logo

༄༅། །མངོན་བརྗོད་ཀྱི་ཕན་ཡོན་མདོར་བསྟན་པ།

རྩོམ་པ་པོ།:དཔའ་རིས་སངས་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-06 ཀློག་གྲངས།:
       སྐད་རིགས་ཕུན་སུམ་ཚོགས་པ་གང་ལའང་མངོན་བརྗོད་ཡོད་མོད། རྣམ་གྲངས་མང་ཉུང་དང་། ཁེབས་རྒྱ་ཡངས་དོག་དང་། མཚོན་སྟོབས་ཆེ་ཆུང་སོགས་ལ་ཁྱད་པར་ཧ་ཅང་ཆེའོ། ། བོད་ཀྱི་རིག་གཞུང་རྙིང་པ་རྣམས་ལས་མངོན་པར་བརྗོད་པའི་མིང་ནི་སོས་ཀའི་སྤང་ལྗོངས་ལ་མེ་ཏོག་བཀྲ་ལམ་མེར་བཞད་པ་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་མཐོང་ངོ་། ། བརྗོད་བྱའི་ཆོས་གང་རུང་ལ་མངོན་བརྗོད་ཉུང་མཐའ་གསུམ་བཞི་རེ་དང་། མང་མཐའ་བརྒྱ་ལྷག་རེ་སྣང་། བརྩིས་ཟིན་ཏུ་ཁྲི་ཚོ་ལས་འདས་པ་ཞིག་ཡོད་དོ།། དེ་རྣམས་རིག་པའི་རྩལ་ལས་བྱུང་བ་ཡིན་པས། སྔོན་བྱོན་མཁས་པ་རྣམ་པས་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་གཙིགས་སུ་བཟུང་བ་ཡིན་ནོ། ། མངོན་བརྗོད་རིག་པ་ལེགས་པར་སྦྱངས་ན། ཤེས་རྒྱ་སྐྱེད་པ་དང་། དཔེ་རྙིང་ཀློག་བདེ་བ་དང་། རྩོམ་དུ་འཇུག་མཁས་པ་དང་། གང་མིང་གསར་དུ་འདོགས་ཤེས་པ་སོགས་བོགས་ཆེན་པོ་ཐོན་ནོ། ། མངོན་བརྗོད་ཀྱི་ཕན་ཡོན་བཤད་ན། གཙོ་ཆེར་རྣམ་པ་ལྔ་ཡོད་དེ།
དང་པོ། བློ་སྒོ་འབྱེད་པའི་ལྡེ་མིག་གི་ནུས་པ་དང་ལྡན་པ།
       མངོན་བརྗོད་མང་བ་ཞིག་ལོ་རྒྱུས་སམ་གཏམ་རྒྱུད་ཀྱི་ཞུན་ཐིགས་དང་། ཤེས་རབ་ཀྱི་མེ་སྟག་ཡིན། དེ་ལུགས་ལེགས་པར་རྟོགས་ན། བློ་ཁ་ཕྱེ་བ་དང་། རིག་པ་གསར་པ་རྙེད་པར་འགྱུར་ལ། དཔེར་བརྗོད་ན། རྒྱ་མཚོ་ལ་དུད་འགྲོ་བྱིངས་ཞེས་པ། བྱིངས་ནི་རྩ་བ་སྟེ། དུད་འགྲོ་ཐོག་མའི་འབྱུང་གཞིའམ་འབྱུང་ཁུངས་ནི་རྒྱ་མཚོ་ཡིན། དེ་ནས་རིམ་གྱིས་སྐམ་མཚོ་གཉིས་ལ་གནས་པ་དང་། སྐམ་ས་ལ་གནས་པའི་སེམས་ཅན་གྱི་བྱུང་རབས་བསྟན་པའོ། ། རྡོ་ལ་ཅོག་པོ་ཞེས་པ། བསྐལ་བ་ཡ་ཐོག་རུས་པ་སོགས་གཅོག་པར་བྱེད་པ་རྡོ་ཡིན་པས། མིའི་འགྲོ་བའི་ལོ་རྒྱུས་ཀྱི་ཐོག་མ་རྡོ་ཆས་ཀྱི་དུས་སྐབས་ཤིག་གནས་པ་བསྟན་པའོ། ། མི་ལ་ཡིད་ལས་སྐྱེས་ཞེས་པ། མི་ནི་ཐོག་མ་རི་དྭགས་དང་འདྲ་ཡང་། ཡིད་ཀྱི་ཤེད་རྣམ་པར་ཕྱེ་ནས་སེམས་ཅན་ཀུན་ལས་མཆོག་ཏུ་གྱུར་ཏེ། སྨྲ་ཤེས་ཤིང་དོན་གོ་བ། ལོངས་སྤྱོད་བསྐྲུན་ནུས་པའི་ལོ་རྒྱུས་བསྟན་པའོ། ། གཟའ་ཕུར་བུ་ལ་བུ་མང་ཅན་དང་། འོད་ཀྱི་མུ་ཁྱུད་ཅན་ཞེས་པ། དེང་གི་སྐར་མཁན་དག་གིས་མཐའ་དཔྱད་ནས་རྟོགས་པ་ལྟར། གཟའ་ཕུར་བུའི་མཐའ་འཁོར་ན། རྒྱུ་སྐར་ཆེ་ཆུང་བཅོ་ལྔ་ཨ་མའི་བུ་ཕྲུག་བཞིན་དུ་གནས་པའི་ཚུལ་དང་། གཟའ་འདིའི་ཁོར་ཡུག་ན། རྡོ་རུག་ནག་པོ་མང་དུ་འདུས་པ་རྩིག་པ་ལྟ་བུར་གྲུབ་པའི་སྟེང་དུ། ཕུར་བུའི་ཚ་ཟེར་ཕོག་པ་ཕྱིར་སྣང་བས། འོད་ཀྱི་མུ་ཁྱུད་ཅིག་ངང་གིས་བྱུང་བར་བསྟན་པའོ། ། སྡིག་པ་རྭ་ཙ་ལ་སྣུམ་གྱིས་ཉམས་པར་བྱེད་པས་སྣུམ་ཉམས་དང་། དུ་བས་བདུགས་ན་འཆི་བར་འགྱུར་བས། དུ་བས་འཆི་ཞེས་གྲགས། དེ་ལུགས་ཤེས་ན་སྡིག་རྭའི་གནོད་པ་འགོག་སླའོ། །
གཉིས་པ། ཤེས་བྱ་བློར་འཛིན་བདེ་བའི་ནུས་པ་དང་ལྡན་པ།
       དངོས་མིང་ནི་མིང་ཅན་སྟོན་བྱེད་ཡིན་མོད། མིང་ཅན་གང་དང་འབྲེལ་བའི་དོན་གཞན་སྟོན་རྒྱུ་མེད་དོ། ། མངོན་བརྗོད་ནི་མིང་ཅན་གང་གི་རང་བཞིན་ནམ། ཁྱད་ཆོས་སམ། སྤྱོད་པའམ། ཕན་ཡོན་ནམ། གནོད་པ་ལ་སོགས་པ་མཚོན་ནུས་པས། མངོན་བརྗོད་ལ་བསྟེན་ན། ཤེས་པར་བྱ་བ་གང་ཅི་བློ་ལ་འཛིན་བདེ་བ་གཟུངས་བཏབ་པ་ལྟ་བུར་གྱུར་པ་མ་ཟད། ལེགས་ཉེས་བླང་དོར་མི་རྨོངས་པ་དང་ལག་ལེན་དང་བཅས་པར་ཕན་ཐོགས་ཆེ། དཔེར་ན། གླ་རྩི་ལ་སྦྲུལ་དུག་ཅེས་པ། གླ་རྩི་སྦྲུལ་ལ་དུག་དང་འདྲ་བའི་ནུས་པ་ཡོད་པར་ཤེས་ན། སྦྲུལ་ཡོད་ས། གླ་རྩི་ལུས་ལ་བཟུང་ན། སྦྲུལ་གྱིས་གླ་རྩིའི་དྲི་མ་ཚོར་ན་ཐག་ཉེར་མི་ཡོང་ངོ་། ། དོམ་མཁྲིས་ནི་རྩ་ཁ་སྡོམ་པའི་ནུས་པ་ཆེ་བས་རྩ་སྡོམ་ཤུགས་ཆེན་ཟེར། མིང་འདི་ཤེས་ན་གཤག་བཅོས་སུ་དོམ་མཁྲིས་བཀོལ་རྒྱུ་ཤེས་སོ། ། སྤྱང་ཀི་ལ་གཡོ་སྲུང་ཟེར་དོན། ར་ལུག་སོགས་དེའི་ཚང་ཁར་སོང་ན་མི་འཛིན་ཏེ། བཟུང་ན་མིས་ཤེས་ན་ཕྲུ་གུ་ལ་གནོད་པར་དོགས་ནས། གཡོ་ཐབས་ཀྱིས་སྲུང་བར་བྱེད་པར་ཤེས་པའི་ལུག་རྫི་ནི། ལུག་སྤྱང་ཚང་ལོགས་སུ་སོང་ནའང་སེམས་བདེ་བ་ཡིན། ཁྭ་ཏ་ལ་གཞན་གསོ་ཞེས་པ། ཁུ་བྱུག་གིས་སྒོ་ང་ཁྭ་ཏའི་ཚང་དུ་བཏང་ནས་བསྐྱེད་བཅོལ་བར། ཁྭ་ཏས་གསོ་བར་བྱེད་པ་ན། ཁུ་བྱུག་གིས་ཚང་མི་བཅའ་བའི་རྒྱུ་མཚན་ཤེས་འགྲོ། སྲོ་ལོ་དཀར་པོ་ལ་བྱ་རྒོད་བུ་གསོ་ཞེས་པ། རྒོད་ཕྲུག་ལ་གློ་ཚད་བྱུང་བར། བྱ་རྒོད་མས་སྲོལ་དཀར་བྱིན་ནས་ཟོས་པས་ནད་དྲག་པར་མ་ཟད། ཆེར་སྐྱེས་པའང་མགྱོགས་པར་གྱུར་བ་མི་རྣམས་ཀྱིས་ཤེས་ནས། གློ་སྨན་དང་གསོ་བཅུད་དུ་འཇུག་པའོ། ། སྔོ་སྨན་བྱི་བཟུང་ལ་འབུ་སྲུང་མཆོག་ཅེས་པ། དེའི་ཁུ་རྩི་བཅིར་ནས་ཤ་ཁ་བྱུག་པའམ། དེ་བསིལ་སྐམ་བྱས་ནས་བརྡུངས་པའི་ཕྱེ་མ་ཤ་ཐོག་བཏབ་ན་འབུ་མི་ཞུགས། ཞིམ་ཐིག་ལེ་ལ་མིག་སྨན་སངས་རྒྱས་ཟེར་དོན། དེ་རློན་པ་བཅད་འཕྲོག་ལིང་ཐོག་ལ་གཏུགས་པའམ། འབྲས་བུ་མིག་ནང་དུ་བཅུག་ལ། མིག་བཙུམ་ནས་ཡུད་ཙམ་བསྡད་པ་དང་། འབྲས་བུ་ཆེར་རྒྱས་པས་ལིང་ཐོག་ཉམས་པར་འགྱུར་རོ། ། དབྱར་རྩ་དགུན་འབུ་ལ་རྩྭ་ད་བྱིད་ཅེས་པ། འདི་སྨན་དུ་སྲོག་ཆགས་ད་བྱིད་ཀྱི་ནུས་པ་དང་ལྡན་པར་ཤེས་ན། རོ་ཙ་དང་མཁལ་ནད་སོགས་གསོ་བའི་སྨན་ཆེན་ཡིན་ནོ། ། མགོ་ལ་ཡན་ལག་མཆོག་ཅེས་པ། ལུས་ཀྱི་ཡན་ལག་ལྔ་བོ་ལས་མགོ་ནི་མཆོག་ཏུ་གྱུར་བ་སྟེ། སེམས་ཀྱི་རྟེན་ཡིན་པས། ལུས་དང་རྐང་ལག་གི་འདུ་བྱེད་ཐམས་ཅད་ཀླད་པས་དབང་སྒྱུར་བཞིན་ཡོད་པ་ཤེས་ན། མགོ་འདྲེན་གྱི་མགོ་ལ་འ་འགོ་བྲིས་པའི་དཔེ་མེད། གསང་ཨང་ཐད་དུ་དཔེར་ན། དངུལ་ཁང་དུ་སྒོར་མོ་གསོག་འཇོག་གི་གསང་ཨང་ནི། ༣༣༢༥༡ལ་བསེ་རུ་མདའ་ཟུང་སྣ་ཚོགས་པ་ཞེས་མངོན་བརྗོད་དུ་བསྒྱུར་ན། ཚིག་ཀ་ལྟ་བུ་ཞིག་ཡིན་པས་བློ་ལ་གཟུངས་ཐེབས་པར་མ་ཟད། བྲིས་ནས་བཞག་ནའང་མངོན་བརྗོད་མི་ཤེས་པ་ཞིག་གི་གོ་བར་མི་འགྱུར་རོ། །
གསུམ་པ། དོན་ཁྱད་པར་ཅན་སྟོན་པའི་ནུས་པ་དང་ལྡན་པ།
       མངོན་བརྗོད་ཀྱང་རྗེས་གྲུབ་ཀྱི་མིང་ཡིན། དངོས་མིང་མིན་གྱི་བཏགས་མིང་ཡིན་ནོ། ། བཏགས་མིང་འདི་རིགས་མིང་གི་རྣམ་གྲངས་ཡིན་པས། མེད་ན་མི་ཆོག་པ་མེད་ཀྱང་། ཡོད་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་ཤུལ་དུ། ཉམས་མཚོན་པར་ཚིག་རྒྱན་གྱི་ནུས་པ་དང་། རོ་བྲོ་བར་དོན་གཞན་འདྲེན་པའི་ནུས་པ་དང་། བརྗོད་བདེ་བར་སྒྲ་མང་ཉུང་ཇི་ཙམ་འཇུག་པར་དབང་འབྱོར་བའི་ནུས་པ་དང་། ཟློས་སྐྱོན་སེལ་བར་རྣམ་གྲངས་བརྗེ་བའི་ནུས་པ་ཅི་རིགས་འབྱུང་བ། དཔེར་བརྗོད་ན། ནམ་མཁའ་ལ་ཀུན་གསལ་བུ་མོ་ཞེ་ན། གནམ་དྭངས་པའི་ཁྱད་ཆོས་མཚོན་པར་མ་ཟད། གཟུགས་ཅན་གྱི་རྒྱན་ཡང་ཉན་ལྡན་པའོ། ། ཁྱི་ལ་ཁྱིམ་སྲུང་ནོར་བུ་ཞེ་ན། དགའ་བའི་ཉམས་མཚོན་པར་མ་ཟད། རབ་བཏགས་ཀྱི་རྒྱན་ཡང་ལྡན་ནོ། ། ཁྱབ་འཇུག་ལ་གོམ་གསུམ་ནོན་ཞེ་ན། དེས་བློ་རིག་པས་ལྷ་མིན་སྟོབས་ལྡན་བཅོམ་པའི་གཏམ་རྒྱུད་སྣང་ངོར་ཤར་བའི་རོ་ཁྱད་པར་བ་ཞིག་བྲོའོ། ། ཡུ་གུ་ཤིང་གི་དོད་དུ་ཕག་ལྡང་བཅད་འབྱོར་ཞེས་པ་སྦྱར་ན། རྐང་པ་ཆག་པའི་ཕག་རྒོད་ཀྱིས་ཡུ་གུ་ཤིང་སྨན་དུ་བསྟེན་ནས་རྨ་ཁ་སོས་ཤིང་ཡར་ལངས་པའི་གཏམ་རྒྱུད་དྲངས་ནས། བཅད་འབྱོར་ཉི་ཤུ་ཚོགས་པ་ན། །རྨས་མ་ཐག་ཏུ་སྨན་བཏབ་ཚེ། །དེ་མ་ཐག་ཏུ་འཚོ་བས་ན། །ལྷ་མིན་དམག་ལ་ཉམ་མི་མངའ། །ཞེས་པའི་དོན་རྣམས་ཀྱང་དྲན་པར་འགྱུར་སྲིད། །ཚིག་སྦྱོར་དུ་ཉི་མ་འཇུག་སར་ཚེག་དབར་ལྔའམ་བཞིའམ་གསུམ་གང་འཚམ་དགོས་ན། ཉིན་མོའི་ཁ་ལོ་བ་དང་། སྲིད་པའི་སྒྲོན་མེ་དང་། འཇིག་རྟེན་མིག་ལྟ་བུ་གང་མཁོ་སྦྱར་ཆོག སྒྲ་མང་ཉུང་ལ་ཐོགས་པ་མེད་པའི་རང་དབང་འབྱོར་རོ། ། ཚིག་སྔ་མར་མེ་ཏོག་གི་བརྡ་ཡོད་ལ། ཚིག་ཕྱི་མར་ཡང་མེ་ཏོག་འཇུག་པའི་དགོས་པ་ཡོད་ན། སྒྲ་བསྐྱར་བའི་སྐྱོན་སེལ་ཆེད། ཡིད་དགའ་ཞེས་པ་སྦྱར་བས་འཐུས་སོ། །
བཞི་པ། ཚིག་མཛེས་པར་བྱེད་པའི་ནུས་པ་དང་ལྡན་པ།
       མངོན་བརྗོད་ལ་རྣམ་གྲངས་མང་བ། ངོ་མཚར་ཆེ་བ། གོ་རྒྱུ་མང་བ། བསྲིང་བསྐུམ་བདེ་བ། མིང་གཅིག་དོན་མང་དང་། དོན་གཅིག་མིང་མང་གི་ཁྱད་ཆོས་དང་ལྡན་པས།  ཚིག་ཕྲེང་སྤེལ་བར་མང་ཉུང་རན་ཚོད་དང་། བརྗོད་བྱ་ཇི་བཞིན་འཇུག་པ་མཁས་ན། བརྗོད་བདེ་ལ་ངག་སྙན་པ། དོན་གསལ་ཞིང་བཅུད་ཆེ་བ་རྩལ་དུ་ཐོན་ལ། རྩོམ་དུ་འཇུག་མ་མཁས་ན། ཚིག་སྐྱོན་དང་དོན་སྐྱོན་ཡང་འབྱུང་སྲིད། རྩོམ་གང་ཡང་གཞན་ལ་ལྟ་བར་འཇུག་ཆེད་བརྩམས་པ་ཡིན་པས། ཐོག་མར་ཁ་གསལ་ཞིང་གོ་བདེ་བ་ཞིག་ཡིན་དགོས། མངོན་བརྗོད་ཅི་ཐུབ་ཀྱིས་གང་མང་སྦྱར་ན། སྐྱེ་བོ་ཕལ་གྱིས་གོ་དཀའ་བར་འགྱུར་བས། དགོས་པ་དང་བསྟུན་ནས་རན་ཚོད་དུ་འཇུག་པར་བྱ། མངོན་བརྗོད་ལ་རྣམ་གྲངས་མང་བས། གདམ་ང་མེད་པར་གང་རུང་ཞིག་སྦྱར་ན་མི་འཕྲོད་ས་ཡོད་པས། སྐབས་བབས་ཀྱི་བརྗོད་བྱ་དང་བསྟུན་ནས་མཚོན་སྟོབས་གང་ཆེ་སྦྱར་དགོས། ནམ་མཁའ་དཔེ་མཚོན་ན། གནམ་ངོ་དྭངས་ཤིང་སྤྲིན་མེད་པ་ལ་ཀུན་གསལ་ཞེས་དང་། ཆར་བ་བབས་ཤུལ་ནམ་མཁའ་གཡའ་དག་པའམ། མཚན་མོར་གནམ་ངོ་གཡུ་མདངས་བཀྲ་བ་ལ་སྔོ་བསངས་མ་ཞེས་དང་། དགུང་མོ་གནམ་ཐང་ཡགས་ཡིན་པ་ལ་རྒྱུ་སྐར་ལམ་ཞེས་དང་། གནམ་གྲུར་བསྡད་ནས་ནམ་མཁར་ཕུར་ཞིང་བག་ཡངས་པ་ལ་ལྷ་ལམ་མམ་བྱ་ལམ་ཞེས་དང་། ནམ་མཁར་སྤྲིན་འཁྲིགས་པ་ལ་སྤྲིན་ལམ་མམ་ཆུ་མཐོངས་ཞེས་པ་ལྟར་སྦྱར་ན། གནས་སྐབས་དེའི་ནམ་མཁའ་ཇི་འདྲ་ཡིན་པ་མངོན་བརྗོད་རང་ལས་གསལ་བར་སྣང་བས། གསལ་འདེབས་བྱ་བའི་དགོས་པ་མེད་ལ། ཚིག་ཀྱང་བརྗིད་པ་ཉིད་དུ་གྲུབ་བོ། །
ལྔ་བ། གང་མིང་གསར་དུ་འདོགས་པ་དཔེ་འདྲེན་པའི་ནུས་པ་དང་ལྡན་པ།
       དེང་ཚན་རིག་ལག་རྩལ་གྱི་འཕེལ་སྟོབས་ཆེ་བས། ལས་རིགས་སྣ་ཚོགས་སུ་དངོས་པོ་གསར་བ་ཆར་ཤུལ་ཤ་མོ་སྤང་བརྡོལ་བཞིན་བྱུང་དང་འབྱུང་གིན་ཡོད། བུ་སྐྱེས་པ་ལ་མིང་ཞེས་དེ་རྣམས་ལ་མིང་རེ་མ་བཏགས་ན། འབོད་རྒྱུ་མི་ཆུད། མིང་བཏགས་པ་མ་འོས་ན། བརྗོད་པ་མི་བདེ། གཞན་གྱིས་གོ་དཀའ། སྒྲ་རིག་པར་མཁས་ན། སྲིད་ཆགས་པ་ནས་སྐྱེས་པའི་བར་དུ་དཀའ་ཡང་། མིང་གདགས་པ་སླ་མོ་རེད། མིང་གདགས་པར་དཔེ་བལྟ་ས་བཟང་བོ་ཞིག་ནི་མངོན་བརྗོད་ཡིན། མངོན་བརྗོད་ལ་གྲུབ་ལུགས་སྣ་ཚོགས་ཡོད་དེ། གཙོ་ཆེ་བ་རྣམ་པ་བཅོ་ལྔ་ཡོད་པ་གཤམ་གསལ། ༡ གཏམ་རྒྱུད་དང་སྦྱར་ནས་བཏགས་པ། དཔེར་ན། དྲང་སྲོང་ཕུར་བུ་ལ་ཐིགས་པས་བསངས། ཞེས་པ་ནི། སྔོན་ལྷ་གནས་སུམ་ཅུ་རྩ་གསུམ་པར་བྲམ་ཟེ་སརྦ་ཛྙ་ཟེར་བའི་སྒྲ་མཁན་ཞིག་བྱུང་། དེས་ལྷའི་དབང་བོ་བརྒྱ་བྱིན་ལ་སྒྲའི་བསྟན་བཅོས་བསླབས། བརྒྱ་བྱིན་གྱིས་དྲང་སྲོང་ཕུར་བུ་ལ་བསླབས་ཏེ། ལྷ་རྣམས་ཀྱི་སྒྲའི་སྟོན་པར་བསྐོས་པ་ན། དེ་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་བྱུང་ཚེ། བརྒྱ་བྱིན་གྱིས་ཕུར་བུ་ལ་གསེར་བུམ་ཞིག་བསྐུར་ཏེ། རྒྱ་མཚོའི་ཆུ་བུམ་པ་གང་ལོངས་གསུངས་པ་ལྟར་བླངས། དེ་ལ་ཀུ་ཤའི་རྩེས་ཆུ་ཐིགས་གཅིག་བླངས་ནས། སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་པ་གང་། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་གསུངས་པས། རྒྱ་མཚོའི་ཐིགས་པ་ཙམ་གྱི་དཔེས་ཕུར་བུའི་དྲན་པ་གསལ་བར་བསླངས་ཤིང་། ང་རྒྱལ་གྱི་སྙེམས་པ་བསངས་སོ། །ལྟ་བུའོ། ། ༢ བྱུང་རབས་དང་བསྟུན་ནས་བཏགས་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཟས་གཙང་སྲས་ཞེས་པ་ནི། སྔོན་རྒྱ་གར་གྱི་རིགས་རྒྱུད་ལས་བྱུང་བའི་རྒྱལ་བོ་ཟས་གཙང་ཞེས་བྱ་བའི་སྲས་སུ་འཁྲུངས་པའི་ཕྱིར་རོ། ། རྒྱ་མཚོ་ལ་རིན་ཆེན་འབྱུང་གནས་ཞེས་པ། དེ་ལས་མུ་ཏིག་དང་བྱུ་རུ་ལ་སོགས་པ་བྱུང་བས་སོ། ། ༣ རྟེན་འབྲེལ་གྱི་སྒོ་ནས་བཏགས་པ། ཉི་མ་ལ་པདྨའི་གཉེན་ཟེར་བ། མེ་ཏོག་པདྨར་ཉི་མ་ཤར་བ་ན་འདབ་མའི་འཛུམ་གྲོལ་བའི་ཕྱིར་རོ། ། རྒྱ་མཚོ་ལ་ཟླ་བ་ཤར་བ་ན། མཚོ་ཆུ་རྒྱས་པར་གྱུར་བས། ཟླ་བས་འཕེལ་ཞེས་བྱའོ། ། ཉི་ཟླ་དང་སྒྲོན་མེ་དག་ལ་མུན་པའི་དགྲ་ཞེས་པ། དེ་དག་གི་འོད་ཟེར་གྱིས་མུན་ནག་མེད་པར་བཏང་བའི་ཕྱིར་རོ། ། ༤ རང་བཞིན་ལ་བལྟོས་ནས་བཏགས་པ། ཉི་མ་ནི་མེ་ལས་ཚ་ཞིང་འོད་སྟོང་འབར་བས་ན། ཚ་ཟེར་ཅན་ཞེའོ། ། རླུང་ནི་ཡང་ཞིང་གཡོ་བའི་བདག་ཉིད་ཡིན་པས། གཡོ་བྱེད་ཟེར། སྨྱུག་མ་ནི་མེ་ཏོག་གད་ནས་འབྲས་བུ་ཐོགས་པ་དང་འཇིག་པར་གྱུར་པས། འབྲས་བུས་འཇིག་ཅེའོ། ། ༥ ཁྱད་ཆོས་ལ་བལྟོས་ནས་བཏགས་པ། སྤྱན་རས་གཟིགས་ཀྱི་ཕྱག་མཚན་དུ་པད་དཀར་བསྣམས་ཤིང་ཡོད་པས། ཕྱག་ན་པདྨོ་དང་། པདྨས་མཚན་དང་། པད་དཀར་འཆང་བ་དག་ཏུ་གྲགས་སོ། ། མཚན་མོ་ནི་མུན་ནག་འཐིབས་པས་མུན་པ་ཅན་ཟེར། ༦ གཟུགས་དབྱིབས་ལ་བལྟོས་ནས་བཏགས་པ། གླང་བོ་ཆེ་ནི་སྣ་རིང་ཞིང་ཞགས་པ་བཏབ་པ་བཞིན་ཅི་ཡང་ཟིན་པས། སྣ་ཞགས་ཅན་ཟེར། སྦྲུལ་ནི་ལྕེ་ཉིས་མཚེ་ཡིན་པས། ལྕེ་གཉིས་པ་ཞེའོ། ། ༧ དཔེའི་སྒོ་ནས་བཏགས་པ། སྒྲོན་མེ་ནི་ཁྱིམ་ནང་གསལ་བར་བྱེད་པའི་གོ་ཆོད་པས། ནོར་བུའི་གཟུགས་སུ་བཀོད་ནས། ཁྱིམ་གྱི་ནོར་བུ་ཞེས་གྲགས། ཆུ་ནི་ཉལ་ནས་འགྲོ་བའི་ཚུལ་དུ་སྣང་བས་ཉལ་འགྲོ་ཟེར། འཇའ་ནམ་མཁར་ཤར་བ། ལྷའི་དབང་བོ་བརྒྱ་བྱིན་གྱི་གཞུ་ལྟར་སྣང་བས། དབང་བོའི་གཞུའམ་བརྒྱ་བྱིན་གཞུ་ཞེའོ། ། ༨ ཡོན་ཏན་ལ་དམིགས་ནས་བཏགས་པ། འཇམ་པའི་དབྱངས་ནི་ཤེས་བྱ་ཐམས་ཅད་མེ་ལོང་དུ་གསལ་བར་སྣང་བ་བཞིན་དུ་གཟུགས་པས། ཡེ་ཤེས་མེ་ལོང་དང་། ཡེ་ཤེས་མཛོད་ཅེས་གསུངས། ཉི་མ་འོད་ཀྱི་ཕུང་བོ་ཡིན་པས། སྣང་བའི་མཛོད་དང་། འཇིག་རྟེན་མིག་ཅེའོ། ། ཟླ་བ་ནི་ཆུ་ཤེལ་ལྟར་གསལ་ཞིང་། མིག་ལ་སྨན་པས་སྨན་ཤེལ་ཞེས་པའོ། ། ༩ ནུས་པ་ལ་བལྟོས་ནས་བཏགས་པ། སྒྲོལ་མ་ནི་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་འཕྲིན་ལས་མྱུར་བས་མྱུར་སྐྱོབ་མ་ཞེས་གསོལ། བསྲེགས་ནས་ཚིག་པའམ། བཞུས་པའམ། ཉམས་པར་བྱས་པས་མེ་ལ་ནོར་ལས་རྒྱལ་ཟེར། ༡༠ བདག་པོའི་ཚུལ་དུ་སྣང་བའི་ཆ་ནས་བཏགས་པ། ས་གཞི་ནི་སྲོག་ཆགས། རྩི་ཤིང་། གཏེར་རྫས་སོགས་བདག་ཏུ་བཟུང་བའི་ཚུལ་གྱིས་ནོར་འཛིན་ཟེར། ཕྱག་རྡོར་ནི་གསང་སྔགས་ཀྱི་མཛོད་འཛིན་པས་ན། གསང་བའི་རྒྱལ་དང་། གསང་བའི་བདག་པོ་ཞེའོ། ། ༡༡ སྤྱོད་པ་ལ་བལྟོས་ནས་བཏགས་པ། ཁྲུང་ཁྲུང་ནི་སྟོན་མཇུག་འཚོགས་ནས་ས་ཆ་དྲོ་སར་གཤར་ནས་འཕུར་འགྲོ་བས། གཤར་སྐྱོད་ཅེས་སོ། ། ཕ་ཝང་ནི་སྔོན་དུད་འགྲོ་དང་འདབ་ཆགས་འཐབ་པ་ན། ཕ་ཝང་གིས་རྒྱང་ནས་བལྟས་ཤིང་། དུད་འགྲོ་རྒྱལ་བ་ན། དུད་འགྲོའི་ཕྱོགས་སུ་བུད་ནས་རྐང་ལག་དང་སོ་བསྟན་ནས། ཁོའང་དུད་འགྲོ་ཡིན་ཟེར། འདབ་ཆགས་རྒྱལ་བ་ན། ཡང་འདབ་ཆགས་ཕྱོགས་སུ་བུད་ནས། གཤོག་པ་བསྟན་ཏེ། ཁོ་ཡང་འདབ་ཆགས་ཡིན་ཟེར། ཕྱིས་སུ་འདབ་ཆགས་དང་དུད་འགྲོ་འདུམ་པར་གྱུར་ནས། གཡོ་སྒྱུ་ཅན་ལ་བློ་གཏད་མེད། ཅེས་ཕ་ཝང་ལ་ཕྱོགས་གང་གིས་ཀྱང་རིག་མི་ཉན་པར་གྱུར་པས། གཡོན་མ་ཞེས་པར་གྲགས་སོ། ། ༡༢ བྱེད་པ་གཙོ་ཕལ་ལ་བལྟོས་ནས་བཏགས་པ། སྲིན་པོ་ནི་མི་རོ་སོགས་ཟས་སུ་ཟ་བས་རོ་ཟན་ཟེར། མིག་ནི་ལྟ་བར་བྱེད་པ་ཡིན་པས་ལྟ་བྱེད་ཟེར། སངས་རྒྱས་ནི་ལྷ་མི་འགྲོ་བར་ཐར་བའི་ལམ་སྟོན་པའམ་བདེ་བ་ཅན་དུ་འདྲེན་པར་མཛད་པས། སྟོན་པ་དང་རྣམ་འདྲེན་ཞེས་པའོ། །(འདི་རིགས་ལ་བྱ་བའི་མིང་ད་ལྟ་བ་འཇུག་པའོ།།) ༡༣ ཡུལ་དང་བསྒྲུབ་བྱ་ལ་བལྟོས་ནས་བཏགས་པ། ལྷ་ཡུལ་ལ་འཆི་མེད་གནས་ཞེས་པ་ནི། ལྷ་ནི་ཚེ་ཧ་ཅང་རིང་བའི་དབང་འབྱོར་བ་དང་། ཁོང་ཚོའི་བཞུགས་གནས་ཡིན་པའི་ཕྱིར་རོ། ། གཟུགས་ནི་བལྟ་བར་བྱ་བ་ཡིན་པས་བལྟ་བྱ་ཞེའོ། ། ཟ་རྒྱུ་འཐུང་རྒྱུ་ལ་བཟའ་བཏུང་ཞེས་སོ། །(འདི་རིགས་ལ་བྱ་བའི་མིང་མ་འོངས་པ་འཇུག་པའོ།།) ༡༤ དུས་ཚོད་ལ་བལྟོས་ནས་བཏགས་པ། དཔྱིད་ཀ་ནི་དྲོད་བབས་པས། རྩི་ཤིང་སྐྱེས་ཤིང་མེ་ཏོག་བཞད་པ་དང་། སྐྱེ་འགྲོའི་འདོད་པའང་འཕེལ་བས་ན། འདོད་པའི་དུས་ཟེར། ཁུ་བྱུག་ནི་སོས་ཀ་ས་མགོ་མཐོ་སར་ཡོང་ཞེས་གྲགས་པས་དཔྱིད་ཀྱི་ཕོ་ཉ་ཞེའོ། ། འབྲུག་སྒྲ་ནི་དབྱར་ཁ་འབྱུང་ཞིང་རྔ་བརྡུངས་པ་ལྟར་གྲགས་པས་དབྱར་རྔ་ཞེས་པའོ། ། ༡༥ རྣམ་གྲངས་ལ་བལྟོས་ནས་བཏགས་པ། ཉི་མ་ལ་རྟ་བདུན་དབང་བོ་ཞེས་པ་ནི། ཉི་མའི་ཤིང་རྟ་འདྲེན་པའི་རྟ་ལ་རླུང་དང་། ཡིད་འགྱོགས། མདོག་ལྔ་བ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་བཅས་བདུན་ཡོད་པའི་ཕྱིར་རོ། ། ཟླ་བ་ནི་ཆ་ཤས་བཅུ་དྲུག་གིས་ཉ་གང་བས། བཅུ་དྲུག་ཆ་ཞེས་སོ། ། སྒོག་པ་ལ་མངར་བ། སྐྱུར་བ། ལན་ཚྭ་བ། ཚ་བ། ཁ་བ། བསྐ་བ་བཅས་རོ་དྲུག་ལས། ལན་ཚ་བ་ཙམ་ཆད་པས་རོ་གཅིག་ཆད་ཅེས་གྲགས་པའོ།། །།
       སྨྲས་པ།
མིང་ཕྱུག་པར་བྱེད་པའི་མངོན་བརྗོད་ནི། །
དོན་མཚོན་པར་མཁས་པའི་ངག་རྩལ་ཏེ། །
ཚིག་མཛེས་པར་སྤྲས་པའི་རྒྱན་ཆ་དང་། །
བློ་རིག་པ་སྐྱེད་པའི་དཔལ་འབར་ཡིན། །

རྩོམ་ཁུངས། «མངོན་བརྗོད་ཁུངས་བཙུན་རྒྱ་མཚོ ལས་དྲངས།
འབྲེལ་ཡོད་འོས་སྦྱོར།