ཏུན་ཧོང་གཏེར་ཡིགP.T.1287ལས“ལུག་རྟུག”ཅེས་པའི་ཚིག་དོན་གྱི་ཞིབ་འཇུག་གནས་བབ།
རྩོམ་པ་པོ།:ནག་བཟའ་མཆོད་རྟེན་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-04-16
ཀློག་གྲངས།:
ནང་དོན་གནད་བསྡུས། ཏུན་ཧོང་གཏེར་ཡིགP.T.1287ལས་ལུག་རྟུག་ཅེས་པ་འདི་ནི་རྩོད་གཞི་ཅན་གྱི་མིང་ཚིག་ཅིག་ཡིན་སྟབས། མིང་འདིའི་དོན་གྱི་འཇུག་ཡུལ་ལ་ཞིབ་འཇུག་གི་སྡེ་རུ་ཡང་འགྲེལ་ཚུལ་མི་འདྲ་བ་མང་པོ་ཡོད། འདིར་ཏུན་ཧོང་གཏེར་ཡིགP.T.1287ལས་ལུག་རྟུག་ཅེས་པའི་མིང་ཚིག་འདིའི་འགྲེལ་ལུགས་མི་འདྲ་བ་དག་གཅིག་ཏུ་བསྡུས་ནས་མིང་འདིའི་ཞིབ་འཇུག་གི་གནས་བབ་དང་དེ་འབྲེལ་གྱི་རང་གི་ལྟ་ཚུལ་རགས་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། ཏུན་ཧོང་གཏེར་ཡིག ལུག་རྟུག ཞིབ་འཇུག་གི་གནས་བབ།
གླེང་གཞི།
ལུག་རྟུག་ཅེས་པའི་མིང་ཚིག་འདི་ནི་ཏུན་ཧོང་གཏེར་ཡིག་ལས་ཤོག་དྲིལ་ཨང་རྟགསP.T.1287ནང་དུ་ཐེངས་གཉིས་ལ་བྱུང་ཡོད་ཅིང་། དང་པོ་ནི་ཤོག་དྲིལ་ཨང་རྟགསP.T.1287ནང་གི་ཐིག་ཕྲེང86-87བར་ཏེ། “བློ་སྒྱུ་གཉྀས་ཀྱིས།། མྱྀ་རྟ་གཉིས་ལ་ཚེགས་མ་བྱུང་བར།། དཔྱའ་ཕབ་ལུག་རྟུག་གི་སྒྱུ།། ལྕེ་ཐོར་ཐོར་ལ་བརྗོད་དེ།”ཞེས་བཀོད་ཡོད་ལ། གཉིས་པ་ནི་ཤོག་དྲིལ་ཨང་རྟགསP.T.1287ནང་གི་ཐིག་ཕྲེང303-304བར་ཏེ། “སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེ་འྀ་ཐོར་ཐོ་ལ་བརྗོད་ནས།”ཞེས་མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པ་སོགས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་ལོ་རྒྱུས་བརྗོད་དུས་ཐོན་ཡོད་ཅིང་། སྔ་ཕྱིའི་ཤོག་དྲིལ་གཉིས་ཀའི་ནང་དོན་ནི་སུམ་པ་འབངས་སུ་བཀུག་ཚུལ་ཁོ་ན་ཡིན་པས་མདོར་དེད་ན་གཅིག་ཏུ་ཁེལ་ཡོད།
དང་པོ། མཁས་པ་སོ་སོའི་འགྲེལ་ལུགས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེའི་རྗེས་ནས་མྱང་མང་པོ་རྗེ་ཞང་སྣང་གིས་དམག་བྱེད་མ་དགོས་པར་སྒྱུའི་སྒོ་ནས་ཁྱིམ་གྲངས་མ་ཤོར་བར་སུམ་པ་མཐའ་དག་འབངས་སུ་བསྡུས་ཞེས་པ་ཙམ་ལས་དོན་གྱིས་སྒྱུའི་ཐབས་ཅི་འདྲ་ཞིག་ལ་བརྟེན་ནས་དམག་དྲངས་མ་དགོས་པར་སུམ་པ་འབངས་སུ་བསྡུས་ཚུལ་སོགས་ཞིབ་ཏུ་གླེང་མེད་པས་སྐབས་དེའི་ལུག་རྟུག་ཅེས་པའི་ཚིག་དོན་ལའང་དམིགས་ཀྱིས་འགྲེལ་བ་བྱས་མེད།
ལུག་རྟུག་གིས་སྒྱུ་ཕབ་ཅེས་པར་བོད་རིག་པའི་མཁས་པ་ཝང་ཡའོ་འམ་དབང་རྒྱལ་ལགས་ཀྱིས་ལུག་ཕོ་རླིག་རིལ་དང་ལྡན་པར་འགྲེལ་ཡོད་ལ་རྒྱ་ཡིག་ཏུའང(种养、公羊)ཞེས་བསྒྱུར་ཏེ་དོན་གྱིས་ཁྲོམ་ལ་འཇུག་ཚུལ་འགྲེལ་ཡོད། དེར་མ་ཟད་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཀྱང་འབྲས་བུ་མ་བཏོན་པའི་ལུག་ཐུག་གི་མིང་ཞེས་དོན་གྱིས་ཁྲོམ་ལ་འཇུག་ཚུལ་འགྲེལ་ཡོད། གཞན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་ཀྱང་གོང་དུ་དྲངས་པ་གཉིས་ཀྱི་ལུགས་ལྟར་ལུག་ཐུག་ལའོ་ཞེས་ཁྲོམ་གྱི་དོན་ལ་འཇུག་ཚུལ་འགྲེལ་ཡོད།
གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་ལུག་རྟུག་ཅེས་པ་ནི་ལུག་གི་རིལ་མའམ་ཡང་ན་གནས་ལུགས་ཀྱིས་གཏུགས་པ་ཞེས་པའི་དོན་ཡིན་པ་འདྲ་ཞེས་ཐེ་ཚོམ་གྱི་ངང་ནས་འགྲེལ་མི་འདྲ་བ་གཉིས་བཀོད་ཡོད། ཁ་སྒང་བཀྲ་ཤིས་ཚེ་རིང་གི་བརྡ་རྙིང་ཚིག་མཛོད་དུ་ལུག་རྟུག་དང་ལུག་རྟུག་གིས་སྒྱུ་ཕབ་ཅེས་པ་སོ་སོར་ཕྱེ་ནས་འགྲེལ་ཡོད། ལུག་རྟུག་ལ་ནང་གསེས་སུ་འགྲེལ་མི་འདྲ་བ་གཉིས་བརྒྱབ་ཡོད་དེ། དང་པོ་ནི་ལུག་ཐུག་སྟེ་འབྲས་བུ་མ་བཏོན་པའི་ལུག་ལ་འཇུག་ཅེས་པ་དང་། གཉིས་པ་ནི་ལུག་བྲུན། རིལ་མའི་དོན་ཞེས་པར་འགྲེལ་ཡོད།
གཞན་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྡོ་རྗེ་དོན་འགྲུབ་ལགས་ཀྱིས་ལུག་རྟུག་གིས་སྒྱུ་ཕབ་ཅེས་པ་ནི་ཁྲོམ་དང་ལུག་གི་རིལ་མར་འགྲེལ་བ་སོགས་ལ་དགག་སྟེ། ཡུལ་སྐད་ཞིབ་བསྡུར་གྱི་ཐབས་ལམ་སོགས་སྤྱད་དེ་ལུག་གི་རིལ་མ་ལ་ལུག་རྟུག་ཅེས་པའི་འབོད་སྲོལ་མེད་པ་དང་། ལུག་ཐུག་དང་ལུག་རྟུག་ཅེས་པ་གཉིས་སྒྲ་གདངས་འདྲ་བ་ཙམ་ལས་དོན་སོ་སོ་བ་ཡིན་ཞིང་། ཁྲོམ་ལ་ལུག་ཐུག་ལས་ལུག་རྟུག་ཅེས་པའི་འབོད་སྲོལ་ཞིག་མེད་ཚུལ་སོགས་བསྒྲུབས་ཏེ་དེ་ནི་དོན་གྱིས་སྲོང་བཙན་གྱི་བཙུན་མོ་ཞང་ཞུང་བཟའ་ལུག་ཏིག་སྨན་གྱི་མིང་ཡིན་པ་དང་ལུག་ཏིག་སྨན་གྱིས་སྒྱུ་མའི་ཐབས་ལ་བརྟེན་ཏེ་ཕ་རོལ་སུམ་པ་དབང་དུ་བསྡུས་པར་འགྲེལ་ཡོད།
གཉིས་པ། འགྲེལ་ལུགས་མི་འདྲ་བ་དང་དེའི་དོགས་དཔྱོད།
ཤོག་དྲིལ་གྱི་མ་ཡིག་ལས་ལུག་རྟུག་གི་སྒྱུ་ཕབ། ལུག་རྟུག་གིས་སྒྱུ་ཕབ་ཅེས་ཐེངས་གཉིས་བྱུང་ཡོད་པའི་སྔ་ཕྱིའི་ཚིག་གི་གོ་རིམ་སོགས་བསྡུར་ཏེ་དཔྱད་ཚེ་ལུག་རྟུག་ནི་གཡོ་སྒྱུའི་ཐབས་ཤིག་གི་དོན་ཡིན་པ་ཤེས་མོད། དོན་གྱིས་ཐབས་གང་འདྲ་ཞིག་སྤྱད་དེ་སུམ་པ་འབངས་སུ་བཀུག་ཚུལ་ལ་མཁས་པ་སོ་སོའི་འགྲེལ་ལུགས་མི་འདྲ་བ་ཡོད་ཚུལ་གོང་དུ་ཞུས་ཟིན་ཞིང་། དེ་དག་ལས་ཀྱང་ཞིབ་འཇུག་པ་མང་ཆེ་ཤོས་ཀྱིས་སྒྲ་འདྲ་བ་ཙམ་ལ་རྐྱེན་བྱས་ཏེ་ལུག་ཐུག་སྟེ་དོན་གྱིས་ཁྲོམ་ལ་འཇུག་ཚུལ་འགྲེལ་བ་ལས་ཞིབ་ཏུ་ཁྲོམ་དང་འབྲེལ་བའི་ཐབས་གང་འདྲ་ཞིག་སྤྱད་དེ་སུམ་པ་འབངས་སུ་བཀུག་ཚུལ་ཞིབ་ཏུ་བྲིས་མེད། དེ་ལས་གཞན་ཁ་ཅིག་གིས་བྱ་སོགས་ཀྱི་མི་གཙང་བར་རྟུག་ཅེས་འབོད་པ་རྒྱུ་མཚན་དུ་དྲངས་ཏེ་ལུག་གི་རིལ་མར་ཡང་བཙན་གྱིས་རྟུག་ཅེས་འགྲེལ་ཏེ་ལུག་རྟུག་ཅེས་པའང་ལུག་གི་རིལ་མར་འགྲེལ་ཡོད་མོད། ལུག་གི་རིལ་མ་དང་འབྲེལ་བའི་ཐབས་གང་འདྲ་ཞིག་སྤྱད་ཚུལ་སོགས་ཞིབ་ཏུ་བཤད་མེད། ཉེ་ལམ་ཀ་ཤུལ་འཇམ་དབྱངས་ཀྱིས་སྔོན་གྱི་ཞིབ་འཇུག་པ་དག་གི་དཔྱད་འབྲས་རྨང་གཞིར་བྱས་ཏེ་གསར་དུ་ཞིབ་འཇུག་བྱས་པའི་འབྲས་བུར་ལུག་རྟུག་གིས་སྒྱུ་ཕབ་ཅེས་པ་ནི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ཀྱིས་བོད་ལ་ཤུགས་རྐྱེན་ཐེབས་ཏེ་བྱུང་བའི་ཐ་སྙད་ཅིག་ཡིན་ཞིང་། དེའི་གོ་དོན་ནི་ཁྲོམ་གྱི་ཤ་ཕུལ་བ་སོགས་ཀྱི་རྒྱུ་ཟས་རྔན་རྫོང་གི་ཞི་བའི་ཐབས་དང་སྨྲ་བའི་ལྕེ་ལ་བརྟེན་ནས་གཞན་ཕ་རོལ་པོ་མངའ་དབང་དུ་བསྡུ་བའི་ཐབས་ཤིག་ཡིན་ཞེས་འགྲེལ་ཡོད།
གོང་གི་འགྲེལ་ཚུལ་དག་ལ་ད་དུང་བརྟག་པར་བྱ་བ་འགའ་ཡོད་པ་ནི། གཅིག་ནི་ཁྲོམ་གྱི་འབྲི་ཚུལ་གཞན་ལ་ལུག་ཐུག་ཅེས་པ་ལས་ལུག་རྟུག་ཅེས་པའི་འབྲི་ཚུལ་ཞིག་མེད་པ་དང་། སྤྱིར་བརྡ་རྙིང་གི་སྡེ་བ་གཅིག་པའི་མིང་གཞིའི་ཡི་གེ་ཕན་ཚུན་བརྗེ་སྲིད་པ་ཡོད་པས་མིང་གཞི་ཏ་དང་ཐ་གཉིས་ཀྱང་བརྗེ་ཆོག་མོད། མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་གང་རུང་གི་སྐབས་སུ་སྡེ་བ་གཅིག་གི་སྐབས་སུ་བརྗེ་མི་ཆོག་པས། འདི་གཉིས་ཀྱི་སྒྲ་གདངས་ལ་ཅུང་འདྲ་བའི་ཆ་ཞིག་ཡོད་པ་ཙམ་ལས་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས་དོན་གཅིག་ཏུ་འཁྲུལ་མི་རུང་བ་དང་། གཉིས་ནི་ང་ཚོས་བྱ་སོགས་ཀྱི་མི་གཙང་བའི་རྟུག་པ་ལ་རྟུག་ཅེས་འབོད་པ་ལས་ལུག་སོགས་ཀྱིས་མཚོན་པའི་སྒོ་ཕྱུགས་ཀྱི་རིལ་མ་སོགས་ལ་རྟུག་ཅེས་པའི་འབོད་སྲོལ་ཞིག་མེད་པ་དང་། ཨ་མདོའི་ཡུལ་གྱི་ལུང་སྐད་ཕལ་ཆེ་བར་ལུག་སོགས་སྒོ་ཕྱུགས་ཀྱིས་མི་གཙང་བར་དངོས་པོ་རང་མཚན་པ་རེ་ལ་བྱེ་བྲག་གི་མིང་རེ་འདོགས་སྲོལ་ཡོད་པས་ལུག་གི་རིལ་མ་དང་རྟ་ཡི་རྟི་ལུ། ནོར་གྱི་ལྕི་བ་ཞེས་བརྗོད་པ་ལས་རྟུག་ཅེས་པའི་བརྗོད་སྲོལ་ཞིག་མེད་པས་དེ་གཉིས་གཅིག་ཏུ་འཁྲུལ་ཏེ་འགྲེལ་མི་རུང་བར་སྙམ།
གཞན་སུམ་པ་ནི་གནའ་བོའི་བོད་ཀྱི་རུས་ཚོའམ་རྒྱལ་ཕྲན་ཤིན་ཏུ་རྙིང་གྲས་ཤིག་ཡིན་ཞིང་། གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བྱུང་བའི་རྒྱལ་ཕྲན་སིལ་མའི་དུས་ནས་བྱུང་ཡོད་པའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྒྱལ་ཕྲན་སྟོབས་ལྡན་ཞིག་ཡིན་ཚུལ་སོགས་གནའ་བོའི་ལོ་རྒྱུས་ཡིག་ཚང་དག་ཏུ་གསལ་བས། རྒྱལ་ཕྲན་འདི་ཉིད་དབང་དུ་བསྡུ་དུས་ལུག་ཐུག་སྟེ་ཁྲོམ་གྱི་ཤ་སོགས་ཕུལ་ཏེ་རྒྱུ་ཟས་རྔན་རྫོང་གི་ཞི་བའི་ཐབས་ལ་བརྟེན་ནས་འབངས་སུ་བཀུག་ཅེས་འགྲེལ་བ་ནི་ཅུང་ལུགས་དང་མི་མཐུན་ཏེ། གནའ་བོའི་རྒྱལ་ཕྲན་སྟོབས་ལྡན་དེ་དག་གིས་ནོར་གྱི་ཞེན་ཆགས་ཙམ་གྱིས་རང་གི་རྒྱལ་ཁབ་ཀྱང་འདོར་བ་ཡིན་ཞེས་པ་ནི་ཅུང་ཟད་ལུགས་དང་མི་མཐུན་པའི་གཏམ་ཨེ་ཡིན་ནམ་སྙམ་པས། ལུག་རྟུག་ཅེས་པའི་ཚིག་དོན་དངོས་ནི་ཁྲོམ་དང་ལུག་གི་རིལ་མ། ད་དུང་ལུག་ཐུག་སྟེ་ཁྲོམ་གྱི་ཤ་སོགས་ཕུལ་ཏེ་རྒྱུ་ཟས་རྔན་རྫོང་གི་ཞི་བའི་ཐབས་སོགས་མིན་པ་ཤེས་ཐུབ།
མཇུག་བསྡུ་བ།
མདོར་ན། ཤོག་དྲིལP.T.1287ལས་སྔ་ཕྱིར་ཐེངས་གཉིས་བྱུང་བའི་ལུག་རྟུག་ཅེས་པ་ནི་ལུག་གི་རིལ་མ་དང་ཁྲོམ་སོགས་ལ་མི་གོ་བར། སྲོང་བཙན་གྱི་བཙུན་མོ་ཞང་ཞུང་བཟའ་ལུག་ཏིག་སྨན་གྱི་མིང་གི་འབྲི་སྟངས་ཤིག་ཡིན་ཞིང་། དོན་གྱིས་ཞང་ཞུང་བཟའ་ལུག་ཏིག་སྨན་གྱིས་གཡོ་སྒྱུའི་ཐབས་ལ་བརྟེན་ནས་དམག་དྲངས་མ་དགོས་པར་སུམ་པ་མཐའ་དག་འབངས་སུ་བཀུག་ཅེས་པའི་དོན་ཡིན། གཞན་ད་དུང་བུད་མེད་ཀྱི་རིག་པའམ་སྒྱུའི་ཐབས་ལ་བརྟེན་ནས་རྒྱལ་ཕྲན་དག་འབངས་སུ་བཀུག་ཚུལ་ནི། གནའ་བོའི་རྒྱལ་ཕྲན་སྟོབས་ལྡན་སྟོད་ཀྱི་ཞང་ཞུང་ཡང་བཙན་པོའི་སྐུ་སྲིང་སད་མ་ཀར་གྱིས་ལྐོག་ཏུ་བཙན་པོར་གཡུ་རྙིང་སུམ་ཅུ་སོགས་བསྐུར་ཏེ། སྒྱུའི་རིག་པ་ལ་བརྟེན་ནས་མཐར་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་ཚུལ་གྱི་ལོ་རྒྱུས་ཏུན་ཧོང་གཏེར་ཡིག་སོགས་ལོ་རྒྱུས་ཆོས་འབྱུང་མང་པོར་གཅིག་མཐུན་དུ་ཡོད་པས། སྨད་ཀྱི་རྒྱལ་ཕྲན་སུམ་པའང་བཙུན་མོ་ཞང་ཞུང་བཟའ་ལུག་ཏིག་སྨན་གྱིས་བློའི་རིག་པ་ལ་བརྟེན་ནས་དམག་དྲངས་མ་དགོས་པར་འབངས་སུ་བཀུག་པ་ཡིན་ཞེས་འགྲེལ་ཚེ་གཟུ་བོར་གནས་པའི་གཏམ་ཡིན་པར་སྙམ་ཞིང་། དེར་མ་ཟད་འདི་ལས་ཞང་ཞུང་བཟའ་ལུག་ཏིག་སྨན་དང་བཙན་མོ་སད་མ་ཀར་གཉིས་ཀྱིས་སྔ་ཕྱིར་བཙན་པོས་རྒྱལ་ཕྲན་མང་པོ་གཅིག་གྱུར་བྱེད་པའི་གོ་རིམ་ཁྲོད་བསུབ་མེད་ཀྱི་མཛད་རྗེས་བཞག་ཡོད་པའང་ཞར་ལ་ཤེས་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
[1] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2002ལོ།
[2] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ།
[3] གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་གྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ།
[4] གོ་ཤུལ་གྲགས་པ་འབྱུང་གནས། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 2001ལོ།
[5] ཁ་སྒང་བཀྲ་ཤིས་ཚེ་རིང་། བཙན་པོའི་དུས་ཀྱི་ཡིག་རྙིང་། [M] མི་རིགས་དཔེ་སྐྲུན་ཁང་། 2019ལོ།
[6] རྡོ་རྗེ་དོན་འགྲུབ། ཏུན་ཧོང་གཏེར་ཡིགP.T.1287ལས་ལུག་རྟུག་གི་སྒྱུ་ཕབ་ཅེས་པའི་གོ་དོན་དང་དེ་འབྲེལ་བའི་གནད་དོན་འགའ་གླེང་བ། [J] ཀྲུང་གོའི་བོད་རིག་པ། 2011ལོའི་དེབ་གསུམ་པ།
[7] ཀ་ཤུལ་འཇམ་དབྱངས། ཏུན་ཧོང་གཏེར་ཡིགP.T.1287ལས་བྱུང་བའི་ལུག་རྟུག་གི་སྒྱུ་ཕབ་ཅེས་པའི་ཚིག་དོན་ཁུངས་འདེད་དང་གསེད་བཀྲོལ། [J] ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ། 2024ལོའི་དེབ་དང་པོ།

འབྲེལ་ཡོད་འོས་སྦྱོར།