་ཤཱི་སྒྲ་ཚད་ལ་མཁས་པར་འདུག་པ་དེ་ངའི་རྩར་ཀོར་གྱིས་འཁོར་བྱུང”[2]ཞེས་གསུངས་བ་ལྟར་ཡིན།
གསུམ། སྡེ་བདུན་གྱི་བོད་འགྲེལ་བསྟན་བཅོས་ཐོག་མ་མཛད་ཚུལ།
དེ་ཡང«ཚད་མ་རིགས་གཏེར»མ་བརྩམས་གོང་ཕྱྭ་བསྡུས་ཤིན་ཏུ་དར་བའི་སྐབས་ཡིན་པ་དང་། དེའི་རྒྱུན་མཐུད་ན་བསྟན་པ་སྤྱི་ལ་གནོད་པར་དགོངས་ནས། ཕྱྭ་བསྡུས་ཀྱི་བཤད་སྲོལ་ནོར་བ་རྣམས་བཀག་སྟེ། བོད་རྒན་པའི་བཤད་སྲོལ་གྱིས་མ་ལྷད་པ། ཁ་ཆེ་པཎ་ཆེན་འཁོར་དང་བཅས་པ་ནས་བརྒྱུད་པའི་རྒྱ་གར་གྱི་བཤད་སྲོལ་གཙང་སེང་ངེ་ཡོད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ། བོད་རང་གི་ཁྱད་ཆོས་དང་ལྡན་པའི་ཚད་མའི་བསྟན་བཅོས«ཚད་མ་རིགས་གཏེར»མཛད། སྡེ་བདུན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང་། «ཚད་མ་རིགས་གཏེར»བརྩམས་རྗེས་ཁ་ཆེ་པཎ་ཆེན་འཁོར་དང་བཅས་པ་ཤིན་ཏུ་ངོ་མཚར་ཏེ། «ཚད་མ་རིགས་གཏེར»རྒྱ་སྐད་དུ་བསྒྱུར་ཏེ་རྒྱ་གར་གྱི་མཁས་པ་རྣམས་ལ་སྐྱེས་སུ་བརྫངས་པའི་ལོ་རྒྱུས་ཡོད་ལ། སྟག་ཚང་ལོ་ཙཱ་བས། རྣམ་ངེས་མདོར་བསྡུས་ཙམ་གྱིས་ཆོག་ཤེས་ནས། །མདོ་དང་སྡེ་བདུན་མིང་ཙམ་གྱུར་པའི་ཚེ། །ཁྱེད་ཀྱི་ལྷག་བསམ་རྟ་བདུན་ལེགས་བསྐྱེད་པས། །ཕྱོགས་ཀུན་རྣམ་འགྲེལ་ཉི་མས་ཁྱབ་པ་ལགས། །ཞེས་པ་བཞིན། དུས་སྐབས་དེར་ས་པཎ་ཉིད་སྡེ་བདུན་མདོ་དང་བཅས་པར་ལེགས་པར་ཐུགས་སུ་ཆུད་པས། བོད་རྒན་པའི་རྟོག་གེ་པ་མཐའ་དག་རང་བློས་སྦྱར་བའི་སྐྱོན་ཅན་དུ་གཟིགས་པས་དགག་པ་ཀུན་གྱིས་མ་བཟོད་པར། ཁྱད་པར་དེ་དུས་མཁས་པར་གྲགས་པ་གཉལ་ཞིག་འཇམ་པའི་རྡོ་རྗེ་དཔོན་སློབ་རྣམས་ཡིན་པ་ལས། ཆོས་རྗེ་ས་པཎ་གྱི་སྙན་གྲགས་དང་དགག་པ་ཤིན་ཏུ་མ་བཟོད་ནས། བུ་དགུའི་རིག་པ་བཟང་ཤོས་འུ་ཡུག་པ་རིག་པའི་སེང་གེ་རྩོད་དུ་བཏང་ཡང་། རྩོད་པར་ཅུང་ཟད་ཀྱང་མ་ནུས་ཀྱི་སྟེང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་བུ་ཆེན་དུ་གྱུར་བའི་སྒྲོས་ཀྱང་ཆོས་འབྱུང་རྣམ་ཐར་དག་ན་གསལ་བ་བཞིན་ནོ། །
དེ་བས། «ཚད་མ་རིགས་གཏེར»ནི་བོད་ཀྱི་ཚད་མའི་སྲོལ་ལ་ཕྱི་རོལ་པའི་སྒྲོས་འདྲེས་པ་དང་། རང་བློས་སྦྱར་བའི་སྐྱོན་རྣམས་བཀག་ནས་སྡེ་བདུན་མདོ་དང་བཅས་པའི་དོན་རྫོགས་པར་སྟོན་པའི་སྡེ་བདུན་གྱི་བོད་འགྲེལ་ཚད་མའི་བསྟན་བཅོས་ཐོག་མ་ཡིན་ལ། དག་མ་དག་གི་རབ་དབྱེ་ལེགས་པར་ཕྱེ་སྟེ་རང་རེའི་ཡུལ་ཕྱོགས་ཀུན་ཏུ་རྣམ་འགྲེལ་ལ་སོགས་སྡེ་བདུན་གྱི་སྣང་བས་ཁྱབ་པར་བྱས་ནས་ཚད་མའི་བསྟན་པ་རྒྱས་པར་བྱས་པའི་བསྟན་བཅོས་ཀྱང་འདི་ཉིད་ཡིན། དེ་མིན་བོད་ཀྱི་བསྟན་བཅོས་ཤིག་རྒྱ་གར་གྱི་ཚད་ལྡན་མཁས་པས་བསྒྱུར་བ་དང་། བོད་ཀྱི་བསྟན་བཅོས་ཤིག་རྒྱ་སྐད་དུ་བསྒྱུར་བའི་ཐོག་མའི་བསྟན་བཅོས་ཀྱང་ཡིན་ནོ། །
བཞི། རྣམ་འགྲེལ་དར་སྤེལ་གནང་བས་བོད་ཀྱི་ཚད་མའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚུལ།
གཞན་ཡང་། ཞང་རྒྱལ་བ་དཔལ་གྱིས“ལྷག་པར་ཚད་མ་རྣམ་འགྲེལ་བསླབས་ནས་མཁས་པ་ཆེན་པོར་གྱུར་ནས་ཆོས་མ་དག་པ་རྣམས་སུན་ཕྱུང”[3]ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས“ཁ་ཆེ་པཎ་ཆེན་དང་ས་པཎ་གྱིས་ཚད་མ་རྣམ་འགྲེལ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ”[4]ཞེས་པས་སྔར་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཟིན་པའི་རྣམ་འགྲེལ་ལྷ་ཤཱཀ་དང་བཅས་པའི་འགྱུར་དང་། རྔོག་ལོའི་ཚད་མའི་རྒྱན་དང་བཅས་པར་གཟིགས་ཞིབ་ཀྱིས་ཞུས་ཆེན་དང་འགྱུར་བཅོས་དཔྱིས་ཕྱིན་པ་གནང་སྟེ། རིགས་པའི་མཐར་ཐུག་རྣམ་འགྲེལ་ལེགས་པར་བསྒྱུར་ལ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས“རྣམ་འགྲེལ་ལ་འགྱུར་བཅོས་དང་ཉིན་རེ་ལ་ཐ་ནའང་ཆོས་ཐུན་རེ་རེ་གསུང་བའི་དམ་བཅའ་མཛད”[5]ཞེས་པས་ཆོས་རྗེ་ས་པཎ་ཉིད་ཀྱིས་ཁ་ཆེ་པཎ་ཆེན་ལས་ཚད་མ་གསན་པ་ནས་བཟུང་། བླ་མ་དེའི་བཀའ་དྲིན་གསབ་པའི་ཆེད་དུ། དགུང་ལོ་དྲུག་ཅུ་རེ་གསུམ་ལ་སོག་ཡུལ་ལ་མ་ཕེབས་ཀྱི་བར་དུ། མི་ལོ་བཞི་བཅུའི་རིང་ལ་ཚད་མ་རྣམ་འགྲེལ་འཆད་སྤེལ་གནང་པས་སྤྱིར་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་དང་། ལྷག་པར་ས་དགེ་གཉིས་སུ་བསྟན་པ་ཡོངས་རྫོགས་བརྒལ་བརྟག་གི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་བཏོད་པས་ད་ལྟའི་བར་ཚད་མའི་བཤད་རྒྱུན་མ་ཉམས་པར་དར་བ་འདི་ཡང་ས་པཎ་ཁོ་ནའི་བཀའ་དྲིན་ཡིན་ལ། རྣམ་འགྲེལ་དར་བར་མཛད་པའི་བྱེད་ལས་ཀྱིས་དུས་ཕྱིས་བོད་དུ་མཁས་པ་ནམ་མཁའི་སྐར་ཚོགས་ལྟར་བྱུང་བ་ཡང་ས་པཎ་གྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན།
ཁོང་གི་ཚད་མའི་རྒྱུད་འཛིན་གྱི་སློབ་མ་འུ་ཡུག་པས«རིགས་གཏེར་གྱི་རྣམ་བཤད་རིགས་པ་གྲུབ་པ»ཞེས་བྱ་བ་མཛད་ནས་རིགས་གཏེར་གྱི་གཞན་འགྲེལ་གྱི་སྤོབས་པ་ཕྱེ་ཞིང་ས་ལུགས་ཀྱི་ཚད་མ་རྒྱ་ཆེར་དར་བར་བྱས་པར་མ་ཟད། ལྷག་པར«རྣམ་འགྲེལ་གྱི་འགྲེལ་བ་རིགས་པའི་མཛོད»མཛད་པས་རྣམ་འགྲེལ་གྱི་བོད་འགྲེལ་ཐོག་མའི་ལམ་སྲོལ་ཕྱེ་བས། སྐབས་དེར་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་ཁྲོད་དུ་སློབ་དཔོན་ཆོས་གྲགས་ཀྱི་ཚད་མའི་དགོངས་དོན་གཙོ་བོའི་བོད་འགྲེལ་ཐོག་མ་དེ་བྱུང་ཡོད་པར་མ་ཟད། འགོས་ལོ་ཙཱ་བས“འུ་ཡུག་པས་ས་སྐྱར་ས་པཎ་ལས་རྣམ་འགྲེལ་གསན་ནས། དེར་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་པོ་བྱུང”[6]ཞེས་པ་ལས། བོད་ཡུལ་དུ་རྣམ་འགྲེལ་དར་བ་ལ་ས་པཎ་དཔོན་སློབ་གཉིས་ཀྱི་བཀའ་དྲིན་ཡིན་པར་གསལ་ལ། “འུ་ཡུག་པས་ཞང་མདོ་སྡེ་དཔལ། དེ་ནས་མཁས་པ་ནོར་བཟང་དཔལ། ཉ་དབོན། རེད་མདའ་གཞོན་ནུ་བློ་གྲོས། རྗེ་ཙོང་ཁ་པ། དེ་ལས་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་སོགས་རིམ་པར་བརྒྱུད་ནས་ད་ལྟའི་བར་ཚད་མའི་འཆད་སྲོལ་མ་ཉམས་ཤིང་རིག་ལམ་སེང་གེའི་ང་རོ་སྒྲོག་བཞིན་པའོ”[7]ཞེས་པ་ལས།ས་པཎ་གྱི་སྔོན་ལ་བོད་དུ་ཚད་མ་རྣམ་ངེས་ཀྱི་བཤད་པ་གཙོ་ཆེ་བས་གསང་ཕུ་ནི་བོད་ཀྱི་ཚད་མ་རིག་པའི་འཆད་ཉན་གྱི་ལྟེ་བར་ཆགས་ཀྱང་། ས་པཎ་གྱིས་ཚད་མ་མདོ་དང་སྡེ་བདུན་ལ་མཁས་པར་བསླབ་པ་དང་། ས་སྐྱའི་མཁས་པ་དག་གིས་རྣམ་འགྲེལ་གཙོ་བྱས་པའི་ཚད་གཞུང་དག་ལ་འགྲེལ་བ་ཡང་འགྲེལ་གྱིས་རྒྱུད་འཛིན་དང་དར་སྤེལ་བྱས་པར་བརྟེན། ས་སྐྱ་དགོན་པ་ནི་ཚད་མའི་འཆད་ཉན་གྱི་ལྟེ་བར་ཆགས་ཏེ་གཙང་ཕྱོགས་སུ་ཚད་མ་རྣམ་འགྲེལ་རྒྱ་ཆེར་དར་ལ། དེ་ནས་བརྒྱུད་དེ་དུས་ཕྱིས་རྗེ་ཡབ་སྲས་གསུམ་སློབ་བརྒྱུད་དང་བཅས་པར་རིམ་པར་བརྒྱུད་ནས་བོད་ཁམས་ཡོངས་སུ་རྣམ་འགྲེལ་གྱི་དགོངས་པ་རྒྱ་ཆེར་དར་བར་བྱས་པས། ད་ལྟའི་བར་ཚད་མའི་འཆད་ཉན་མ་ཉམས་པར་གནས་པའི་རྣམ་པ་བཟང་པོ་འདི་ཆགས་པ་ཡིན་ནོ། །
མཆན།
[1] ཇོ་ནང་ཏཱ་ར་ན་ཐ། མྱང་ཆོས་འབྱུང་། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983:141
[2] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009:271
[3] ཞང་རྒྱལ་བ་དཔལ། ས་པཎ་གྱི་གསུང་འབུམ། སྨད་ཆ། ས་པཎ་རྣམ་ཐར། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992: 633
[4] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ། སྟོད་ཆ། [M] སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019:457.
[5] པཎ་ཆེན་ཤཱཀྱ་མཆོག་ལྡན། ཚད་མ་རིག་པའི་བྱུང་བ་ཉིན་མོར་བྱེད་པའི་སྣང་བ། དཔེ་རྙིང་སྣ་རིང་མ་པར་མ། ཤོག་ངོས54
[6] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M] སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985:408.
[7] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ། སྟོད་ཆ། [M] སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019:458.

འབྲེལ་ཡོད་འོས་སྦྱོར།