logo

དུས་རབས་གསར་པའི་བོད་རིགས་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་དང་བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ཚོགས་འདུའི2025ལོའི་ལོ་ཚོགས་ལྷ་སར་འཚོགས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-08-11 ཀློག་གྲངས།:
       བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་ཆེད། བོད་རང་སྐྱོང་ལྗོངས་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་དང་བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ཚོགས་འདུའི2025ལོའི་ལོ་ཚོགས་དེ་ཟླ7པའི་ཚེས30ཉིན་ལྷ་ས་རུ་འཚོགས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ་བ་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུས་ཚོགས་འདུར་མགོ་འཛིན་གནང་།
       ཚོགས་འདུའི་ཐོག་སི་ཁྲོན་སློབ་ཆེན་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེན་སི་ཀོང་དང་། ཚངས་དབྱངས་རྒྱ་མཚོ་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་ཚེ་རིང་གཡང་འཛོམས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རྟ་མགྲིན་མཚོ་སོགས་ཆེད་མཁས་པ་བདུན་གྱིས་དེང་རབས་བོད་རིགས་རྩོམ་རིག་དང་བོད་ལྗོངས་དེང་རབས་རྩོམ་རིག་གི་དུས་རབས་རིག་གནས་གཤིས་རྒྱུད་གསར་བསྐྲུན་དང་ཟུང་འབྲེལ་བྱས་ཏེ། བོད་ལྗོངས་རྩོམ་རིག་གིས་བོད་ལྗོངས་ཀྱི་འཚོ་བའི་རྣམ་པ་ངོ་མ་མངོན་པ་དང་། དེང་རབས་མི་སྣའི་འདུ་ཤེས་དཔྱད་ཞིབ། བོད་ལྗོངས་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་བསམ་པའི་གཤིས་རྒྱུད་དང་མི་རིགས་སྟོབས་ཤུགས་མངོན་པ་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་བ་སོགས་བརྗོད་དོན་གཏམ་བཤད་གནང་།
       ཚོགས་འདུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་དུ་བྱས་ནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཧྲན་ཞི་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། སི་ཁྲོན་སློབ་ཆེན། ལན་ཀྲོའུ་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཅི་ནན་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭ30ལྷག་ནས་ཡོང་བའི་ཆེད་མཁས་པ་དང་ཞིབ་འཇུག་སློབ་མ50ལྷག་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་བོད་ཀྱི་དེང་རབས་རྩོམ་རིག་གི་རིག་གནས་རང་རྟོགས། “ཟུང་འབྲེལ་གཉིས”དང་བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ལམ་ཞིབ་འཇུག “ཀྲུང་གོའི་གཏམ་རྒྱུད”དང་དེང་རབས་བོད་རིགས་རྩོམ་རིག་གི་སྐད་ཆ་འཛུགས་སྐྲུན། དེ་བཞིན་བོད་ལྗོངས་ཀྱི་རྩོམ་པ་པོ་གལ་ཆེན་གྱི་བརྩམས་ཆོས་ཞིབ་འཇུག་སོགས་ཀྱི་གྲོས་གཞི་ལ་དམིགས་ནས་རིག་གཞུང་དཔྱད་བསྡུར་རྒྱ་ཆེ་ཞིང་གཏིང་ཟབ་བྱས།
       ཐེངས་འདིའི་ཚོགས་འདུར་ཞུགས་པའི་མཁས་དབང་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་རིག་གཞུང་གི་མཐོང་རྒྱ་དང་། གཏིང་ཟབ་ཅིང་ཏན་ཏིག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། གཟབ་ནན་དང་ནན་ཏན་གྱི་སློབ་གཉེར་རྣམ་འགྱུར། སྤྲོ་སེམས་དང་ཁེངས་སྐྱུང་གི་མཁས་པའི་ཉམས་འགྱུར་བཅས་མངོན་པར་བྱས་པ་དང་། དེ་བཞིན་གཞོན་ནུ་སློབ་མ་རྣམས་ཀྱིས་ཧུར་ཐག་གི་ཞུགས་པ་དང་སྐྱེ་སྟོབས་ཆེ་བའི་གསོན་ཤུགས་བཅས་ལ་བརྟེན་ནས། ཚང་མར་ཀྲུང་གོའི་བོད་རིགས་རྩོམ་རིག་དང་བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་གི་མ་འོངས་པ་དང་རེ་བ་མཐོང་ཐུབ་པར་བྱས་ཡོད། །
འབྲེལ་ཡོད་འོས་སྦྱོར།