logo

མཚོ་བོད་ས་མཐོའི་འབྱུང་ཁམས་སྐོར་གྱི་གླེང་སྟེགས་སྐབས་དྲུག་པ་ཟི་ལིང་དུ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-06-17 ཀློག་གྲངས།:
       ཚེས11ཉིན་གྱི་སྔ་དྲོ། འབྱུང་ཁམས་བདེ་འཇགས་སྲུང་རགས་མཉམ་སྐྲུན་དང་། མཐོ་སྒང་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིབ་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་མཚོ་བོད་ས་མཐོའི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གླེང་སྟེགས་སྐབས་དྲུག་པ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་རེད།
       མཚོ་བོད་ས་མཐོའི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གླེང་སྟེགས་ཀྱིས་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཁྱབ་སྤེལ་དང་ལག་ལེན་འཚོལ་ཞིབ་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་བར་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བས། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད།
       སྐབས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་དུས་སྐབས་གསར་པའི་འབྱུང་ཁམས་དཔལ་ཡོན་འཕེལ་རྒྱས་དང་མཐུན་པའི་བརྗོད་དོན་གཙོ་བོ་དང་ལས་འགན་ཞིབ་འཇུག་དང་གྲོས་བསྡུར་གཏན་འབེབས་བཅས་བྱས་པ་བརྒྱུད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་རིག་གནས་པ་གདན་འདྲེན་ཞུས་ནས་འབྲེལ་ཡོད་གྲོས་གཞི་གཏན་འཁེལ་བྱེད་པ་དང་། འབྱུང་ཁམས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་རིག་གནས་པའི་བར་གྱི་ཆུ་ཚད་མཐོ་བའི་སྤེལ་རེས་བརྒྱུད་འབྱུང་ཁམས་སྲུང་སྐྱོབ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་ཐུབ་པའི་ཐབས་ལམ་གཏོད་རྒྱུ་བཅས་རེད།
       མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཧོང་ཧྲི་ཧོ་ཡིས། གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཆུ་ཡིན་པས་གནས་བབ་ཧ་ཅང་དམིགས་བསལ་ཡིན། གཙང་གསུམ་ཆུ་འགོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་རིག་གཞུང་སྤེལ་རེས་ཀྱི་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་བ་དང་། རིག་གཞུང་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཚན་རྩལ་གྱིས་འབྱུང་ཁམས་འཛུགས་སྐྱོང་ལ་མཐུན་རྐྱེན་སྦྱོར་བའི་ནུས་ལྡན་འཁོར་སྐྱོད་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས།
       གཙང་གསུམ་ཆུ་འགོ་འབྱུང་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཏུའུ་ཅེ་ཡིས། གླེང་སྟེགས་འདི་རྒྱུན་མཐུད་ངང་འཚོགས་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་འབྱུང་ཁམས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་ཡག་པོ་གཏོང་བར་ཕན་ཡོད་ཀྱི་དཔྱད་གཞི་དང་ལེགས་འགྲུབ་ལྡན་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་གླེང་སྟེགས་ཐོག་པེ་ཅིང་དང་ལན་ཀྲོའུ། མཚོ་སྔོན་སོགས་ནས་ཕེབས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན6གདན་འདྲེན་ཞུས་ཡོད་པ་དང་། ཁོང་ཚོས་འབྱུང་ཁམས་ཞིབ་འཇུག་ཁྱབ་ཁོངས་སུ་ལོ་མང་ཕྱག་ལས་གནང་རིང་བྱུང་བའི་རང་ཉིད་ཀྱི་ཉམས་མྱོང་དང་འབྱུང་ཁམས་སྲུང་སྐྱོང་ཐད་ད་བར་ཐོབ་པའི་ལེགས་འགྲུབ་ལྡན་པའི་དཔེ་མཚོན་ཁག་གཅིག་ལ་བརྟེན་ནས། ཇི་ལྟར་བྱས་ཏེ་འབྱུང་ཁམས་སྲུང་སྐྱོང་ཐད་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་ཐད་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།