ཧོར་གླིང་གཡུལ་འགྱེད་ལས་བསྟན་པའི་ཕོ་རབ་འབྲིང་ཐ་གསུམ་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-24
ཀློག་གྲངས།:
༄༅། །སྐྱེས་པ་ཕོ་ཡི་རབ་བྱེད་བཞུགས་སོ། །
—ཧོར་གླིང་གཡུལ་འགྱེད་ལས་བསྟན་པའི་ཕོ་རབ་འབྲིང་ཐ་གསུམ་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།
དང་པོ། སྐྱེས་པ་ཕོ་ཡི་ངག་གི་འདུ་བྱེད་གླེང་བ།
གླིང་སྒྲུང་ལས། ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས། །ས་ཕྱོགས་གང་ཡིན་སྐད་ཀྱིས་འབྱེད། །ལ་ཁའི་ཁ་བ་ཆེ་ཆུང་དེ། །ལྷ་བྱ་གོང་མོའི་སྐད་ལ་ཉོན། །ལུང་པ་ཕུ་ཐག་རིང་ཐུང་དེ། །གཙང་ཆབ་སྔོན་མོའི་འགྲོས་ལ་ལྟོས། །ཞེས་མི་དེ་ཡ་རབས་ཡིན་མིན་ནི་གང་དེའི་སྤྱོད་ལམ་གྱི་ཐོག་ནས་ཤེས་དགོས་པ་གསལ་ཡོད། སྤྱོད་ལམ་ལས་ངག་གི་འདུ་བྱེད་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། ཕོ་རྩལ་སྣ་དགུ་ལས་ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་གསུམ་ནི་ངག་རིགས་སྒྱུ་རྩལ་ཁོངས་སུ་གཏོགས་པ་ཡིན། ངག་རྩལ་འདི་དག་ནི་སྐྱེས་ཕོ་རབ་ཅིག་ལ་ངེས་པར་དུ་ཚང་དགོས་པ་ལྟ་བུར་བཞེད་ཅིང་། སྐྱེས་པ་ཕོ་ཞིག་གི་དཔའ་མཛངས་རྟུལ་ཕོད་དང་ཤེས་འཇོན་ནུས་གསུམ་ནི་ངག་རྩལ་ཐོག་ནས་མངོན་དགོས་པ་དང་རྟོགས་དགོས་པ་ལྟ་བུར་གྱུར་ཡོད། བོད་པས་གནའ་ནས་ད་བར་ངག་རིགས་སྒྱུ་རྩལ་ལ་མཐོང་ཆེན་ཤུགས་ཆེར་གནང་ཡོད་པ་ནི་རྒྱུ་བོན་གྱི་གྱེར་དབྱངས་འདོན་གསུམ་དང་བཙན་པོའི་སྐབས་ཀྱི་མགུར་གླུ། ཕག་གྲུ་རྒྱལ་རབས་སྐབས་ཀྱི་ལྷ་མོའི་རྣམ་ཐར། གྲུབ་མཐའ་རིས་མེད་ཀྱི་རྟོགས་ལྡན་དག་གི་ཉམས་མགུར། དགའ་ལྡན་ཕོ་བྲང་སྐབས་ཀྱི་ནང་མ་དང་སྟོད་གཞས། དམངས་ཁྲོད་ཀྱི་གཉེན་བཤད་དང་གྱོད་བཤད། ཁ་ཤགས། ལ་གཞས། འབྲོག་གླུ། གྱང་གླུ་སོགས་ཀྱིས་བདེན་དཔང་བྱས་ཡོད། གླིང་སྒྲུང་ནང་དུའང་ངག་གི་འདུ་བྱེད་སྐོར་ནས་མང་དུ་གླེང་འདུག་སྟེ། དཔེར་ན། སྐྱེས་ཕོ་རབ་ཅིག་ལ་གཏམ་དྲིས་ན། །ཇ་ཆང་གཉིས་ཀྱིས་གཏམ་སྒོ་འབྱེད། །སྐྱེས་ཕོ་འབྲིང་ཞིག་ལ་གཏམ་དྲིས་ན། །ལན་གསུམ་དྲིས་ན་ཁ་སྒོ་འབྱེད། །ཕོ་ཐ་མ་ཞིག་ལ་གཏམ་དྲིས་ན། །ལན་མེད་བ་རུ་ཁ་འཐམ་ཡིན། །ཞེས་ཕོ་རབ་ཀྱིས་སྣེ་ལེན་སྒོས་ཁ་བརྡ་ཞིབ་ཏུ་བྱེད་པ་དང་། ཕོ་འབྲིང་གིས་དེ་ལྟར་མ་ཐུབ་ཀྱང་ཕ་རོལ་པོའི་དྲི་བ་ལ་རང་གིས་ཤེས་ཚོད་ཀྱིས་ལན་འདེབས་པ། ཕོ་ཐ་མས་ནི་གཞན་གྱི་དྲི་བར་ལན་དོན་མཐུན་རྒྱག་མི་ཐུབ་པར་སྡོད་པ་རེད། དེས་ན། དགྲ་ལན་པོ་མེད་ན་ཝ་མོ་རེད། །གཏམ་ལན་པོ་མེད་ན་ལྐུགས་པ་ཡིན། །ཟས་ལན་པོ་མེད་ན་ཁྲམ་པ་ཡིན། །ཞེས་པ་ལྟར་ཕ་རོལ་པོའི་གཏམ་གྱི་རྒོལ་བ་བྱུང་ན། དེ་ལ་ལན་རྒྱག་ཐུབ་དགོས་པ་དང་། ལན་དེའང་ཐབས་ཤེས་གཉིས་ཀྱིས་རྩིས་ཟིན་ཅིང་དོན་དང་མཐུན་ལ་གནད་ཁེལ་བ་ཞིག་དགོས་པ་ཡིན། སྐྱེས་ཕོ་རབ་གཏམ་དེ་ཉི་མ་འདྲ། །འདྲི་མི་དགོས་འཛམ་གླིང་གསལ་ལེ་ཡོད། །ཕོ་འབྲིང་གི་གཏམ་དེ་རླུང་དང་འདྲ། །དགུང་གར་མཐོ་ས་ལ་ཕྱ་ལ་ལ། །ཕོ་ཐ་མའི་གཏམ་དང་ཕུག་རོན་གཉིས། །མིད་པའི་འགོ་ན་ལྡིབ་ལྡིབ་ལྡིབ། །བྱང་ཁོག་གཏམ་གྱི་རྐྱལ་པ་དེ། །མིད་པའི་ནང་ནས་མཆིལ་མས་བརྣངས། །ཁ་སྒོ་འབུད་ཁ་ལྕེ་ཡིས་འགོག །ཅེས་གཏམ་སྨྲ་བའི་གལ་ཆེན་རང་བཞིན་བསྟན་ཡོད། ཡང་ཁ་ཤགས་དང་གྱོད་བཤད། གཉེན་བཤད་ཙམ་མ་ཡིན་པར་ནམ་རྒྱུན་འཚོ་བའི་ཁྲོད་དུ་གཞན་གྱི་བསླབ་བྱ་སོགས་ལ་ཉན་སྟངས་ཀྱི་ཐད་ནས། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །སྐྱེས་ཕོ་རབ་ཅིག་ལ་གཏམ་བཤད་ན། །གཏམ་གོ་ན་ཉན་ཅིང་ཅི་ཟེར་སྒྲུབ། །སྐྱེས་ཕོ་འབྲིང་ཞིག་ལ་གཏམ་བཤད་ན། །ཚིག་རྩ་བ་འཐུ་ཞིང་ཡིད་ལ་འཇོག། སྐྱེས་ཕོ་ཐ་ཞིག་ལ་གཏམ་བཤད་ན། །གཏམ་ཕར་ལ་བཤད་ན་སྙིང་རླུང་ལྡང་། །དྲང་གཏམ་ལན་ལ་ངན་གཏམ་འཇལ། །ཞེས་གཏམ་ཉན་སྟངས་ཀྱི་རྣམ་གཞག་ཞིབ་ཏུ་བཤད་ཡོད། གཞན་ཡང་གཏམ་གྱི་སྨྲ་སྦྱོར་ཐད་ནས། ཕོ་རབ་སྐད་ཆ་ཐུག་ནས་བཤད། །ཕོ་འབྲིང་སྐད་ཆ་དྲིས་ན་བཤད། །ཐ་མས་ལྟོ་བ་རྒྱགས་ན་བཤད། །ཅེས་ཕོ་རབ་ནི་སྐད་ཆ་ཡག་བཙོག་གང་ཡིན་རུང་གདོང་ལ་ཐུག་དུས་བཤད་པ་ལས། ངོས་ནས་མགོ་སྒུར་ལྕེ་བསྣར་ནས་གཅིག་བཤད། ལྐོག་ནས་ཅི་འདྲའི་ཁོ་རང་ལ་གནོད་བསྐྱལ་བཞག་པ་ལྟ་བུས་སྨད་པ་དང་དམའ་འབེབས་བྱས་ནས་གཅིག་བཤད་པ་ལྟ་བུ་མི་བྱེད་པ་ཡིན། ཕོ་འབྲིང་ནི་གཞན་གྱིས་དྲིས་ཡོང་དུས་ད་གཟོད་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གང་དྲིས་པའི་དོན་ལ་ལན་སྨྲ་བ་ལས། མི་ཤེས་ཤེས་མདོག་དང་མ་ཡིན་ཡིན་མདོག་གིས་འོལ་ཚོད་ཀྱིས་གཏམ་སྨྲ་བར་མི་བྱེད་པ་བསྟན་ཡོད། ཕོ་ཐ་མས་ནི་ལྟོ་བ་རྒྱགས་ན་ཁ་ནས་གཏམ་བྱུང་རྒྱལ་དུ་སྨྲ་ཞིང་། རང་གི་ཁེ་ཕན་ཆེད་དུ་གཅམ་བུ་སྨྲ་བ། གཞན་གྱི་ཡོན་ཏན་བློ་ལ་མི་ཤོང་སྟེ་ཕྲག་དོགས་ཀྱི་སྐད་ཆ་བཤད་པ། ཡུལ་སྡེ་ཤོག་ཁ་དང་གྲོང་རོགས་ཁྱིམ་མཚེ། ཁྱིམ་ནང་ཚང་དང་གྲོགས་ཕོ་མོའི་བར་ལ་དབྱེན་སྦྱོར་བྱེད་པ། བདེན་པ་དང་དང་གནས་ལུགས་ལས་འབྲས་བཅས་ལ་མི་བརྩི་བར་ཁ་ཕོ་ཆེན་པོས་ཤོབ་བཤད་ཅིང་འུར་སློང་བ་ལྟ་བུ་རེད། འདི་དག་ལས་སྐྱེས་པ་ཕོ་ཞིག་གི་ངག་གི་འདུ་བྱེད་གང་འདྲ་དགོས་པ་གསལ་པོར་བསྟན་ཡོད།
གཉིས་པ། སྐྱེས་པ་ཕོ་ཡི་རང་གཤིས་གླེང་བ།
སྤྱིར་ན་བརྩམས་སྒྲུང་ནི་བརྗོད་བྱ་དང་རྗོད་བྱེད། བརྗོད་སྙིང་གསུམ་ལས་གྲུབ་དགོས་ལ། མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱས་ཏེ་བརྗོད་སྙིང་སྟོན་དགོས་པ་ཡིན། གླིང་སྒྲུང་ནི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་པར་བཤད་ཀྱང་སྒྲུང་ཡིག་ཡིན་པའི་ངོས་ནས་བརྩམས་སྒྲུང་གི་གྲུབ་ཆ་མང་དུ་འདུས་ཡོད། གླིང་སྒྲུང་ནང་དུ་དྲང་ལྡོག་གི་མི་སྣ་རིགས་གཉིས་ཡོད་པ་ལས། དྲང་ཕྱོགས་ཀྱི་མི་སྣ་དག་ནི་དཔའ་རྒོད་ལ་གཞུང་དྲང་པ། རང་ཇུས་ལས་སྤྱི་ཇུས་གཙོ་བོ་བྱེད་པ། ཁྲ་མོ་གླིང་གི་སྐྱིད་སྡུག་གི་ཆེད་དུ་རང་གི་ཚེ་སྲོག་ཀྱང་གཏོང་བར་ནུས་པ། ཆེ་བཙན་དྲག་གསུམ་གྱི་དབང་ཤུགས་ལ་མགོ་བོ་མི་སྒུར་བ། ཉམ་དམན་གཉོམ་ཆུང་གི་རིགས་ལ་མི་སྡང་ཞིང་མཐའ་ནས་སྐྱོར་བ་སོགས་ཀྱི་གཤིས་ཀ་བཞེངས་སྐྲུན་བྱས་ཡོད། ལྡོག་ཕྱོགས་ཀྱི་མི་སྣ་དག་ནི་སྡར་མ་ཡིན་པ། རང་གི་ཁེ་དབང་ཆེད་དུ་གླིང་གི་ཕ་ས་དགྲ་ལག་ཏུ་འཇོག་པ། ཁ་ཡག་མགོ་སྐོར་མཁས་པ། ཕུ་ནུའི་ཚེ་སྲོག་རྩེད་མོ་རྩེ་བ། གཡོ་སྒྱུ་དང་དྲན་འཕྲུལ་རྒོད་པ། གྱོད་ཀྱི་གཞི་མ་དང་ཁ་མཆུའི་སྣ་འདྲེན་བྱེད་པ། རང་གི་སྤུན་མཆེད་འཛོམས་སར་བཙོག་གཏམ་སྨྲ་ལ་ངོ་མི་ཚ་བ། ཤོབ་བཤད་པར་བག་མི་ཚ་བ་སོགས་ཀྱི་སྣང་བརྙན་དང་གཤིས་ཀ་བཞེངས་སྐྲུན་བྱས་ཡོད། སྣང་བརྙན་འདི་དག་གིས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོས་བསམ་བློ་ཞིག་གམ། རིན་ཐང་ལྟ་བ་ཞིག ཡང་ན་སྐྱེས་ཕོ་རབ་ཅིག་ལ་རང་གཤིས་གང་འདྲ་ཞིག་ལྡན་དགོས་པ་མཚོན་ཡོད། གླིང་སྒྲུང་ལས། མཐོན་པོ་གཉའ་ནས་ཕབ་མི་བྱས། །དམའ་མོ་འགབ་ནས་སྐྱོར་མི་བྱས། །མཐོ་དམན་མེད་པར་ཁོད་སྙོམས་བྱས། །གཉོམ་ཆུང་རྣམས་ཀྱི་ཕ་མ་བྱས། །ཁྱེའུ་རྣམས་ཀྱི་དཔུང་རོགས་བྱས། །ཞེས་གསལ་ལ། ཕོ་མི་ནུས་པ་ཡི་སྒོ་རྩ་ནས། །ཡོབ་ཆེན་ཤར་ལེ་འབབ་རབ་མེད། །ཕོ་མི་ཐུབ་གཉའ་བ་མཐོན་པོ་ལ། །འཇམ་ཞུ་ལེ་ཁྲ་རྒན་གཟུར་རབ་མེད། །ཅེས་བཙན་པོར་མགོ་མི་སྒུར་བ། གཉོམ་ཆུང་ལ་བརྙས་བཅོས་མི་བྱེད་པ། དྲང་བདེན་གྱི་རྒྱབ་ལ་ལངས་རྒྱུ་ནི་གླིང་གི་དཔའ་རྟུལ་རྣམས་ཀྱི་རང་གཤིས་ངོ་མ་དེ་ཡིན་པ་བསྟན་ཡོད། གཞན་ཡང་སྐོམ་ན་ཡུར་ཆུ་མི་འཐུང་བ། །བྲེ་སེར་འབྲོང་གི་ངང་ཚུལ་ཡིན། །ལྟོགས་ན་ཕུབ་རུལ་མི་ཟ་བ། །ཁ་དཀར་རྐྱང་གི་ངང་ཚུལ་ཡིན། །སྡུག་ན་མཆི་མ་མི་གཏོང་བ། །སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན། །ཞེས་སྐྱེས་པ་ཕོ་ཞིག་ཇི་ལྟར་ཐབས་སྡུག་དང་དཀའ་ཁག་གི་གནས་སུ་གྱར་ནའང་རང་གི་རྩ་དོན་དང་ལ་རྒྱ་མི་འདོར་བའི་རང་གཤིས་དགོས་པ་གསལ་ཡོད། འདིར་དོ་སྣང་དགོས་པ་ཞིག་ནི་དེ་ཡང་རང་གིས་ཡུན་རིང་བསམ་གཞིག་བྱས་པའི་འབྲས་བུའམ། ཡང་ན་མི་ཚེའི་བརྒྱུད་རིམ་ནས་རྙེད་པའི་ཉམས་མྱོང་གི་ཤེས་བྱ། མདོར་ན། དཔྱོད་ཤེས་ཀྱི་རྒྱས་ཐེབས་པའི་རྩ་དོན་ཞིག་ཡིན་དགོས་པ་ལས། དོན་སྙིང་མེད་པའི་ཞེན་ཁོག་ཆུང་ངུ་དག་ཨུ་ཚུགས་མཐའ་སྐྱེལ་གྱིས་འཛིན་དགོས་པའི་དོན་མིན་པ་གསལ་ཏེ། ཕོ་རབ་འཁྱོག་པ་སྦ་འཁྱོག་རེད། །སྦ་ཉི་མས་དྲོས་ལ་གར་སྲོང་ཡིན། །ཕོ་འབྲིང་འཁྱོག་པ་རྭ་འཁྱོག་རེད། །རྭ་ཚ་གྲང་འཛོམས་ན་ཅི་བཟོས་རེད། །ཕོ་ཐ་འཁྱོག་པ་རྡོ་འཁྱོག་རེད། །རྡོ་གོར་མོ་འཁྱོག་ན་བྱེད་རྒྱུ་མེད། །ཅེས་ཕོ་རབ་ནི་རང་གཤིས་གྱོང་པོ་དང་། གླེན་རྟགས་དང་ཨུ་ཚུགས་ཚ་པོ་དེ་འདྲ་ཞིག་མ་ཡིན་པར་གཞན་གྱི་ཁ་ཏ་བསླབ་བྱ་དང་བསམ་ཚུལ་ལ་རྣ་བ་བླགས་ཤེས་པ། དེ་དག་ལ་དཔྱད་དེ་སྙིགས་འདོར་བཅུད་ལེན་མཁས་པ། རང་གི་བྱ་སྤྱོད་ལ་བརྟག་དཔྱད་ཐུབ་པ། རང་གི་སྐྱོན་དང་ནོར་འཁྲུལ་ཞན་ཆ་སོགས་ཁས་ལེན་ནུས་པའི་སྙིང་སྟོབས་མཆིས་ཤིང་། དེ་དག་ལེགས་བཅོས་བྱེད་ཐུབ་པ་ཞིག་དགོས་པར་བསྟན་ཡོད། འདི་དག་གིས་ད་གཟོད་སྐྱེས་པ་ཕོ་ཞིག་ལ་རང་གཤིས་གང་འདྲ་དགོས་མིན་གསལ་པོར་ངོ་སྤྲོད་བྱས་ཡོད།
གསུམ་པ། སྐྱེས་པ་ཕོ་ཡི་དཔའ་མཛངས་གླེང་བ།
ཕོ་རྩལ་སྣ་དགུ་ལས་གསུམ་ནི་མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་བཅས་ཡིན། གླིང་སྒྲུང་ནི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་གཤིས་དཔའ་བོས་མི་རིགས་བསྐྱབས་པའི་བརྒྱུད་རིམ་དང་། དཔའ་བོའི་སྙིང་སྟོབས་དང་མཛད་རྗེས་ལ་ཡིད་སྨོན་དང་བསྔགས་བརྗོད་བྱས་ཡོད་པ་བསྙོན་དུ་མེད། དེའང་དཔའ་བོའི་སྐོར་ནས། ཕོ་རབ་འདྲ་གཉིས་ཐུག་པ་ན། །དཔའ་སྟག་གཟིག་ཁ་སྤྲོད་བྱས་པ་འདྲ། །དེ་རྗེས་རྟ་ཐོག་འདུན་མ་གཏམ། །ཁྱོད་རང་ཇག་པ་རྟ་ཐོབ་གྱིས། །གཅིག་དེ་ར་མདའ་རྗེས་ཆོད་རེད། །སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོབ། །ཕོ་འབྲིང་འདྲ་གཉིས་ཐུག་པ་ན། །འགོ་མ་ཁྲ་འཐབ་སྤྱང་འཐབ་བྱེད། །དེ་རྗེས་མགོ་ནས་རྨོག་དཀར་བརྗེ། །དེ་ནས་ལུས་ཀྱི་ཁྲབ་དཀར་བརྗེ། །སྐེད་མདོ་དྲུག་འཁོར་གསུམ་བརྗེ་རབ་ཡོད། །ཕོ་འདྲ་གཉིས་དཔའ་རྩལ་མཉམ་སྟོན་ཡིན། །ཕོ་ཐ་མ་འདྲ་གཉིས་ཐུག་པ་ན། །དང་པོ་ལུག་ཐུག་རྡུང་རྡུང་བྱེད། །དེ་ནས་ར་བྲོས་ལུག་བྲོས་བྱེད། །མིག་ཕྱི་བལྟས་མེད་པར་མཉམ་བྲོས་བྱེད། །ཕོ་འདྲ་གཉིས་སྡར་མ་མཉམ་ཐོན་ཡིན། །ཞེས་ཕོ་རབ་འབྲིང་ཐ་གསུམ་བསྟན་ཡོད་ལ། ཕོ་རབ་ནི་བྱ་བ་ཧོལ་རྒྱུགས་དང་གྲི་མཚོན་སྡར་གཡུག་མི་བྱེད་པར་སྡེ་ཚོ་བ་གཉིས་དང་ཡུལ་ཤོག་ཁ་གཉིས། ཁྱིམ་དུད་ཀ་གཉིས་ཀྱི་འཕྲལ་ཕུགས་འདུག་བདེ་ལ་ཐུགས་བསམ་བཞེས་ནས་ཕན་ཚུན་འདུན་མ་གཏམ་པ་ཡིན་འདུག འདུན་མ་བྱེད་པ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་ཡིན་ལ། ལུགས་འདིས་ལོ་རྒྱུས་ཁྲོད་དུ་བྱེད་ནུས་གལ་ཆེན་ཐོན་ཡོད་ཅིང་། བོད་མིའི་འཚོ་བའི་ཁྲོད་དུའང་བེད་སྤྱོད་བྱས་དང་བྱེད་བཞིན་པ་ལགས། ང་ཚོས་ནམ་རྒྱུན་དཔའ་བོ་ཟེར་བ་ནི་གཡུལ་འཁྲུག་དང་འཐབ་འཛིང་ཁྲོད་ནས་མངོན་དགོས་པར་འདོད་མོད། གླིང་སྒྲུང་ལས་དཔའ་བོ་ངོ་མ་ནི་འཐབ་འཛིང་ཁྲོད་ཁོ་ན་ལ་མེད་པར་ཕུགས་རྒྱང་རིང་པོར་མནོ་བསམ་བཏང་སྟེ། གནས་ཚུལ་ཇེ་སྡུག་དང་རྙོག་གྲ་ཇེ་ཆེ་རུ་མི་གཏོང་བར་ཕན་ཚུན་གཉིས་ཀ་འདུག་བདེ་ཡོང་བར་བྱེད་པའི་བློ་གྲོས་དང་ལྡན་པ་ལ་གོ་བ་བཤད་ཡོད། ཕོ་འབྲིང་ནི་ད་གཟོད་འཐབ་འཁྲུག་ཁྲོད་དུ་དགྲ་ལས་རྣམ་པར་རྒྱལ་བ་ལ་གོ་དགོས། གཞན་ཡང་སྐྱེས་པ་ཕོ་ཞིག་ལ་དགོས་པ་ནི་དཔའ་སྙིང་གཅིག་པུ་མིན་པར་བློ་ཁོག་དང་ཤེས་རབ་དགོས་པ་དེ་རེད། བློ་ཁོག་དང་ཤེས་རབ་ལྡན་པའི་མི་ལ་མཛངས་པ་ཞེས་འབོད་སྲོལ་ཡོད། རྒོད་པོས་གནམ་འཕང་གཅོད་དུས་གཤོག་ཟུང་དགོས་པ་ལྟར། སྐྱེས་ཕོ་རབ་ཅིག་ལ་མཚོན་ན་དཔའ་མཛངས་གཉིས་ལྡན་དགོས་པ་བསྟན་ཡོད་དེ། དམག་གི་གོང་བ་གནོན་དུས་སྤྱང་གྲུང་བརླིང་གསུམ་དང་། དཔའ་མཛངས་རྟུལ་གསུམ་འཛོམས་དགོས། ཞེས་དང་། བློ་སྣ་ཆུ་བོའི་གཞུང་ལ་དཔེ། །བློ་ཁོག་རྒྱ་མཚོའི་ཟབ་ལ་དཔེ། །ཞེས་གསལ་ལ། བློ་སྔོན་དུ་དྲན་ན་གྲུང་པོ་ཡིན། །རྒྱབ་ལ་དྲན་ན་གླེན་པ་ཡིན། །འགྱོད་པ་ལས་ཀྱི་མཐའ་མ་ཡིན། །ཕོ་རབ་དེ་མ་ཐག་ནས་དྲན། །ཕོ་འབྲིང་རི་ཐང་མཚམས་ནས་དྲན། །ཕོ་མཐའ་མས་སྐྱ་ཕྱ་ཐང་ནས་དྲན། །དེ་ནས་དྲན་དང་མ་དྲན་མེད། །བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། །ཅེས་སྐྱེས་པ་ཕོ་ནི་བློ་སྣ་རིང་ཞིང་ཁོག་རྒྱ་ཆེ་དགོས་པ། བྱ་བ་གང་ཞིག་བསྒྲུབས་ནའང་སྔོན་ལ་བསམ་བློ་ཡག་པོ་བཏང་ནས་ཕྱིས་སུ་བློ་འགྱོད་མེད་པ་ཞིག་བྱེད་དགོས་པའི་སྐོར་ནན་ཏན་གྱིས་གླེང་ཡོད་ལ། དེ་ག་ནང་བཞིན་དཔའ་ཚོད་དང་རང་ཚོད་ཟིན་དགོས་པའི་གལ་ཆེན་རང་བཞིན་ཡང་ཡང་སྨོས་འདུག་སྟེ། ཚེ་ཇུས་མཉམ་ན་དཔའ་བོ་ཡིན། །དར་གུད་མཉམ་ན་རྒོད་པོ་ཡིན། །རང་ཚོད་མ་ཟིན་ཐ་མ་ཡིན། །ཕོ་ཇུས་ཚོད་བཟུང་ན་དཔའ་བོ་ཡིན། །སྨན་ཟ་ཚོད་མཁས་ན་མཛངས་མ་ཡིན། །ཚོང་ཁེ་ཚོད་བཟུང་ན་ཕྱུག་པོ་ཡིན། །ཞེས་དང་། བཙན་པོས་བཙན་ཚོད་མ་ཟིན་ན། །བཙན་ཉི་ཟླ་སྤྲིན་ནག་ཁོག་ནས་སྒྲིབ། །རྒོད་པོས་རྒོད་ཚོད་མ་ཟིན་ན། །རྒོད་ཐང་དཀར་ལག་རྙི་བར་ལ་ཚུད། །དཔའ་ངར་མས་དཔའ་ཚོད་མ་ཟིན་ན། །ཕོ་གསར་པའི་ངར་གདོང་རྡོ་ལ་ཐུག །ཅེས་གསལ་བ་ལྟ་བུ་རེད། དེ་བས་དོན་ཆུང་ཕྲན་བུ་ཙམ་གྱི་ཆེད་དུ་རྩོད་འཛིང་དང་འཐབ་འཁྲུག་བྱེད་པ་ནི་དཔའ་རྟགས་གང་ཡང་མ་ཡིན་པ་རྟོགས་ཐུབ་ཅིང་། ཉེ་བའི་ལོ་ཟླ་ནང་དུ་བོད་ཡུལ་དང་ལྷག་ཏུ་ཁམས་ཁུལ་ནས་དོན་ཆུང་གིས་ཤི་རྨས་བྱུང་བ་དག་ནི་གླིང་སྒྲུང་ཁོ་ནའི་ཤུགས་རྐྱེན་ཡིན་པར་འདོད་པ་ནི་ནོར་འཁྲུལ་ཡིན་པ་ཤེས་དགོས། གླིང་སྒྲུང་ཞིབ་ཏུ་བཀླགས་ཏེ་ཡོང་ན། འདི་ནི་མི་ཆོས་རིག་གནས་ཀྱི་རྫོངས་མཐུག་པའི་གླེགས་བམ་ཞིག་དང་། བོད་ཀྱི་མེས་པོ་གོང་མས་མི་རབས་མང་པོར་བསགས་པའི་ཉམས་མྱོང་གི་ཤེས་བྱ་དག་ཕྱོགས་བསྡོམས་བྱས་ནས་གྲུབ་པའི་མི་ཆོས་རིག་པའི་ཤེས་བྱའི་གླེགས་བམ་ཞིག་ལས། དུས་རབས་དང་མི་འཚམ་པའམ་མི་མཐུན་པས་འདོར་དགོས་པ་དང་སྤང་དགོས་པའི་གད་སྙིགས་ཤིག་མ་ཡིན་པའི་ངེས་ཤེས་ཡང་དག་འདྲོངས་དགོས་པ་ཡིན་ནོ། །
བཞི་པ། སྐྱེས་པ་ཕོ་ཡི་ལྟ་བ་གླེང་བ།
འདིར་ལྟ་བ་ཞེས་པ་ནི་སྐྱེས་པ་ཕོ་ཡི་བསམ་པའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས། དེང་གི་སྐད་ལྟར་བྱས་ན། མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཚེ་སྲོག་གི་ལྟ་བ་སོགས་སུ་འདུས་པ་འདྲ། དེའང་མི་ཚེའི་ལྟ་བའི་སྐོར་ནས། གླིང་སྒྲུང་ལས། སྡུག་ན་སེམས་འཕང་གྱེན་ལ་གཏོད། །སྐྱིད་ན་མགོ་འཕང་མར་ལ་ཕོབ། །མི་ཚེ་གཅིག་གི་གཞུང་ཤིང་ལ། །བདེ་སྐྱིད་ཤར་རེ་ཤོར་རེ་ཡིན། །སྡུག་བསྔལ་ལ་རེ་ཐུར་རེ་ཡིན། །སྐྱིད་སྡུག་གཉིས་ཀ་མགོ་སྦྲེལ་ཡིན། །ཞེས་མི་ཚེ་ནི་སྐྱིད་སྡུག་རེས་མོས་ཀྱིས་གྲུབ་ཡོད་པས། སྡུག་པའི་སྐབས་སུ་སེམས་ཤུགས་མི་ཆགས་པར་དཀའ་སྡུག་ལ་གདོང་གཏད་རྒྱུ་དང་། ནམ་ཞིག་དཀའ་སྡུག་གི་གཡང་ནས་ཐར་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད་དགོས་པ། སྐྱིད་པའི་དུས་སུའང་སྣང་བ་དགུང་ལ་མཐོ་དྲག་པ་མ་ཡིན་པར་བག་ཡོད་ཚུལ་མཐུན་དང་འགྲོགས་བདེ་གཤིབ་བདེའི་སྒོ་ནས་འཚོ་དགོས་པ་བསྟན་ཡོད། མདོར་ན། མི་ཚེ་ནི་བདེ་སྡུག་གཉིས་ལས་གྲུབ་ཅིང་བདེ་སྡུག་ནི་མི་རྟག་པ་ཡིན་པ་སོགས་ཀྱིས་མི་ཚེའི་ལྟ་བའི་སྲོག་ཤིང་བྱས་ཡོད། རིན་ཐང་ལྟ་བའི་སྐོར་ནས། གླིང་སྒྲུང་ལས། ཕོ་རབ་མི་ཚེ་ཆོས་ལ་སྐྱེལ། །ཆོས་སྙིང་པོའི་དོན་ལ་དཀའ་སྤྱད་བྱེད། །འབྲེལ་ཚད་འགྲོ་བ་ཆོས་ལ་བཀོད། །ཆོས་མཐའ་འོད་གསལ་མ་བུ་བསྲེ། །འཆི་བ་མ་རེད་གྲུབ་ལེ་རེད། །གྲུབ་པའི་ལག་རྗེས་བཞག་ལེ་རེད། །ཕོ་འབྲིང་མི་ཚེ་སྐྱིད་ལ་སྐྱེལ། །སྐྱིད་ཉི་མའི་འོད་ལ་སོ་ནམ་བྱེད། །ལྟོས་པའི་མི་རྣམས་བདེ་ལ་བཀོད། །སྐྱིད་མཐའ་ལྷ་མིའི་ལུས་རྟེན་ཐོབ། །འཆི་བ་མ་རེད་གྲུབ་ལེ་རེད། །གྲུབ་པའི་ལག་རྗེས་བཞག་ལེ་རེད། །ཕོ་ཐ་མའི་མི་ཚེ་སྡིག་ལ་སྐྱེལ། །སྡིག་པའི་ཟུར་ནས་ནམ་ཟླ་ཟད། །ཁ་གང་གཏམ་མི་རྣམས་སྡུག་ལ་སྦྱོར། །སྡུག་མཐའ་དམྱལ་བའི་གཏིང་རྡོ་སྒྲུབ། །འཆི་བ་མ་རེད་ལྟུང་བ་རེད། །དལ་འབྱོར་སྟོང་ལོག་བྱས་པ་རེད། །ཅེས་རབ་བྱུང་ན་མི་ཚེ་ཆོས་ལ་བརྩོན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་པ་དང་། དེ་ལྟར་མ་བྱུང་ན། ལུགས་གཉིས་དང་མ་འགལ་བའི་ཐོག་ནས་རང་གི་འཚོ་ཐབས་ལ་འབད་དེ་མི་ཚེ་སྤྲོ་སྣང་དང་བདེ་སྐྱིད་ཀྱི་ངང་ནས་སྐྱེལ་དགོས་པ་བསྟན་ཡོད། འདི་ནི་བོད་མི་ཕལ་གྱི་རིན་ཐང་ལྟ་བ་ཞིག་ཆགས་ཡོད། ཚེ་སྲོག་གི་ལྟ་བའི་ཐད་ནས། ཝ་རྔ་མ་ཤ་ལེར་བྲོས་པ་ལས། །སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ། །ཞེས་དང་། ཕོ་རབ་ཅི་ཤི་ཆོས་ལ་ཤི །ཕ་བླ་མས་དངུལ་དཀར་དྲིལ་བུ་དཀྲོལ། །མ་མཁའ་འགྲོས་འཇའ་གུར་ལམ་སྣ་སྟོན། །ཚེ་ཕྱི་མ་དག་པའི་ཞིང་ལ་འགྲོ། །ཤི་བ་མ་ཡིན་གྲུབ་ལེ་ཡིན། །འདི་སྐྱིད་ཕུགས་བདེ་གཉིས་ཀ་ཡིན། །ཕོ་འབྲིང་ཅི་ཤི་དགྲ་ལ་ཤི །མདའ་ཉག་ཕྲན་གཅིག་གིས་འཕོ་བ་འདེབས། །བྱ་རྒྱལ་རྒོད་པོས་ལམ་སྣ་སྟོན། །གཏམ་རྒྱུད་སྒང་པ་བོད་ལ་འཇོག །ཤི་ལེ་མ་རེད་གྲུབ་ལེ་རེད། །བུ་ཚ་བོ་དགྲ་ཤུལ་དར་ལས་འཇམ། །ཐ་ཤི་གྲམ་ཐང་སྐྱ་མོ་ན། །རྡོ་འཁྱག་པ་གཅིག་ལ་མགོ་སྔས་གཏད། །ས་གྲང་མོ་གཅིག་ལ་རྐང་གདན་བཅའ། །འཕོ་བ་ཁྭ་ཏ་ནག་པོས་རྒྱག །ལམ་སྣ་གྲོང་གསེབ་ཁྱི་ཡིས་སྟོན། །ཤི་ལེ་མ་རེད་བོར་ལེ་ཡིན། །མི་འཕྱ་ཁྱི་ཟུག་རྗེས་ནས་གླེང་། །ཞེས་ཚེ་སྲོག་གི་རིན་ཐང་མངོན་སྟངས་གཙོ་བོ་ནི་ལོ་བཅུ་གསུམ་སྐབས་སུ་དགྲ་ལག་ཏུ་ཤོར་བའི་སྣང་ངུ་གཡུ་སྟག་དང་། ཤན་པའི་མདུང་རྩེ་རུ་ལྕེབས་པའི་རྒྱ་ཚ་སོགས་དཔའ་བོ་གྲངས་མེད་ཅིག་གི་སྣང་བརྙན་ལས་རྟོགས་ཐུབ། དེ་ཡང་གླིང་གི་སྤྱི་ཇུས་དང་རང་གི་མཚན་སྙན། མགོ་རྣ་སོགས་ཀྱི་ཆེད་དུ་གཅེས་པར་འོས་པའི་ཚེ་སྲོག་འདོར་བ་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་པ་དང་། ཁྲོ་ཐུང་ལྟར་དུ་རང་གི་ཚེ་སྲོག་སྲུང་བའི་ཆེད་དུ་ཕྱི་ཁུང་ནང་འཛུལ་བ་ནི་ཧ་ཅང་ཐབས་སྡུག་པ་དང་ངོ་ཚ་ཞིག་ཡིན་པ་བསྟན་ཡོད། འདི་ནི་གླིང་སྒྲུང་ལས་མངོན་པའི་ཚེ་སྲོག་གི་རིན་ཐང་ལྟ་བ་ཡིན་ངེས་སོ། །
འབྲེལ་ཡོད་འོས་སྦྱོར།
