logo

མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་གླེང་སྟེགས་སྐབས་གསུམ་པ་ཟི་ལིང་དུ་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2025-09-02 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་གླེང་སྟེགས”སྐབས་གསུམ་པ་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཙོན་ཀྲི་ཀང་དང་ཡོན་ཧྲི་ཀོན་ཞའོ་ཧུང་། ཧྲི་ཅི་མཉམ་འབྲེལ་ཚོགས་པའི་ཏུང་ཧྲི་ཀྲང་ཁྲེན་ཧྲེང་བཅས་གླེང་སྟེགས་སུ་ཞུགས་པ་དང་། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཚན་རིག་ལག་རྩལ་གསར་གཏོད་པུའུ་ཡི་འགན་འཁུར་བློ་མཐུན་ཡུལ་དངོས་སུ་ཕེབས་ནས་མཛུབ་ཁྲིད་གནང་བ་རེད། གླེང་སྟེགས་ཀྱིས“ལྗང་མདོག་རྩིས་གློག་མཐུན་སྦྱོར་བྱས་ཏེ་མཚོ་སྔོན་གྱི་འབྱུང་འགྱུར་གསར་གཏོད་མཉམ་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ལྗང་མདོག་རྩིས་གློག་མཉམ་བསྲེས་ལ་ཕྱོགས་ཡོངས་ནས་དམིགས་ཏེ་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་དང་གསར་གཏོད་བེད་སྤྱོད། ལག་ལེན་ཉམས་མྱོང་བཅས་ལ་དཔྱད་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། ལྗང་གློག་དང་རྩིས་ནུས་མཉམ་བསྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།
       མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཚུའེ་ཐིང་ཧུའེ་ཡིས་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོ་ལ་གཙོ་སྐྱོང་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐུང་གིས་རྟེན་འབྲེལ་ཞུ་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོའི་ཆུ་ཤུགས་གློག་འདོན་ལས་གྲྭ་སློབ་ཚོགས་དང་ཀྲུང་གོའི་གློག་འཕྲུལ་ལས་གྲྭ་སློབ་ཚོགས། ཀྲུང་གོའི་འཕྲིན་གཏོང་སློབ་ཚོགས་བཅས་དང་ཐུན་མོང་ཐོག་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། གཙོ་དོན་གླེང་སྟེགས་ཀྱི་བྱ་རིམ་ནང་དུ་ཡོན་ཧྲི་ཙོན་ཀྲི་ཀང་དང་ཡོན་ཧྲི་ཀོན་ཞའོ་ཧུང་། ཏུང་ཧྲི་ཀྲང་ཁྲེན་ཧྲེང་བཅས་ཀྱིས་ལྗང་མདོག་རྩིས་གློག་ཁྱབ་ཁོངས་ཀྱི་མདུན་གྲལ་འགུལ་རྣམ་དང་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས་མཚོ་སྔོན་གྱི་ཐོན་ཁུངས་ཆ་རྐྱེན་དང་འཕེལ་རྒྱས་དོན་དངོས་གཞིར་བཟུང་སྟེ«འབྱུང་འགྱུར་བསླེབས་ཡོད། ཆིང་ནུས་དུས་རབས་ཀྱི་ཚན་རྩལ་གསར་གཏོད་དང་ཚོང་ལས་གོ་སྐབས»ཞེས་པ་དང་། «ཆིང་ནུས་གནང་ལ་བརྟེན་ནས་ཐཱན་མེད་ཤེས་རིག་ནུས་ཁུངས་མ་ལག་དང་ནུས་ཁུངས་གསར་བརྗེ»ཞེས་པ། «གློག་རྡོག་གསར་གཏོད་ཀྱིས་ལྗང་མདོག་གློག་རྩིས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་བསམ་གཞིག་དང་འཚོལ་ཞིབ»ཅེས་པའི་སྙན་ཞུ་ཕུལ་ཞིང་། སྙན་ཞུ་ནང་དོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་དང་མཚོ་སྔོན་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་དམིགས་ནས་ཕྱོགས་མང་བ་དང་གཏིང་ཟབ་པའི་སྤེལ་རེས་དཔྱད་བསྡུར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་མདུན་གྲལ་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་པར་མ་ཟད། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་དགེ་མཚན་ལྡན་པའི་ཇུས་གཞི་ཡང་བཏོན་ཏེ། རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བྱེད་པར་ལག་ལེན་གྱི་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས།
       ཐེངས་འདིའི་གླེང་སྟེགས་ནི་དུས་ཡུན་ཉིན་གཉིས་ལ་ཡིན་ཞིང་། གླེང་སྟེགས་ལ་གཙོ་དོན་གླེང་སྟེགས་དང་། མཉམ་འགྲོའི་ཡན་ལག་གླེང་སྟེགས་གསུམ། ཡོན་ཧྲིའི་ཚན་སྤེལ་སྙན་ཞུའི་ཚོགས་འདུ། དེ་མིན་ཡོན་ཧྲི་དང་ཆེད་མཁས་པ་ཁེ་ལས་སུ་སྐྱོད་པ་སོགས་ཀྱི་ཁྱད་ལྡན་བྱ་འགུལ་བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་ཀྱི་སློབ་ཚོགས་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་ཚན་རྩལ་མཐུན་ཚོགས། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཐིང་ཅུའུ། ཞིང་ཆེན་རིམ་པའི་སློབ་ཚོགས། གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་ཚན་རྩལ་མཐུན་ཚོགས་སོགས་ཀྱི་ཆེད་མཁས་པ་དང་མཁས་དབང་། འཐུས་མི400ལྷག་གླེང་སྟེགས་སུ་ཞུགས་པ་རེད།
འབྲེལ་ཡོད་འོས་སྦྱོར།