མངའ་རིས་ས་ཁུལ་བྲག་བརྐོས་རི་མོ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གླེང་མོལ་ཚོགས་འདུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:སེམས་ཀྱི་ཞིང་ཁམས།
དུས་ཚོད།:2025-10-10
ཀློག་གྲངས།:
ཉིན་ཤས་གོང་བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ཀྲུང་གོ་བྲག་བརྐོས་རི་མོ་རིག་གཞུང་ཚོགས་པས་གཙོ་གཉེར་བྱས་པའི༢༠༢༥ལོའི་མངའ་རིས་ས་ཁུལ་བྲག་བརྐོས་རི་མོ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གླེང་མོལ་ཚོགས་འདུ་མངའ་རིས་རྟེན་མཛོད་ཁང་དུ་འཚོགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་དབང་མཉམ་དུ་འཛོམས་ནས་ཞིབ་འཇུག་དང་གྲོས་མོལ་གཏིང་གཟབ་གནང་ཞིང་། ཞིབ་འཇུག་གི་ཁྱབ་ཁོངས་ཁག་ཅིག་ལ་ངོས་འཛིན་གཅིག་མཐུན་བྱུང་བ་དང་བྲག་བརྐོས་རི་མོའི་སྐོར་དགོངས་འཆར་ལྷུག་སྩོལ་གནང་ཡོད། ད་ལྟའི་བར་མངའ་རིས་ས་ཁུལ་ནས་བྲག་བརྐོས་རི་མོའི་ས་ཚིགས་༡༤༩རྙེད་པ་དང་། རིགས་གཅིག་མཁས་པ་ཚོས་ཡུལ་དེ་གའི་བྲག་བརྐོས་རི་མོར་དམིགས་སུ་བཀར་ནས་བརྟག་དཔྱད་ཞིབ་འཇུག་དང་། སྲུང་སྐྱོབ་བེད་སྤྱོད། འགྲེམས་སྤེལ་བཅས་ཀྱི་ལས་དོན་སྤེལ་ཞིང་། ཀྲུང་གོའི་བྲག་བརྐོས་རི་མོའི་བྱ་གཞག་སྤུས་དག་གོང་འཕེལ་འགྲོ་བར་མཛད་འཕྲིན་བླ་ན་མེད་པ་བསྐྱངས་ཡོད།

ཀྲུང་གོ་རིག་དངོས་སྤེལ་རེས་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཀྲུའུ་རེན་ཐན་ཕིང་གིས་མངའ་རིས་ཀྱི་བྲག་བརྐོས་རི་མོ་ནི་བྲག་ལྡེབས་སུ་བརྐོས་པའི་ས་མཐོའི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། ཀྲུང་ཧྭ་ཤེས་དཔལ་སྣ་མང་གཞི་གཅིག་གི་དངོས་དཔང་ཡང་རེད། མངའ་རིས་ནི་ཧི་མ་ལ་ཡའི་རི་རྒྱུད་དང་ཁུ་ནུའི་རི་རྒྱུད་འབྲེལ་མཚམས་སུ་གནས་པའི་གནའ་བོའི་དར་སྐུད་ལམ་བུ་དང་ཨེ་ཤ་ཡ་ལྷོ་མའི་ལྟེ་བའི་ས་ཚིགས་ཤིག་ཡིན་ཞིང་། གནས་འདིར་བྲག་བརྐོས་རི་མོར་ཤེས་རིག་སྤེལ་རེས་ཀྱི་འགྱུར་རྡོ་གསོན་པོ་ཞེས་གྲགས་སྲོལ་ཡོད། རུ་ཐོག་རྫོང་གི་རི་མོ་གདོང་གི་བྲག་བརྐོས་རི་མོའི་ཤྭ་བའི་ལུས་སྟེང་གི་ཐིག་རིས་དང་བྱང་ཕྱོགས་རྩྭ་ཐང་གི་རིག་གནས་སྒྱུ་རྩལ་གྱི་ཉམས་འགྱུར་ཧ་ཅང་འདྲ་པོ་ཡོད་ཅེས་བརྗོད་པ་རེད།

མངའ་རིས་རྟེན་མཛོད་ཁང་གི་རི་མོ་གདོང་གི་བྲག་བརྐོས་རི་མོ།

མངའ་རིས་རྟེན་མཛོད་ཁང་གི་བྲག་ཁམ་པའི་བྲག་བརྐོས་རི་མོ།

མངའ་རིས་ས་ཁུལ་རྟེན་མཛོད་ཁང་གིས་སྤེལ་བའི་མངའ་རིས་བྲག་བརྐོས་རི་མོ་དང་ལྡེབས་རིས་སྒྱུ་རྩལ་ཆེད་མངགས་འགྲེམས་སྟོན་ལ་རིགས་གཅིག་མཁས་དབང་དང་གཟིགས་མོ་བ་མང་པོ་ཕེབས་ཡོད་པ་རེད།

འགྲེམས་སྟོན་ཇུས་འགོད་པ་དང་མངའ་རིས་རྟེན་མཛོད་ཁང་གི་འགོ་འཛིན་གཞོན་པ་ཁྲང་ཡུད་ཅང་གིས་མངའ་རིས་ཀྱི་བྲག་བརྐོས་རི་མོ་ནི་གནའ་མིས་བྲག་ལྡེབས་སུ་བརྐོས་པའི་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་རེད་ཅེས་བརྗོད་ན་ཐལ་མི་དྲགས། དེ་ནི་ས་མཐོའི་མེས་པོས་སྔ་དུས་རི་དྭགས་རྔོན་པ་དང་། དམག་འཐབ་བྱེད་པ། དམར་མཆོད་འབུལ་བའི་སྐབས་ཀྱི་རང་བྱུང་ཁམས་ཀྱི་ངོས་འཛིན་བྲག་ལྡེབས་སུ་བརྐོས་པ་ཞིག་རེད་ལ། དེའི་རྗེས་ཀྱི་སྤྱི་ཚོགས་འཚོ་བའི་འཕེལ་རིམ་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། དཔེར་ན་བྲག་ཁམ་པའི་བྲག་བརྐོས་རི་མོ་སོགས་ལས་ས་མཐོའི་གནའ་བོའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་མཚོན་ཐུབ་ཀྱི་ཡོད། མདོར་ན་འདི་དག་ནི་ང་ཚོས་ས་མཐོའི་ནུབ་རྒྱུད་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་རིམ་གསལ་འགྲེལ་བྱེད་པའི་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།