སྐུང་ཡིག་གི་འབྱུང་རྐྱེན་དང་བྱུང་འཕེལ་ལ་དཔྱད་པ།
རྩོམ་པ་པོ།:དཀོན་རབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-08-25
ཀློག་གྲངས།:
དང་པོ། སྐུང་ཡིག་གི་འབྱུང་རྐྱེན།
སྐུང་ཡིག་གི་རིག་པ་འབྱུང་བར་རྒྱུ་རྐྱེན་གཙོ་བོ་རིགས་བཞིར་དགར་ཆོག་པར་འདོད་དེ།
གཅིག འཚོ་བའི་ཐོན་སྐྱེད་ཆུ་ཚད།
སྐུང་ཡིག་གི་ཐོག་མའི་དམིགས་བྱ་གཙོ་བོ་ནི། སྣག་ཤོག་གྲོན་ཆུང་དང་། ལས་ཆོད་ཆེ་བ་སོགས་ཀྱི་དབང་གིས་ཡིན་ཏེ། གནའ་བོའི་དུས་སུ་ཐོན་སྐྱེད་ནུས་ཤུགས་ཞན་པས་ཤོག་གུ་དང་སྣག་ཚ་བཟོ་སྦྱོར་བྱེད་པར་དཀའ་ཁག་ངེས་ཅན་འཕྲད་སྲིད་ལ། དེ་བས་སྐབས་ཐོག་དེའི་ཐོན་སྐྱེད་ནུས་ཤུགས་འོག་ནས་ཤོག་བུ་ནི་ཧ་ཅང་དཀོན་པའི་རིགས་སུ་གྱུར་ཡོད་ཅིང་། བརྒྱ་ལ་བྲི་སའི་ཤོག་བུ་ལག་ཏུ་རྙེད་སྲིད་ཀྱང་། ད་ལྟའི་འདི་ལྟ་བུའི་མང་པོ་མེད་ངེས། དེས་ན་ཡི་གེ་འབྲི་བ་བོ་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་གང་ཞིག་བྲི་བྱའི་ཡི་གེ་མང་བ་ཉུང་དུ་གཏོང་བ་ནི་རང་བཞིན་གྱིས་གྲུབ་པའི་གནས་ལུགས་ཤིག་གོ །
གཉིས། ལེགས་སྦྱར་གྱི་ཡི་གེའི་ཤན་ཞུགས་པ།
དེ་ཡང་རང་རེའི་ཡི་གེའི་དཔེ་གང་ལ་བྱས་པའི་ཁུངས་དང་ཕྱི་མོ་ལེགས་སྦྱར་གྱི་ཡི་གེ་ཡིན་པས། སྒྲ་གཟུགས་གཉིས་ཀའི་ཆ་ནས་ལེགས་སྦྱར་གྱི་ཤན་ཞུགས་པ་ནི་མངོན་སུམ་ཚད་མས་གྲུབ།དེས་ན། སྐུང་ཡིག་གི་རིགས་པ་འདི་ཡང་སྔགས་བཀླག་ཐབས་ཀྱི་བསྟན་བཅོས་ཚད་ལྡན་དག་གི་གསུང་སྒྲོས་ཀྱི་ཤན་ཅུང་ཟད་མེད་དམ་སྙམ། དཔེར་ན། སྣར་ཐང་ལོ་ཆེན་གྱི་སྔགས་བཀླག་ཐབས་ལས“ཡ་སོགས་བརྒྱད་ལ་ང་རུ་བཀླག །ཝ་རྟགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །”[2]ཅེས་པ་ལྟར་ལེགས་སྦྱར་གྱི་བརྡ་སྤྲོད་རིག་པའི་ཤུགས་རྐྱེན་གྱིས་སངས་རྒྱས་ཆོས་གཞུང་བོད་འགྱུར་གྱི་གོ་རིམ་ཁྲོད་དུ་རྗེས་སུ་ང་རོས་ང་ཡིག་དང་མ་ཡིག་མཚོན་པ། སྨོན་ལམ་ལ་སྨོན་ལཾ་དུ་བྲིས་པ། ཝ་བཏགས་ཀྱིས་ན་རོ་མཚོན་པ་བཅོ་ལྔ་ལ་བཅྭ་ལྔར་བྲིས་པའི་རིག་པ་འདི་རང་བཞིན་གྱིས་བྱུང་ནས་རིམ་བཞིན་འཕེལ་རྒྱས་སུ་སོང་བར་འདོད་དོ། །
གསུམ། བཙན་པོའི་བཀའ་སོགས་མགྱོགས་པོར་ཡིག་ངོར་ཕབ་པའི་དགོས་པ།
སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་རྒྱ་གར་ནག་དང་བལ་བོ་སོགས་ནས་མི་རིགས་གཞན་གྱི་སྐད་ལས་དམ་པའི་ཆོས་ཀྱི་གསུང་རབ་གཙོ་བྱས་པའི་ཐ་སྙད་རིག་གནས་ཀྱི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བ་དང་། གླེགས་བམ་དང་གསུང་རབ་གང་མང་ཕབ་བཤུ་བྱེད་པའི་སྐབས་སུ་བརྗོད་དོན་མ་བོར་བར་ཚིག་ཚོགས་སྐྱུང་ཞིང་གླེགས་བམ་ཁྲོད་ཀྱི་ནང་དོན་འདུས་ཚད་ཆེ་ལ་ལྷག་པར་མ་ཡིག་གཅིག་ལས་ཕབ་བཤུ་བྱེད་སྐབས་དུས་ཚོད་དམ་འཛིན་གྱི་ཕྱིར་སྐུང་ཡིག་འབྲི་བ་ནི་ཚེགས་ཆུང་ཞིང་དོན་ཆེ་བར་སྣང་། གཞན་བཙན་པོའི་བཀའ་མགྱོགས་པོར་ཡིག་ཐོག་ཏུ་ཕབ་ཐུབ་པ་དང་། འཆད་ཉན་སོགས་ཟིན་བྲིས་སུ་འགོད་པ་ཡང་སྐུང་ཡིག་འབྱུང་རྐྱེན་གྱི་མཐུན་རྐྱེན་གཙོ་བོར་གྱུར་ཡོད་དེ། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས“བཙན་པོའི་བཀའ་གསུང་ཆད་ལུས་མེད་པར་འབྲི་བ་ལ་བྲིས་མགྱོགས་པ་གལ་ཆེ་ཕྱིར། སྐབས་དེ་ནས་སྐུང་ཡིག་འབྲི་སྲོལ་བྱུང་འདུག་པར་བཀའ་གཙིགས་རྡོ་རིང་སོགས་ལས་ར་སྤྲོད་ཐུབ་པ་དང་། གཞན་དུ་ན་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་གཙོས་པའི་གླེགས་བམ་མང་པོ་བཞེངས་སྐྲུན་དང་། སློབ་གཉེར་འཆད་ཉན་སོགས་ཀྱི་དགོས་མཁོ་ལས། སྐུང་ཡིག་འབྲི་སྲོལ་ཆེས་ཆེར་དར་བ་གདོན་མི་ཟ”[3]ཞེས་གསུངས་པ་ནི་སྐུང་ཡིག་འབྱུང་རྐྱེན་སྐོར་གྱི་སྡོམ་ཚིག་ཡག་ཤོས་སུ་འདོད།
བཞི། རྡོ་རིང་ཁ་ཞེང་གི་ཚད་བཀག
གླིང་ཚ་སྙིང་རྒྱལ་འབུམ་གྱིས“རྡོ་རིང་དང་བྲག་གི་ངོས་སུ་ཡི་གེ་བརྐོ་དུས་ཆེ་ཆུང་གི་ཚད་བཀག་སོགས་ཀྱི་དབང་གིས་རྗེས་མཇུག་མིང་གཞིའི་འོག་ཏུ་བསྡུ་བའི་རྣམ་པ་དེའང་སྐུང་ཡིག་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཡིན།”[4]ཞེས་པ་ནི་གནས་ལུགས་ངེས་ཅན་ཡོད་པར་མཐོང་སྟེ། ཞོལ་རྡོ་རིང་ལྟ་བུར་མཚོན་ན། རིང་ཚད་ལ་སྤྱི་ཁྲེ་བདུན་སྐོར་དང་ནུབ་ཏུ་ཡིག་ཕྲེང་དྲུག་ཅུ་དང་། ཤར་དུ་ཡིག་ཕྲེང་བཅུ་དྲུག ལྷོ་རུ་ཡིག་ཕྲེང་བདུན་ཅུ་དོན་བཞི་བཅས་ཡོད། ཞྭ་ལྷ་ཁང་གི་རྡོ་རིང་གཉིས་ཡོད་པ་ལས། སྔ་མར་ཡིག་ཕྲེང62ཡོད་པ་དང་། ཕྱི་མ་ལ་ཡིག་ཕྲེང49ཡོད། གཞན་ཁྲང་ཅིང་མཐུན་འབྲེལ་རྡོ་རིང་གི་མཐོ་ཚད་ལ་སྨི4.78དང་། ཞེང་ཚད་ལ་སྨི0.95 མཐུག་ཚད་ལ་སྨི0.50ཡོད། ངོས་བཞིར་ཡི་གེ་བཀོད་ཡོད་དེ། ནུབ་ངོས་ཀྱི་གཡས་སུ་རྒྱ་ཡིག་ཡིག་ཕྲེང6དང་། ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང77ཡོད། བྱང་ངོས་སུ་བོད་ཕྱོགས་ཀྱི་མནའ་གན་འཇོག་པར་ཞུགས་མཁན་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་རྒྱ་བོད་ཤན་སྦྱར་གྱི་ཡིག་ཕྲེང40ཡོད། ལྷོ་ངོས་སུ་རྒྱ་ཕྱོགས་ཀྱི་མནའ་གན་འཇོག་པར་ཞུགས་མཁན་དཔོན་རིགས་བཅོ་བརྒྱད་གྱི་མིང་ཐོ་རྒྱ་བོད་ཤན་སྦྱར་གྱི་ཡིག་ཕྲེང49ཡོད། ཤར་ངོས་སུ་བོད་ཡིག་རྐྱང་པ་བཀོད་པ་ལས་རྒྱ་ཡིག་མེད། ཡིག་ཕྲེང71ཡོད། གོང་གསལ་གྱི་བཀའ་གཙིགས་རྡོ་རིང་དེ་དག་གི་ངོས་སུ་སྐུང་ཡིག་བྱུང་ཡོད་པར་མ་ཟད་ལྷག་པར་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་ལ་བསྡོམས་པས་སྐུང་ཡིག་ཡིག་འབྲུ79ཙམ་ཡོད། དེ་ལས་རྡོ་རིང་ཁ་ཞེང་གི་ཚད་བཀག་དབང་གིས་མནའ་ཡིག་གི་ནང་དོན་ཆ་ཚང་ཤོང་བའི་ཆེད་དུ་སྐུང་ཡིག་གི་རིག་པ་སྤྱད་པའང་སྐུང་ཡིག་འབྱུང་བའི་རྒྱུ་རྐྱེན་ཞིག་ཏུ་གྲུབ་ཡོད་པ་བདེན་པའི་གཏམ་དུ་འདུག་གོ །
གཉིས་པ། སྐུང་ཡིག་གི་བྱུང་འཕེལ།
སྐུང་ཡིག་གི་ཁྱབ་ཁོངས་དཔེ་རྙིང་དག་ལ་ཞིབ་འཇུག་བྱས་ན་དེ་ལ་སྐུང་ཡིག་སྔ་དར་དང་། སྐུང་ཡིག་བར་དར། སྐུང་ཡིག་ཕྱི་དར་བཅས་དུས་རིམ་གསུམ་དུ་བགར་ཆོག་པར་འདོད།
སྐུང་ཡིག་སྔ་དར་ནི་སློབ་དཔོན་ཐོན་མིས་བཟོས་པའི་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་འདི་སྲོལ་བཏོད་ནས་ཡུན་རིང་མ་ལོན་པར་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ནས་དུས་རབས་དགུ་པའི་སྨད་ལ་འུ་དམ་བཙན་པོས་ནང་ཆོས་བསྣུབས་པའི་བར་ཏེ། བསྟན་པ་སྔ་དར་སྐབས་ཀྱི་སྐུང་ཡིག་ལ་ཟེར་བ་ཡིན། སྐབས་ཐོག་དེར་སྐུང་ཡིག་གི་རིག་པ་འདི་དར་བའི་མགོ་བརྩམས་མ་ཐག་ཡིན་པས་སྐུང་སྲོལ་སྣ་ཁ་ཉུང་ལ་སྐུང་ལུགས་ཀྱང་ཐ་སྙད་ཀྱི་སྔ་མའི་རྗེས་འཇུག་དང་ཕྱི་མའི་སྔོན་འཇུག་མཐུན་པར་སྦྱར་བའམ་སྔ་མའི་རྗེས་འཇུག་ཕྱི་མའི་མགོ་ཅན་མཐུན་པ་དང་སྦྱར་བ་ལྟ་བུའི་སྟབས་བདེའི་ངང་དུ་གནས་ཡོད་པར་འདོད།
སྐུང་ཡིག་བར་དར་ནི་དུས་རབས་དགུ་པའི་མཇུག་ནས་དུས་རབས་བཅོ་ལྔའི་དུས་སྟོད་ཀྱི་བར་དུ་བྱུང་བའི་སྐུང་ཡིག་ལ་འབོད་པ་ཡིན། དུས་རབས་བཅུ་གཉིས་པའི་ནང་དུ་འཁྲུངས་པའི་རྗེ་སྒམ་པོ་བའི་སློབ་མ་ཉེ་གནས་ཆེན་པོ་བཞི་དང་བྲན་ཀ་རིན་པོ་ཆེ་སོགས་ཀྱིས་མཛད་པའི«ཆོས་རྗེ་རིན་པོ་ཆེ་རྣཾ་ཐར་བཞུགས་སོ»ཞེས་པ་དང་དུས་རབས་བཅུ་བཞི་པའི་ནང་ཞྭ་དམར་མཁའ་སྤྱོད་པས་མཛད་པའི«སྒམ་པོ་བའི་རྣམ་ཐར»ཅེས་པ་སོགས་དཔེ་མཚོན་རང་བཞིན་ལྡན་པའི་ལག་བྲིས་དཔེ་རྙིང་ཁག་དེ་གཉིས་ལ་གཞི་བཅོལ་ནས་དུས་རིམ་དེ་དག་ནང་གི་སྐུང་ཡིག་རྣམ་གཞག་ལ་དཔྱད་ན། གོང་དུ་བརྗོད་པའི་ལག་བྲིས་དཔེ་ཆ་རྙིང་བ་དང་པོའི་ནང“རིེན་སྣོགས་འཕྲ་བཀོད་དེ། དེ་ནི་རྗེའི་ཡྟོན་ཡིན།”[5]ཞེས་སྔ་ཕྱིའི་རྗེས་འཇུག་མཐུན་པར་སྦྱར་ནས་ཕྱི་མའི་མིང་གཞི་སྐུང་བ་དང་། ཕྱི་མའི་མིང་གཞི་སྐུང་ནས་དབྱངས་སོགས་སྔ་མར་སྦྱར་བ། ཕྱི་མའི་མིང་གཞི་སྔ་མའི་འོག་ཏུ་སྐུང་པ་བཅས་བྱས་ཡོད། ལག་བྲིས་དཔེ་རྙིང་གཉིས་པའི་ཤོག་ངོས་བདུན་ཅུ་དོན་དགུའི་ཐིག་ཕྲེང་བདུན་པར“འགྲོ་དྲུག་སེན་ཐཾད་ལ།”[6]ཞེས་ཐ་སྙད“སེམས་ཅན”གྱི་སྔ་མའི་མིང་གཞིའི་མགོ་ལ་སྐུང་རྟགས་བཞག་ནས་རྗེས་འཇུག་མ་ཡིག་དང་ཡང་འཇུག་ས་ཡིག་གཉིས་སྐུང་ཞིང་། ཕྱི་མའི་མིང་གཞི་ཅ་ཡིག་སྐུང་ནས་རྗེས་འཇུག་ན་ཡིག་ཐད་ཀར་སྔ་མའི་མིང་གཞི་དང་སྦྱར་ཡོད་ལ། “ཐམས་ཅད”ཀྱི་སྔ་མའི་རྗེས་འཇུག་མ་ཡིག་ཀླད་གོར་གྱིས་མཚོན་པ་དང་ཡང་འཇུག་ས་ཡིག་སྐུང་ནས་ཕྱི་མའི་མིང་གཞི་སྐུང་པའི་རྗེས་འཇུག་ད་ཡིག་དང་མཉམ་དུ་སྦྱར་བས“སེམས་ཅན་ཐམས་ཅད”ཅེས་པའི་ཡིག་འབྲུ་དྲུག་དེ“སེན་ཐཾད”ཅེས་ཡིག་འབྲུ་གཉིས་སུ་གྲུབ་པར་བྱས་ཡོད། ལག་བྲིས་དཔེ་རྙིང་དེ་གཉིས་ཀྱི་ནང་དུ་སྐུང་ཡིག་གི་གྲངས་ཀ་ཕལ་ཆེར་དཔེ་ཆའི་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཡོད། སྐུང་སྲོལ་ཕུན་སུམ་ཚོགས་ལ་སྐུང་ཡིག་གྲངས་མང་། འགའ་རེ་སྐུང་ཆེ་བ་དང་དཔེ་ཆ་རྙིང་བས་ད་ལྟ་ཕལ་ཆེར་སུས་ཀྱང་འདོན་ཀློག་མི་ཤེས་པའི་ཚད་དུ་སླེབས་འདུག དེ་ལས་སྐབས་ཐོག་དེའི་སྐུང་ཡིག་གི་བསྟན་པ་རབ་ཏུ་དར་བ་དང་ཡང་རྩེར་སོན་ཡོད་པ་ཤེས་ཐུབ།
སྐུང་ཡིག་ཕྱི་དར་ནི་དུས་རབས་བཅོ་ལྔའི་སྟོད་ཀྱི་ཆ་ནས་ད་ལྟའི་བར་གྱི་སྐུང་ཡིག་ལ་ཟེར། དེ་ཡང་སྤྱི་ལོ1410ལོར་ཏཱ་མིང་གོང་མ་ཡུང་ལོས་མཚུར་ཕུ་ཀརྨ་པ་དང་། རྗེ་ཙོང་ཁ་པར་འཚམས་རྟགས་སུ་བཀའ་འགྱུར་ཤིང་བརྐོས་ཕུལ་བ་དེ་ནས་བཟུང་བོད་དུ་ཤིང་དཔར་གྱི་དབུ་བརྙེས། དེས་སྔོན་གྱི་ལག་བྲིས་ཁོ་ནར་བརྟེན་ནས་གླེགས་བམ་འབྲི་བཞེངས་བྱ་རྒྱུའི་དཀའ་ངལ་དང་དགོས་པ་རང་ཤུགས་སུ་ཆུང་དུ་སོང་བས་སྐུང་ཡིག་གི་སྤྱོད་སྒོ་ཡང་ཆུང་དུ་སོང་ནས་རིམ་གྱིས་ཉམས་མགོ་ཚུགས་པའི་རྣམ་པ་ཞིག་རང་ཤུགས་སུ་མངོན་ཡོང་མོད། སྐུང་ཡིག་གི་རྒྱུན་ཡོངས་སུ་ཉམས་པ་ནི་མ་ཡིན་ཏེ། སྡེ་དགེ་ཤིང་པར་སོགས་སུ“རུསྦལ”དང“བཀྲིས”སོགས་སྐུང་ཡིག་བྲིས་པ་མང་ཙམ་མཐོང་ཐུབ་ཅེས་དཔེ་རྙིང་དཔེ་སྒྲིག་བྱེད་པའི་ཆེད་མཁས་སྐོར་ཞིག་གིས་གསུངས་ཡོད་པ་དང་། མ་ཟད་ད་ལྟའི་འཚོ་བའི་ཁྲོད་དུའང་ཉིན་ཐོ་སོགས་འབྲི་དུས་ད་ལོག“ཌ”ཡིས་རྗེས་འཇུག་ག་དང་ཡང་འཇུག་ས་ཡིག་གཉིས་ཀྱི་ཚབ་བྱེད་པ་དང་། “བཀྲ་ཤིས”ལ་བཀྲིས། མིང་གཞི་ག་ཡིག་བསྡུས་པ།“དགེ་རྒན” ལ་དགེན་ཞེས་འབྲི་བ་སོགས་སྐུང་བྲིས་ཀྱི་རྒྱུན་ནི་ད་ལྟའི་བར་དུ་གནས་ཡོད་པ་ཡིན། འདིར་སྐུང་ཡིག་བྱུང་འཕེལ་བརྒྱུད་རིམ་ཁྲོད་ནས་སྐུང་ཡིག་ཕྱི་དར་ཞེས་འབོད་པ་ཡིན་ནོ། །
ལུང་ཁུངས།
[1] ལྕགས་ཐར་རྒྱལ། «བོད་ཀྱི་ཡི་གེ་རིག་པའི་རྣམ་བཞག་རིག་འཕྲུལ་འོད་ཕུང» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2001:373—374
[2] མཁའ་འབུམ། «སྒྲ་རིག་པའི་བསླབ་གཞི» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009:7
[3] ལྕགས་ཐར་རྒྱལ། «བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2021:375
[4] གླིང་ཚ་སྙིང་རྒྱལ་འབུམ། «བོད་ཀྱི་སྐུང་ཡིག་གི་འབྱུང་རྐྱེན་དང་དེའི་དབྱེ་བ་མདོ་ཙམ་གླེང་བ» [oL] ཡོངས་འཛིན།
[5] ཉེ་གནས་ཆེན་པོ་བཞི་དང་བྲན་ཀ་རིན་པོ་ཆེ་སོགས། «ཆོས་རྗེ་སྒམ་པོ་བའི་རྣཾ་ཐར་བཞུགས་སོ» [o] ཤིང་དཔར། :11
[6] ཞྭ་དམར་མཁའ་སྤྱོད་དབང་བོ། «སྒོམ་པོ་བའི་རྣམ་ཐར» [o] ཤིང་དཔར། :79

འབྲེལ་ཡོད་འོས་སྦྱོར།