༄༅། །གཅན་ཡེ་ཤེས་ཀྱི་དེབ་གསར«ལྷོད་ཀྱིས་བཞུར་བའི་དབྱངས»ཀྱི་འགྲེམ་སྤེལ་ཚོགས་འདུ།
རྩོམ་པ་པོ།:གཅན་ཡེ་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-01
ཀློག་གྲངས།:
སྤྱི་ལོ2025ལོའི་ཟླ8པའི་ཚེས30ཉིན། གཅན་ཡེ་ཤེས་ཀྱི་དེབ་གསར«ལྷོད་ཀྱིས་བཞུར་བའི་དབྱངས»ཀྱི་འགྲེམ་སྤེལ་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་བསྡུས་ཤིང་། དགེ་རྒན་ཆེན་མོ་དང་རྩོམ་པ་པོ་སོགས་འབྲེལ་ཡོད་མི་སྣ་ཉི་ཤུ་ལྷག་མཛད་སྒོར་ཞུགས།

རྩོམ་པ་པོ་གཅན་ཡེ་ཤེས་ནི་མདོ་སྨད་གཅན་ཚ་རུ་སྐྱེས་ཤིང་། དགེ་རྒན་གྱི་ལས་གནས་སུ་ཞུགས་ནས་ལོ་བཅུ་ཕྲག་གཅིག་འགོར། «ལྷོད་ཀྱིས་བཞུར་བའི་དབྱངས»ཞེས་པའི་བརྩམས་དེབ་འདི་ནི་སྙན་ངག་དང་ཚིག་ལྷུག རང་མོས། དོན་བརྗོད་སློབ་གསོའི་སྐོར་བཅས་ཀྱིས་གྲུབ་ཡོད་ཅིང་། རྩོམ་པ་པོས་སྙན་ངག་ནི་ཐོག་མར་གོ་ཁ་ལས་བྱུང་བ་དང་། བར་དུ་དགེ་རྒན་གྱི་དཔེ་ཁྲིད་ལ་བརྟེན་ནས་བྱུང་བ། མཐའ་མར་དཔེ་ཀློག་གི་གསེང་ནས་བཞུར་བའི་དབྱངས་རྟ་ཞིག་ཡིན་པ་སོགས་ཀྱི་སྐོར་ནས་ལབ་གླེང་བྱས། གཞན་དེབ་འདི་ནི་དྲིན་ཆེན་ཨ་ཕས་གནང་བའི་ཤེས་རབ་ཅིག་དང་། དྲིན་ཆེན་ཨ་མས་གནང་བའི་བྲོ་ཁ་ཞིག་རེད་ཅེས་རྩོམ་པ་པོས་དེབ་འདི་བརྩམས་དུས་དངོས་ཤུགས་གང་རུང་ནས་དཀའ་ལས་རྒྱབ་ཡོད་པའི་གནས་ཚུལ་ཡང་རགས་བཤད་བྱས།

དགེ་རྒན་ཆེན་མོ་མཚོ་སྐྱེས་ཀྱིས་སྒྱུ་རྩལ་དོན་དུ་གཉེར་མཁན་ནམ་རྩོམ་རིག་ལ་བློ་ཁ་ཕྱོགས་པ་ནི་དཀར་ལ་ཕྱོགས་པའི་འཚོ་བ་རོལ་སྟངས་ཤིག་རེད་ཅེས་པ་བརྗོད་གཞིར་བཟུང་ཞིང་། གཅན་ཡེ་ཤེས་ཀྱི་བརྩམས་ཆོས་ལ་བལྟས་ན་རིག་གཅིག་མཁས་པའི་འགྲོ་སྟངས་ཀྱི་སྒྲོམ་གཞི་རུ་མ་ཚུད་པར་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ངོས་འཛིན་སྟངས་ཤིག་ཆགས་ཡོད་པས། དེ་ནི་དེབ་འདིའི་ཁྱད་ཆོས་ཤིག་རེད་ཅེས་གདེང་འཇོག་མཐོན་པོ་གནང་།

དེ་མིན་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བོད་ཀྱི་རྩོམ་རིག་སྤྱིའི་རྣམ་པའི་ཐད་ནས་གླེང་བསླངས་ཤིང་། དེ་ནས་ཕྱི་གླིང་དང་ཀྲུང་གོའི་རྩོམ་རིག་མཁས་པས་གསུངས་པའི་ལྟ་དགོངས་ཁྱད་པར་ཅན་རེ་འགའ་ལུང་དྲངས་ནས་འཕྲོས་བརྗོད་བྱས། རྒུད་པའི་དུས་ཀྱི་རྩོམ་རིག་དང་མི་གཤིས། རྩོམ་པ་པོའི་ཚད་གཞི་འཇོག་ལུགས་ཇི་ལྟར་ཡིན་ལུགས། ང་ཚོ་རྩོམ་རིག་ལ་དགའ་མཁན་ཚོས་མུ་མཐུད་ནས་མིང་བརྡ་གསར་པ་བཙལ་ཏེ་ལམ་ལ་སྙེག་དགོས་ཚུལ་བཤད། དགེ་རྒན་ཆེན་མོ་རྐ་ཕུག་པདྨ་དབང་རྒྱལ་གྱིས་བསྟན་བཅོས་ཤིག་རྩོམ་པ་ལ་རྩོམ་པ་པོ་རང་སྟེང་ནས་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པའི་ཚུལ་རགས་བཤད་བྱས་ཤིང་། འཆད་རྩོད་རྩོམ་གསུམ་ལས་རྩོམ་པ་ནི་ཤིན་ཏུ་དཀའ་བ་ཞིག་ཡིན་པ་མདོར་བསྡུས་ཀྱིས་གསུངས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དོན་གྲུབ་ཚེ་རིང་གིས་ལྟར་སྣང་བའི་མེ་ལྕེ་ལ་འབུ་བཞིན་ལྕེབས་པའི་དུས་རབས་འདིར་དགའ་འོས་པའི་གནས་ཤིག་ནི་རང་གི་སློབ་བུར་གྱུར་མྱོང་བའི་གཅན་ཡེ་ཤེས་སྔར་བཞིན་རིག་པའི་ཟས་ལ་འཐམས་ནས་ཡོད་ཅིང་། «ལྷོད་ཀྱིས་བཞུར་བའི་དབྱངས»ནི་སྔོན་འགྲོ་ཞིག་དང་སྐྱ་རེངས་ཤིག་ཡིན་པས། སླད་མའི་ཆར་ཡང་སྙན་ངག་དང་དཔེ་ཀློག་གི་ཕྱོགས་ནས་རྒྱུན་འཁྱོངས་བྱས་ཏེ་བརྩམས་ཆོས་གཉིས་པ་དང་གསུམ་པ་སྒོར་ཐོན་པའི་སྨོན་འདུན་ཞུ།

དོ་རྒྱ་ཚེ་རིང་བཀྲ་ཤིས་ཀྱིས་ཚ་ལུ་མ་གཅིག་གི་བརྩེ་བ་ཞེས་པའི་སློབ་གསོའི་སྐོར་གྱི་བརྩམས་ཆོས་བརྗོད་གཞིར་བྱས་ཤིང་། རྐ་ཕུག་རྡོ་རྗེ་ཡེ་ཤེས་ལ་མཚོན་ན་དགེ་རྒན་གྱི་ལས་གནས་སུ་མང་པོ་མ་ཕྱིན་མོད། ཡིན་ནའང་། བརྩམས་དེབ་འདིར་སློབ་གསོ་དང་འབྲེལ་བའི་རིན་ཐང་ཅན་གྱི་རྩོམ་ཡིག་གསུམ་ཐོན་ཅིང་། ཆེད་དུ་སློབ་གསོའི་རྩོམ་མཆོག་ཚ་ལུ་མ་གཅིག་གི་བརྩེ་བར་རྟེན་འབྲེལ་ཞུ་རུ་ཡོང་བ་ཡིན་ཞེས་བཤད། དེའང་ཞིབ་ཉན་གྱི་དོན་སྙིང་དང་རིན་ཐང་ཞེས་པའི་ཐ་སྙད་གཉིས་ཀྱི་སྟེང་ལ་བབས་ནས་འཕྲོས་བརྗོད་བྱས། སྙན་ངག་པ་མར་ཁུ་རྒྱལ་མཚན་གྱིས་རང་མོས་སྙན་ངག་དང་ཚིག་ལྷུག་གི་སྐོར་བརྗོད་གཞིར་བཟུང་ཞིང་། ཚིག་ལྷུག་གི་ཕྱོགས་ནས་ཁྱད་ཆོས་ཤིག་ཐོན་ཡོད་པས་རྗེས་མར་ཚིག་ལྷུག་སྙན་ངག་གི་ཕྱོགས་ནས་རྩོམ་འབྲི་སྐྱོང་ནུས་ན་བཟང་ཞེས་བསམ་ཚུལ་བཏོན། འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོས་བརྩམས་ཆོས་ལ་སྣ་འཛོམས་ཀྱི་ཆ་ལྡན་པས། དམིགས་གསལ་གྱི་སྐད་ཆ་ཞིག་བཤད་པ་ནི་བརྩམས་ཆོས་ལ་བལྟས་ན་རྩོམ་པ་པོ་ལ“མང་འཇོན་ཅན”(复合型人)གྱི་ཁྱད་ཆོས་ཡོད་ཅེས་བཤད།
འབྲེལ་ཡོད་འོས་སྦྱོར།