བརྩམས་ཆོས་ལས་འཕྲོས་ཏེ་མཁས་དབང་གུ་གེ་ཚེ་རིང་རྒྱལ་པོར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-11-24
ཀློག་གྲངས།:
སྤྱི་ཚེས23ཉིན་མངའ་རིས་ཀྱི་རིག་གཞུང་བགྲོ་གླེང་གར་སྟེགས་སྐབས་དང་པོ་ལས“བརྩམས་ཆོས་ལས་འཕྲོས་ཏེ་མཁས་དབང་གུ་གེ་ཚེ་རིང་རྒྱལ་པོར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ”ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ལྷན་དུ་འཛོམས་ནས་མཁས་དབང་དམ་པ་གུ་གེ་ཚེ་རིང་རྒྱལ་པོ་ལགས་ནས་ཕུལ་བྱུང་གི་རིག་གཞུང་ལེགས་སྐྱེས་ཕུལ་བར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད།

གུ་གེ་ཚེ་རིང་རྒྱལ་པོ་ལགས་ནི་སྤྱི་ལོ1961ལོར་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གཙོད་ཚོ་ཤང་གླང་བཅུ་གྲོང་ཚོར་འཁྲུངས་པ་དང་། ཁོང་གི་སྤོ་བོ་ནི་གུ་གེ་ཞྭ་ཡེ་ནས་ཡིན་ཞིང་མིང་ལའང་གུ་གེ་བསོད་ནམས་རྡོ་རྗེ་ཟེར། གུ་གེ་ཚེ་རིང་རྒྱལ་པོ་ལགས་ནི་ཆུང་བྱིས་པའི་དུས་ནས་བློ་རིག་རྣོ་ལ་སྙིང་རུས་ཆེ་བས་སྦྱངས་འབྲས་ལེགས་པོ་ཐོབ་སྟབས། ལྷ་སར་བྱོན་ཏེ་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སློབ་འབྲིང་དུ་ལོ་བཞིའི་རིང་སློབ་སྦྱོང་གནང་ནས་དམའ་རིམ་སློང་འབྲིང་ཐོན། སྤྱི་ལོ1981ལོ་ནས་ལོ་བཞིའི་རིང་སྦྱང་བརྩོན་ལྷོད་མེད་གནང་བ་བརྒྱུད་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཤེས་རམས་པའི་ཡོན་ཚད་ཐོབ་ཐང་རག སྤྱི་ལོ1985ལོ་ནས་ལོ་གསུམ་རིང་། སླར་ཡང་སྦྱང་བརྩོན་ལྷོད་མེད་བྱས་མཐར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གྲྭ་ཆེན་མོ་ནས་རབས་འབྱམས་པའི་ཡོན་ཚད་ཀྱི་ཐོབ་ཐང་རག སྤྱི་ལོ1988ལོ་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་ལོ་བཞི་ཙམ་རིང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཕྱག་ལས་གནང་། སྤྱི་ལོ1992ལོར་ལྷ་སར་ཕེབས་རྗེས་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་བོད་ཀྱི་རིག་གནས་ལོ་རྒྱུས་རྩོམ་སྒྲིག་ཁང་རྒྱ་ཡིག་རྩོམ་སྒྲིག་པུའུ་རུ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་འགན་འཁུར་བའི་འགན་བཞེས། སྤྱི་ལོ1994ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཁང་ལ་ལས་སྒྱུར་མཛད་ནས། བོད་རིག་པའི་ཞིབ་འཇུག་གི་ཞབས་ཞུར་བརྩོན་ཞིང་ཞིབ་འཇུག་པ་ཆེ་མོའི་གོ་གནས་ཐོབ་པ་དང་སྦྲགས་དབུ་འཛིན་རྒན་པའི་འགན་བཞེས་གནང་ཞིང་སྐུ་ཚེ་གང་པོའི་རིང་རིག་གཞུང་ལམ་བུའི་ཐོག་འབད་འབུངས་མདུན་སྐྱོད་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

རིག་གཞུང་སྤེལ་རེས་ཁྱབ་ཁོངས་སུ་མཁས་དབང་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱི་མཛད་འཕྲིན་གོ་ལའི་གྲགས་ཅན་སློབ་གླིང་ཧྲིལ་པོར་ཁྱབ་ཡོད་དེ། ཁོང་གིས་སྔ་རྗེས་སུ་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་སློབ་ཆེན་དང་། ཨ་རིའི་ཧ་ཧྥུའུ་སློབ་ཆེན། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་སོགས་འཛམ་གླིང་གི་གྲགས་ཅན་སློབ་གླིང་དུ་བསྐྱོད་དེ་རིག་གཞུང་སྤེལ་རེས་དང་འཆད་ཁྲིད་གནང་བ་མ་ཟད། ད་དུང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་དར་སྤེལ་མཛད་ཐོག་བོད་རིག་པའི་ཞིབ་འཇུག་གི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་གནང་ཡོད།དམ་པ་གང་དེའི་ཞིབ་འཇུག་གི་གྲུབ་འབྲས་ཕུན་སུམ་ཚོགས་པ་སྟེ་ཆེད་རྩོམ་ལ་མཚོན་ན«མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན»ཞེས་པ་དང«མངའ་རིས་ཀྱི་ཤེས་དཔལ་ལོ་རྒྱུས»ཞེས་པ། «མངའ་རིས་སྤུ་རངས་ཀྱི་འཇིག་རྟེན་རྩ་འཛུགས་རྟེན་འབྲེལ་གླུ་སྣ»ཞེས་པ་སོགས་ཀྱིས་བོད་ཀྱི་ནུབ་རྒྱུད་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་བཅས་ཤེས་རྟོགས་གཏིང་ཟབ་བྱ་ཆེད་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། དམ་གང་གིས་རྩོམ་སྒྱུར་བྱས་པའི«གནས་ཆེན་ཡར་ལྷ་ཤམ་པོའི་གཤམ་འོག་གི་ཤེས་རིག»སོགས་ཀྱིས་རིག་གཞུང་གི་ཚད་གཞི་ནན་པོའི་ཐོག་ནས་བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་བརྩམས་ཆོས་གྲགས་ཅན་འཛམ་གླིང་ཕྱོགས་སུ་བསྐྱོད་ཡོད། དཔྱད་རྩོམ་མང་པོ་ཞིག«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»སོགས་དབང་གྲགས་ལྡན་པའི་དུས་དེབ་ཐོག་བཀོད་པ་དང་། དཔྱད་རྩོམ་དེ་དག་ལ་ལྟ་བ་ཐུན་མོང་མ་ཡིན་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།

མཁས་དབང་གུ་གེ་ཚེ་རིང་རྒྱལ་པོ་ལགས་ནི་རིག་གཞུང་གི་མཁྱེན་རྒྱ་ཡངས་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་གནང་མཁན་ཞིག་ཡིན། ཁོང་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན་སོགས་སྤྱི་ཚོགས་ཀྱི་འགན་འཁྲི་མང་པོ་འཁུར་གནང་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཁོང་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་དང་། «གནས་ཆེན་ཡར་ལྷ་ཤམ་པོའི་གཤམ་འོག་གི་ཤེས་རིག»ཅེས་པར་སྐབས་དང་པོའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་དབྱིན་ཡིག་སྒྱུར་རྩོམ་རིགས་ཀྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། «མངའ་རིས་ཆོས་འབྱུང»ལ་སྐབས་གཉིས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བོད་ཡིག་ཞིབ་འཇུག་གི་ཆེད་རྩོམ་རིགས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་མ་ཟད། ད་དུང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་དྲིལ་བསྒྲགས་རིག་གནས་ལས་དོན་པར་ཐེངས་མང་བདམས་ཡོད།

ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་མཁས་དབང་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱི་སྐུ་ཚེ་གང་པོའི་རིག་གཞུང་དོན་གཉེར་གྱི་མཛད་རྗེས་ལ་གུས་འདུད་ཞུས་པ་ཞིག་ཡིན་པས། མཁས་དབང་དེ་བས་མང་བས་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་སྒོ་ནས་འཚོལ་ཞིབ་དང་ཕུན་སུམ་ཚོགས་པའི་གྲུབ་འབྲས་དེ་བས་མང་བ་གཏོད་རྒྱུར་སྐུལ་ལྕག་མཛད་ཡོད་ལ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོར་དམ་པ་གང་གི་སྐུ་ཚེའི་མཛད་པ་དག་རྗེས་རབས་ཚོའི་མིག་ལྟོས་ཡར་བལྟའི་རྒྱན་དུ་བཤམས་པ་ཞིག་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
