ལོ་རྒྱུས་ཐོག་གི་བོད་ཀྱི་ལོ་སར་ཅི་འདྲ་ཡིན་ནམ། ཚེ་དབང་བཀྲ་ཤིས།
རྩོམ་པ་པོ།:ཚེ་དབང་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-07
ཀློག་གྲངས།:
ལོ་རྒྱུས་ཐོག་གི་བོད་ཀྱི་ལོ་སར་ཅི་འདྲ་ཡིན་ནམ།
ཚེ་དབང་བཀྲ་ཤིས།
འཕྲུལ་གྱི་ལྷ་བཙན་པོ་ལ་ཕྱག་འཚལ་ལོ། །
ལོ་ཟླ་ཞག་དུས་ཀྱི་རྩིས་རིག་ལི་ཐོ་ནི་ལོ་རྒྱུས་དང་། ས་ཁམས། གནམ་གཤིས། རིག་གནས། ཆོས་ལུགས། ཡུལ་སྲོལ། འཚོ་བ། བྱ་བཞག་སོགས་སྒོ་གང་ཐད་ལ་འབྲེལ་ཤིན་ཏུ་ཆེ་བས། མི་རིགས་ཤིག་ལ་མཚོན་ན་ལོ་རྒྱུས་རང་བཞིན། ཡོངས་ཁྱབ་རང་བཞིན། གནད་ཁེལ་རང་བཞིན། སྟབས་བདེ་རང་བཞིན་བཅས་ཀྱི་རྩིས་རིག་ལི་ཐོ་ཞིག་ཆེས་གལ་ཆེ་བ་ལགས། གནད་དེ་བས་ན་རྒྱལ་སྤྱིའི་གནམ་རིག་སྐར་རྩིས་པས་ཀྱང་འཛམ་གླིང་སྤྱི་ཡི་ཡུལ་དུས་ས་ཚིགས་ཀྱི་རྣམ་བཞག་དང་། དེ་འབྲེལ་གྱི་ལོ་ཟླ་ཞག་དུས་ཀྱི་ལི་ཐོ་གཏན་འབེབས་གནང་བ་རེད།
ང་ཚོ་བོད་ལ་མཚོན་ན། ཨོ་རྒྱན་ཆེན་པོས། མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ ཞེས་དུས་ངན་གྱི་རྟགས་སུ་ལུང་བསྟན་པ་བཞིན་རྩིས་སྒོ་མི་འདྲ་བ་ཤིན་ཏུ་མང་བ་ཞིག་ཡོད་པ་ཙམ་ལས། ཡོངས་ཁྱབ་དང་སྟབས་བདེའི་རྩིས་རིག་གི་ལི་ཐོ་ཞིག་གྲུབ་མི་འདུག
ལྟོས་འཇོག་གིས་བཤད་ན་དེང་སང་སྨན་རྩིས་ཁང་གི་ཕུག་ལུགས་ལི་ཐོ་འདི་ཁྱབ་ཆེ་ཙམ་རེད། ལོ་ཐོ་གཅིག་གྱུར་མ་བྱུང་བས་ལོ་སར་དང་། ས་ཟླའི་དུས་མཆོད་སོགས་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་དང་འབྲེལ་བའི་བྱ་འགུལ་གལ་ཆེན་མང་པོ་ཞིག་ཡུལ་དང་དུས་ཀྱི་ཆ་ནས་སིལ་བུར་གཏོར་འགྲོ་ལ། དེས་རིམ་པས་ཐུན་མོང་གི་འདུ་ཤེས་དང་རིག་གནས་ཀྱི་སྟོབས་ཤུགས་ཀྱང་ཉམ་དམས་པར་བྱེད་པ་ཡིན།
དེས་ན་མཁས་པ་དག་གིས་ལོ་ཐོ་དང་ལོ་སར་སོགས་གཅིག་གྱུར་ལ་སྐུལ་མ་གནང་བ་ནི་གནད་ཟིན་རྒྱང་གཟིགས་ཀྱི་དགོངས་པ་ཟབ་མོའི་གསུང་སྒྲ་ཞིག་སྟེ། གལ་ཏེ་ལྷ་བཙན་པོའི་དུས་སྐབས་བཞིན་བོད་ཁམས་ཡོངས་ལ་བཀའ་འབེབས་ཀྱི་དབང་ཞིག་ཡོད་ན་སྐད་ཅིག་ལ་གཏན་འབེབས་དང་དྲིལ་སྒྲོག་ལག་ལེན་བཅས་བྱ་དགོས་པའི་དོན་གལ་ཆེན་ཞིག་རེད།
དེང་སྐབས་བོད་དབུས་དང་། མདོ་སྨད་པ་དག་གི་བར་དུ་ལོ་སར་དང་། ས་ག་ཟླ་བའི་དུས་ཆེན་སོགས་སྐབས་རེར་མཉམ་དུ་ཁེལ་ལ་སྐབས་རེར་སྔ་ཕྱི་ཡོང་བ་ནི་དབུས་ནས་སྨན་རྩིས་ཁང་གི་ལོ་ཐོ་དང་། མདོ་སྨད་ནས་རྒྱ་རྩིས་ལྟར་གྱི་ལོ་ཐོ་གཙོ་བོར་བྱེད་པའི་ཁྱད་པར་གྱིས་ཡིན། ངས་མདོ་སྨད་པའི་ལོ་ཐོ་འདི་ལ་རྒྱ་རྩིས་ལྟར་གྱི་ལོ་ཐོ་ཟེར་བ་ལས་རྒྱའི་ལོ་ཐོ་ཟེར་གྱི་མེད་དེ། རྒྱུ་མཚན་འོག་ཏུ་གསལ།
མ་གཞི་སྨན་རྩིས་ཁང་གི་ལོ་ཐོ་ལྟར་ན་ཡང་རྩ་བའི་ཆ་ནས་རྒྱ་རྩིས་དང་ཆ་མཚུངས་པ་སྟེ། མཆུ་ཡིས་ཉ་བའི་བཅོ་ལྔ་ཟླ་དཀྱིལ་དུ་བཞག་པའི་ཟླ་བ་ཉིད་གཉིས་ཀའི་ལུགས་སུ་དཔྱིད་ཟླ་ར་བ་ལ་འཇོག་པ་ཡིན། འདི་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་སྲོལ་རྒྱུན་ཞིག་སྟེ་འོག་ཏུ་ཞིབ་ཙམ་གསལ། ས་སྐྱའི་སྲིད་དབང་སྐབས་སུ་དབུས་ནས་བོད་རྩིས་ཀྱི་ཟླ་བའི་མིང་ཧོར་ཟླ་རུ་བསྒྱུར་བ་དང་། མདོ་སྨད་པས་རྒྱ་ཟླ་རུ་བསྒྱུར་བ། གཞན་ཡང་རྩིས་སྒོ་མི་འདྲ་བ་སྣ་ཚོགས་དར་བ་སོགས་ནི་བཀའ་དབང་མངའ་བའི་བཙན་པོའི་རྒྱལ་སྲིད་རྒུད་རྗེས་རིག་གནས་གཞན་འགྱུར་དང་རིག་གནས་ཁ་བྲལ་རིག་གནས་གཉོད་ཆུང་དུ་གྱུར་པའི་སྣང་ཚུལ་ཞིག་རེད་སྙམ་མོད། འགའ་རེས་འདི་ཉིད་ཀྱང་ཁྱད་ཆོས་ཡིན་ནོ་ལོ། །
ད་ལྟའི་དུས་སུ་རྩིས་ཀྱི་སྤྱི་ཁོག་ནས་སྤྱིར་བཏང་ལ་བོད་ཟླ་དང་པོ་དང་རྒྱ་ཟླ་དང་པོ་མཉམ་དུ་ཁེལ་མོད། ཕུགས་རྩིས་ཀྱི་ཟླ་ལྷག་འདོན་ཚུལ་གྱིས་སྐབས་རེར་བོད་ཟླ་དང་པོ་དེ་རྒྱ་ཟླ་དང་པོ་ལས་ཟླ་གཅིག་གིས་རྗེས་སུ་ནུར་ཡོང་། རྩིས་ཀྱི་འགྲོས་འདི་གནའ་དུས་ལ་ཡར་དེད་ན་སྐབས་རེར་བོད་ཟླ་དང་པོ་དེ་རྒྱ་ཟླ་དང་པོ་ལས་ཟླ་གཅིག་གིས་སྔོན་དུ་ཤར་ཡོད་པ་རེད་འདུག་སྟེ། དཔེར་ན་སྤྱི་ལོ821ལོའི་བོད་ཟླ་དང་པོའི་ཚེས་གཅིག་ནི་རྒྱ་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ཁེལ་བ་དང་། ཡང་སྤྱི་ལོ1000ལོར་བོད་ཟླ་དང་པོའི་ཚེས་གཅིག་ནི་རྒྱ་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ཁེལ་བ་སོགས་ལྗོངས་སྨན་རྩིས་ཁང་གི་སློབ་དཔོན་ཡུམ་པའི་ལུགས་དྲུག་ཤན་སྦྱར་བསྐལ་འཁོར་ལོ་ཐོ་རུ་གསལ།

བཙན་པོའི་དུས་རབས་སུ་ཟླ་རྩིས་ཅི་འདྲ་ཡིན་པ་ནི་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་དང་དབོན་ཞང་རྡོ་རིང་སོགས་ལས་ཟུར་ཙམ་གསལ་བ་སྟེ།
དེ་ཡང་ཏུན་ཧོང་གཏེར་ཡིག་གི་དོན་ཆེན་གནད་བསྡུས་ལས་མང་སྲོང་སྐབས་ཀྱི་ལོ་རེའི་བྱུང་བ་འགོད་སྐབས་སུ་འདི་ལྟར། (སྤྱི་ལོ675ཤིང་ཕག)ཕགྀ་ལོ་ལ་བབ་སྟེ། བཙན་པོ་དཔྱིད་ཞེ་ཤིང་དུ་གཤེགསྟེ། བཙན་མོ་ཁྲྀ་མོ་ལན་གྱིས་། སྟོན་མོ་ཆེན་པོ་གསོལད། འབོན་ད་རྒྱལ་ཁྲྀ་ཟུང་གྱིས། གསེར་ཟངས་ཆེན་པོ་གསོལད་ཕ་དང་། དབྱརད་བལ་པོ་ན་བཞུགས་ཤྀང་། བློན་བཙན་སྙས། ཞྀམས་གྱྀ་གུ་རན་དུ་ཞང་ཞུང་གྱྀ་མཁོས་བགྱྀ་སྟེ། དྲུ་གུའི་ཡུལ་དུ་ལྟང་ཡོར་མཆྀས། དགུན་བཙན་ཕོ་འོན་གྱྀ་སྣ་བོ་ན་བཞུགས་པར་ལོ་གཆྀག །ཅེས་དཔྱིད་ཀ་ལོ་ཡི་ཐོག་མར་བྱས་ནས་བཀོད་འདུགདེ་བཞིན་ཏུན་ཧོང་གཏེར་ཡིག་གི་དོན་ཆེན་གནད་བསྡུས་ལས་བཙན་པོ་ཁྲི་འདུས་སྲོང་སྐབས་ཀྱི་ལོ་རེའི་བྱུང་བ་འགོད་སྐབས་སུ་འདི་ལྟར།
(སྤྱི་ལོ704ཤིང་འབྲུག) ༈ འབྲུགྀ་ལོ་ལ་བབ་སྟེ། དཔྱྀད་ཁོ་བྲང་ཙལ་དུ་རྒྱལ་བཙུག་རུ་བལྟམ། དབྱརད་བཙན་པོ་ཡབ་རྨ་གྲོམ་གྱྀ་ཡོ་ཏི་ཅུ་བཟང་ན་བཞུགས་ཤིང་། ཡུམ་ཁྲྀ་མ་ལོད་ཡར་འབྲོག་གྀ་འོ་དང་ན་བཞུགསྟེ། འདུན་མ་བྲག་སྒོར་འདུས། དགུན་བཙན་ཕོ་ཆབ་སྲྀད་ལ་མྱྭ་ལ་གཤེགས་པ་ལས། དགུང་དུ་གཤེགས། ཡུམ་ཁྲྀ་མ་ལོད་ལྷས་གང་ཙལ་ན་བཞུགསྟེ འདུན་མ་བྱར་ལྀངས་ཙལདུ་ཞང་ཁྲྀ་བཟང་སྟག་ཙབ་གྱྀས་བསྡུས་པར་ལོ་ཆིག །ཅེས་དཔྱིད་ཀ་ནས་དབུ་བཟུང་སྟེ་དགུན་ཀའི་བར་དུ་བཀོད་ཡོད་པ་དེས་དཔྱིད་ཀ་དེ་ལོ་རེའི་དུས་ཚིགས་དང་པོར་འཇོག་གི་ཡོད་པར་གསལ།
ཡང་ཁྲི་ལྡེ་གཙུག་བརྟན་སྐབས་སུ་དབྱར་ཀ་ནས་དབུ་བཟུང་སྟེ་དཔྱིད་ཀའི་བར་དུ་བཀོད་འདུག་སྟེ།
(སྤྱི་ལོ708ས་སྤྲེལ།) ༈ སྤྲེའུ་ལོ་ལ་བབ་སྟེ། བཙན་པོ་དབྱརད་བལ་པོ་ཤ་རུ་མཁར་ན་བཞུགས། པྱྀ་པོ་བྲང་དྲོན་ན་བཞུགས་ཤིང་། དབྱར་འདུན་མཁྲྀས་ཕ་ཏང་དུ་བློན་ཆེན་པོ་ཁྲྀ་གཟིགས་གྱྀས་བསྡུསྟེ། སྐུ་སྲུངས་གྱྀ་ཁྲམ་དམར་ཕོ་བརྩྀས། དགུན་བཙན་པོ་ཕོ་བྲང་བྲག་མར་ན་བཞུགས། པྱྀ་ལྷས་གང་ཙལ་ན་བཞུགས། འདུན་མ་འོན་ཆང་དོར། བློན་ཆེན་པོ་ཁྲྀ་གཟིགས་གྱིས་བསྡུས། མདོ་སྨད་གྱྀ་མདུན་མ་རག་ཏགྀ་ཉམ་པུར་འདུས། འབངས་ལ་གསེར་ཁྲལ་མང་པོ་བསྡུས། དཔྱྀད་བཙན་མོ་ག་དུན་གྱྀ་མདད་བཏང་བར་ལོ་གཆིག །ཅེས་གསལ་ལ། དེ་བཞིན་སྤྱི་ལོ725ཤིང་གླང་ལོ་དང་། སྤྱི་ལོ726མེ་སྟག་ལོ་གཉིས་ཀྱི་ལོ་བྱུང་བའི་ནང་ཡང་དབྱར་ཀ་ལོ་མགོ་དང་དཔྱིད་ཀ་ལོ་མཐའ་རུ་བྱས་ནས་བཀོད་འདུག་སྟེ། དེ་ལྟར་ན་དེང་གི་བོད་ཟླ་བཞི་པའམ་དབྱར་ཟླ་ར་བ་དེ་ལོ་མགོ་ཡིན་དགོས་པ་འདྲ་བའོ། །
གལ་ཏེ་སྐབས་དེར་གནམ་ལོ་གསར་ཚེས་ལ་ལོ་སར་གཏོང་སྲོལ་ཡོད་ན། འདུས་སྲོང་ཡན་ལ་དཔྱིད་ཟླ་དང་པོ་དང་། ཁྲི་ལྡེ་གཙུག་བརྟན་རིང་དབྱར་ཟླ་དང་པོ་ལ་ལོ་སར་གཏོང་དགོས་པ་ལྟར་སྣང་། འདི་ལས་དཔྱད་ན་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་རྒྱ་བཟའ་ཅིན་ཁྲིང་ཀོང་ཇོས་བོད་ཀྱི་མཆུ་ཟླ་བའི་ལོ་སར་དེ་རྒྱལ་ཟླ་བ་ལ་འགྱུར་བ་བཏང་ཚུལ་གྱི་བཤད་སྒྲོས་དེར་གཞི་འཛིན་ས་ཞིག་ཡོད་པ་ལྟར་མངོན་མོད། ཏུན་ཧོང་གཏེར་ཡིག་གི་དོན་ཆེན་གནད་བསྡུས་ལྟར་ན་སྔར་གྱི་མཆུ་ཟླ་ལོ་མགོར་བྱེད་པ་དེ་ས་ག་ཟླ་བ་ལོ་མགོར་བརྩི་བ་ལ་བསྒྱུར་བ་འདྲའོ། །
དོན་ཆེན་གནད་བསྡུས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཁྲི་ལོ་ཐོག་མ་དགུ་ཡི་བྱུང་བ་ཡོད་པ་དེར་དབྱར་ཀ་ནས་དབུ་བཟུང་སྟེ་དགུན་ཀའི་བར་དུ་བཀོད་ཡོད་ལ། དཔྱིད་དང་སྟོན་གྱི་བྱུང་བ་མི་གསལ། འདི་ལས་དབྱར་དགུན་གཉིས་ལས་དབྱར་ཀ་ལོ་སྟོད་དང་དགུན་ཀ་ལོ་སྨད་དུ་འཇོག་པ་ངེས་ཐུབ། དེས་ན་ཁྲི་སྲོང་སྐབས་སུ་རྒྱལ་ཟླ་བ་ལོ་མགོར་འཇོག་པའི་གསུང་སྲོལ་དེ་གོང་གི་དེ་དང་ཅུང་འགྲིག་དཀར་བར་འདུག་སྟེ། རྒྱལ་ཟླ་བ་ནི་དགུན་ཟླ་ཐ་ཆུང་ཡིན་པ་འོག་གི་རྡོ་རིང་ལས་གསལ། ཁྲི་སྲོང་གི་ཁྲི་ལོ་དགུ་པ་མན་ཆད་ཀྱི་ཡིག་ཆ་ཉམས་པས་ན་ཇི་ལྟར་ཡིན་གང་ཡང་གཏན་ལ་མི་ཕེབས་སོ། །
འོ་ན་ལྷ་བཙན་པོའི་དུས་རབས་སུ་དཔྱིད་ཟླ་དང་པོ་དེ་གང་ལ་ངོས་འཛིན་པ་ཡིན་ཞེ་ན། དེ་ནི་བཙན་པོའི་གཞུང་གི་གཙིགས་ཀྱི་ཡིག་ཆ་རྩ་ཆེན་དབོན་ཞང་རྡོ་རིང་ལས་ངེས་པ་རྙེད་ཐུབ་སྟེ། དེ་ཉིད་ལས། བོད་ཆེན་པོའི་ལོ་མྱིང་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་ལོ་མྱིང་ཅང་ཀེང་ལོ་དང་པོ། ལྕགས་མོ་གླང་གི་ལོའི་དགུན་སླ་ར་བའི་ཚེས་བཅུ་ལ་དཀྱིལ་འཁོར་ལ་འཛེགས་ནས་རྒྱ་ཡིས་གཙིགས་བཟུང་ངོ་། །ཞེས་དབོན་ཞང་མོལ་བའི་ལོ་དང་པོ་དེ་ལྕགས་གླང་ལོའི་དགུན་ཟླ་ར་བའི་ཚེས་བཅུ་ཡིན་པ་གཙིགས་ཀྱི་རྡོ་རིང་ལས་གསལ་ལོ། །
རྡོ་རིང་འདི་ནི་བཙན་པོ་ཁྲི་རལ་བ་ཅན་གྱི་བཀའ་གཙིགས་བོད་ཐང་ཞི་མཐུན་གྱི་ཆིངས་ཡིག་རྡོ་རིང་ཞིག་ཡིན་པས། ཚིག་དོན་གཉིས་ཀ་ཆེས་ཁུངས་བཙན་པ་ཞིག་རེད། སྐབས་དེའི་བོད་རྩིས་ཀྱི་གླང་ལོའི་དགུན་རའི་ཚེས་བཅུ་དེ་སྐབས་དེའི་རྒྱ་རྩིས་ཀྱི་ཟླ་བཅུ་པའི་ཚེས་བཅུ་ཡིན་པ་ནི་ཐང་ཡིག་རྙིང་མ་ལས་གསལ་ཏེ། དེ་ཉིད་ལས། ཟླ་བཅུ་པའི་ཚེས་བཅུའི་ཉིན་བོད་ཀྱི་ཕོ་ཉ་དང་མཇལ་དུམ་བྱས། ཙའེ་ཞང་བློན་པོ་དང་ཕུའུ་ཡེ་གཡས་པ། པུའུ་དྲུག་གི་ཧྲང་ཧྲུའུ་བློན་པོ། ཀྲུང་ཀྲི་ཧྥ། ཐའེ་ཁྲང་། སི་ནུང་ཆིང་། ཅིན་ཀྲའོ་ཧྥུ་ཡི་གཙོ་སྐྱོང་། ཅིན་ཝུའུ་དམག་དཔོན་ཆེན་མོ་བཅས་ཚང་མ་ཞུགས། ཞེས་གསལ་ལོ། །
བོད་ཀྱི་རྡོ་རིང་དང་རྒྱའི་ཐང་ཡིག་ཏུ་འཁོད་པའི་ཟླ་ཚེས་ནི་སྐབས་དེར་རྒྱལ་གཞུང་གཉིས་ཀྱི་རྩིས་ཀྱི་ལོ་ཐོ་ལྟར་ཡིན་པས་དུས་དེའི་སྲིད་གཞུང་གི་རྩིས་ཅི་འདྲ་ཡིན་པ་ཐག་ཆོད་པའི་ཡིག་ཆའོ། །
དེ་ལྟར་ན་ལྕགས་གླང་ལོ་དེར་བོད་ཀྱི་དགུན་ར་འབྲིང་ཐ་གསུམ་ནི། རྒྱ་ཡི་ཟླ་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་གསུམ་ལ་ཁེལ་ཞིང་། ཚུལ་དེས་བོད་ཀྱི་དཔྱིད་ར་བ་དང་། རྒྱ་ཡི་དཔྱིད་ཟླ་དང་པོ་སོགས་མཉམ་དུ་ཁེལ་བའང་ཞར་ལ་ཤེས་ཐུབ་བོ། །
འོན་ཏེ་བཙན་པོ་ཁྲི་རལ་བ་ཅན་གྱི་སྐབས་འདིར་ལོ་མགོ་གང་ནས་འཛིན་པ་ཐེ་ཚོམ་ཡུལ་དུ་གྱུར་སྣང་བས་མུ་མཐུད་རྒྱུ་ཆ་བཙལ་ནས་དཔྱད་དགོས། གལ་ཏེ་ད་ལྟའི་བོད་ལྗོངས་སྨན་རྩིས་ཁང་དང་རྒྱ་ཡི་ཞིང་རྩིས་ཀྱི་ཟླ་ལྷག་འདོན་པའི་རིགས་པ་ལྟར་ན819ས་ཕག་ལོར་བོད་ཟླ་གསུམ་པ་ལྷག 820ལྕགས་བྱི་ལོར་རྒྱ་ཟླ་དང་པོ་ལྷག དེ་བས821ལྕགས་གླང་ལོར་བོད་ཟླ་བཅུ་གཅིག་པ་དང་རྒྱ་ཟླ་བཅུ་པ་དུས་མཉམ་ཚུལ་སྨན་རྩིས་ཁང་གི་སློབ་དཔོན་ཡུམ་པའི་ལུགས་དྲུག་ཤན་སྦྱར་བསྐལ་འཁོར་ལོ་ཐོ་རུ་གསལ།
འདི་པ་ནོར་འཕྱུག་མེད་པ་ལྟ་ན་ལོ་དེའི་རྒྱ་ཟླ་བཅུ་པའི་ཚེས་བཅུ་དེ་བོད་ཀྱི་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་ཁེལ་འདུག་པས། གོང་དུ་དྲངས་པ་ལྟར་དབོན་ཞང་མོལ་བའི་ལོ་དང་པོ་ནི་སྤྱི་ལོ821ལྕགས་གླང་ལོའི་དགུན་ཟླ་ར་བའི་ཚེས་བཅུ་ཡིན་པ་དང་། དེ་ཉིད་རྒྱ་རྩིས་ཀྱི་ཟླ་བཅུ་པའི་ཚེས་བཅུ་ཡིན་པ་བོད་རྒྱའི་ཡིག་ཚང་རྙིང་པ་ཁུངས་ཐུབ་ལས་གསལ་བ་དང་འགལ་ལོ། །

དེས་ན་ཟླ་ལྷག་འདོན་ཚུལ་འདི་ལ་གནའ་དེང་གཉིས་བར་ཁྱད་པར་ཆེ་ཙམ་བྱུང་ཡོད་ངེས་སུ་འདུག་པས། གནའ་དུས་ཇི་ལྟར་ཡིན་པ་ཞིབ་ཏུ་དཔྱད་པར་བྱ་ལ། སྨན་རྩིས་ཁང་གི་ཟླ་ལྷག་འདོན་སྟངས་འདི་ད་ལྟའི་བོད་ཁམས་ཡོངས་ལ་མ་ཁྱབ་པ་དང་། བོད་རིགས་ཀྱི་འཚོ་བ་དང་ལས་དོན་དངོས་ཀྱི་གནས་ཚུལ་ཐད་དེ་ཙམ་སྟབས་བདེ་ཞིག་ཏུ་ཡང་མི་འདུག །གཅིག་བྱས་ན་བཙན་པོའི་དུས་རབས་ཀྱི་ཟླ་རྩིས་ནི་ཡུལ་མདོ་སྨད་པའི་རྩིས་ལྟར་རྒྱ་རྩིས་དང་ཆེས་མཐུན་པའི་རྩིས་ཤིག་ཡིན་ཤས་ཆེ་བ་ལགས་ན་མུ་མཐུད་ཡིག་རྙིང་དག་ལ་མཉམ་འཇོག་པར་ཞུ་ཞིང་། གལ་ཏེ་ལོ་རྒྱུས་དེ་ལྟར་ཡིན་པའི་ངེས་པ་རྙེད་ན་ལྷ་བཙན་པོའི་རྩིས་རིག་གི་ལོ་ཐོ་དེ་ཉིད་བསྐྱར་དར་ཡོང་བའི་རེ་སྨོན་ཆེན་པོ་ཡོད།
དེ་ལྟར་བྱུང་ན། བོད་ཁམས་ཡོངས་ཀྱི་དུས་ཆེན་ཁག་རང་བཞིན་གྱིས་གཅིག་གྱུར་ཡོང་ཞིང་། མ་ཟད་བོད་དང་། རྒྱ་དང་། འབར་མ་དང་། ཐེ་ལན་དི་སོགས་ནང་པའི་ཡུལ་གྲུ་གཙོ་ཆེ་ཁག་རྣམས་ཀྱི་སྟོན་པའི་དུས་ཆེན་ས་ག་ཟླ་བ་སོགས་ཀྱང་མ་བགྲོས་གཅིག་མཐུན་ཡོང་བ་ཡིན་ནོ། །
ལོ་སར་ཐད་ནས་བཙན་པོའི་དུས་རབས་སུ་ཇི་ལྟར་ཡིན་པ་ནི་མིག་སྔར་ངེས་པ་འདྲོང་བའི་ཡིག་ཆ་གང་ཡང་མཐོང་དུ་མི་འདུག་ཅིང་། སྔོན་གྱི་གསུང་སྒྲོས་གཙོ་ཆེ་བ་དག་བླ་མ་འཆི་མེད་རིག་འཛིན་གྱི་གསུང་རྩོམ་བོད་གཙུག་ལག་རིག་པའི་ལོ་མགོ་འཛིན་ཚུལ་སྐར་མ་རྒྱལ་གྱི་རང་སྒྲ་ཞེས་བྱ་བ་དེར་གསལ་བས་གཟིགས་ན་བློ་གྲོས་འཕེལ་བར་ངེས་སོ། །དེ་ལྟར་བྱུང་ན། བོད་ཁམས་ཡོངས་ཀྱི་དུས་ཆེན་ཁག་རང་བཞིན་གྱིས་གཅིག་གྱུར་ཡོང་ཞིང་། མ་ཟད་བོད་དང་། རྒྱ་དང་། འབར་མ་དང་། ཐེ་ལན་དི་སོགས་ནང་པའི་ཡུལ་གྲུ་གཙོ་ཆེ་ཁག་རྣམས་ཀྱི་སྟོན་པའི་དུས་ཆེན་ས་ག་ཟླ་བ་སོགས་ཀྱང་མ་བགྲོས་གཅིག་མཐུན་ཡོང་བ་ཡིན་ནོ། །
ས་གནས་ཀྱི་སྲོལ་རྒྱུན་གྲགས་ཆེ་བ་ལྟར་ན། བཅུ་གཉིས་པའི་ཚེས་གཅིག་གི་ལོ་སར་དང་། དང་པོའི་ཚེས་གཅིག་གི་ལོ་སར་གཉིས་རེད་དེ། ཟླ་བཅུ་གཉིས་པར་ལོ་སར་གཏོང་སྲོལ་ཡོད་པ་འདི་གཞན་ལུགས་ཤིག་ལས་རང་སྲོལ་མ་ཡིན་ནོ་ཞེས་གྱ་ཚོམ་དུ་འདོར་བར་མི་བྱ་སྟེ། བོད་ཡུལ་གང་སར་སྲོལ་འདི་ཆེས་སྔ་རབས་ནས་དར་པོ་ཡོད་པ་ལགས་པས། རང་ཉིད་ཀྱི་རིག་གནས་ཤིག་ཏུ་ངོས་འཛིན་པ་གལ་ཆེའོ། །
འགའ་རེས་ཟླ་བཅུ་གཉིས་པར་ལོ་སར་བ་རྒྱའི་དཔྱིད་གསར་དང་མཉམ་དུ་ཁེལ་བ་ལ་བསམ་ནས་འདི་ནི་དེང་དུས་ཀྱི་རྒྱ་ལུགས་དང་དུ་བླང་བའོ་སྙམ་པ་ཡོད་འདུག་མོད། མ་ཡིན་ཏེ་ཟླ་ལྷག་ཡོད་མེད་གང་ལྟར་ཡང་སྔར་ནས་ཁམས་དང་གཙང་གི་ཡུལ་གྲུ་དུ་མ་ནས་ཟླ་བཅུ་གཉིས་པར་ལོ་སར་གཏོང་སྲོལ་ཡོད་པ་ཡིན། དེས་ན་འདྲ་བ་ཐམས་ཅད་གཞན་ལུགས་སུ་མོས་པར་མི་བྱ་སྟེ། ཕུག་རྩིས་ལྟར་ན་ཡང་སང་ཕོད་གནང་ཕོད་གཉིས་ཀར་ཉིན་གཅིག་གི་སྔ་རྗེས་ཙམ་ལས་བོད་ཀྱི་དཔྱིད་ཟླ་དང་པོའི་ལོ་སར་དང་རྒྱའི་དཔྱིད་གསར་དུས་ཆེན་མཉམ་དུ་ཁེལ་མོད། དེ་ནི་གཞན་སྲོལ་དགོས་མེད་དང་ལེན་བྱས་པ་ཞིག་མ་ཡིན་པར་རྩ་བའི་ཆ་ནས་རྩིས་ཀྱི་ལོ་ཐོ་མཚུངས་པའི་དབང་གིས་རང་སྲོལ་དང་དང་གཞན་སྲོལ་དུས་མཉམ་ལ་ཁེལ་བས་ཡིན་ནོ། །
གལ་ཏེ་བོད་ཁམས་ཡོངས་ནས་ཐུན་མོང་དུ་དང་ལེན་ཐུབ་པའི་ལི་ཐོ་གསར་བ་ཞིག་འདོན་ཐུབ་ན་རང་ཤུགས་ཀྱིས་གནས་སྐབས་ཐམས་ཅད་དུ་ལོ་སར་དང་། ས་ཟླའི་དུས་མཆོད་སོགས་གཅིག་གྱུར་ཡོང་ཐུབ་པས། སྨན་རྩིས་ཁང་གི་རྩིས་པ་ཚོས་ཨང་ཀི་འགའ་ཤས་ཤིག་འབྲི་སྲོལ་བསྒྱུར་ན་དོན་འདི་ཉིད་ཡོངས་སུ་མངོན་དུ་འགྱུར་བའོ། །
འོན་ཏེ་གཞུང་ལུགས་དང་སྲོལ་རྒྱུན་ཉི་ཚེ་བས་བཅིང་དྲག་པའི་མི་རིགས་འདིར་གནས་སྐབས་དེ་འདྲའི་སྐལ་བ་ཡོད་དཀའ་སྟེ། གཞུང་ལུགས་དང་འཚོ་བའི་འགལ་འདུའི་བར་ནས་ཨ་ཐང་ཆད་པའི་རྣམ་སྨིན་འདི་ཉིད་དུས་ངེས་ཅན་ཞིག་ལ་འཁུར་དགོས་པར་སྣང་ངོ་། །
འབྲེལ་ཡོད་འོས་སྦྱོར།