བོད་རིག་པའི་ལས་དོན་དང་འབྲེལ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-07-28
ཀློག་གྲངས།:
ཉེ་སྔོན། རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་སྐབས་བདུན་པ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད་རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་སྐབས་དྲུག་པའི་ཚུན་དུ་བོད་རིག་པའི་ཞིབ་འཇུག་གི་འབྲེལ་ཡོད་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བོད་རིག་པའི་གོང་འཕེལ་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ནས་ཐུན་མོང་ཐོག་རྒྱལ་ཡོངས་བོད་རིག་པའི་ཞིབ་འཇུག་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལ་གྲོས་བསྡུར་གནང་ཡོད།

ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཚུན་དུ། རང་རྒྱལ་གྱི་བོད་རིག་པའི་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་གནས་ཚད་གཏན་འཁེལ་དང་ལས་དོན་གཙོ་བོར་དམིགས་པ། སྤྱི་ཡོངས་ཀྱི་མཉམ་ཤུགས་འདོན་སྤེལ། འཐབ་ས་འཛུགས་སྐྱོང་བྱེད་ཤུགས་ཆེར་གཏོང་བཅས་ཀྱི་ཐོག་ནས་བོད་རིག་པའི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཆེར་གཏོང་དང་བོད་འབྲེལ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག བོད་རིག་པའི་བྱ་གཞག་གི་ལོ་རྒྱུས་གནས་བབ་ལ་དམ་འཛིན་ཡང་དག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་འཆང་ནས་བོད་རིག་པའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་གོང་འཕེལ་འཆར་གཞི་ཡག་པོ་འགོད་པ། རང་རྟོགས་ངང་བོད་རིག་པའི་རང་བདག་ཤེས་བྱའི་མ་ལག་འཛུགས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ། དུས་རབས་གསར་པའི་བོད་རིག་པའི་བྱ་གཞག་གི་རྣམ་པ་གསར་པ་འབད་པ་ཆེན་པོས་གཏོད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཐོག་ཏུ་འཁུར་བ་བཅས་བྱེད་དགོས། རྒྱ་ཆེའི་བོད་རིག་པའི་ལས་དོན་མི་སྣས་བོད་རིག་པའི་ཞིབ་འཇུག་གི་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་གྱིས་འཐབ་ཇུས་ཀྱི་འདུ་ཤེས་ཆེན་པོའི་ཐོག་ནས་ཏང་གི་བོད་འབྲེལ་ལས་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། བོད་འབྲེལ་ཐད་ཀྱི་ཕྱི་ཕྱོགས་སྤེལ་རེས་དང་རྒྱལ་སྤྱིའི་བརྒྱུད་སྤེལ་ལམ་སྲོལ་གསར་པ་འཚོལ་ཞིབ་དང་འཛུགས་སྐྱོང་བྱས་ཏེ་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་དང་བོད་རིག་པའི་ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།

རྒྱལ་ཡོངས་ཀྱི་ཚན་ཞིབ་ཚན་པ་དང་། མཐོ་སློབ། དེ་བཞིན་འབྲེལ་ཡོད་ཚན་པ་བཅས80ལྷག་གི་འགན་འཁུར་མི་སྣ140ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་རིང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས«རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བསྒྲིགས(༢༠༡༢— ༢༠༢༤)»དེབ་གསར་འགྲེམས་བསྒྲགས་མཛད་སྒོ་གཉེར་བ་དང་། དེབ་དེའི་ནང་བོད་སྐད་ཀྱི་བརྡ་ཆད་གསར་པ5000ཙམ་བསྡུས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།