logo

བོད་ཀྱི་བརྡ་སྤྲོད་རིག་པའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:ལྕགས་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-27 ཀློག་གྲངས།:
       རྒྱལ་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་བོད་ཀྱི་ཡུལ་འདིར་བརྡ་སྤྲོད་ཀྱི་རྣམ་གཞག་ཡོད་མེད་ལ་ད་ལྟ་གླེང་སྒོ་མང་ཡང་། ཡོངས་སུ་གྲགས་པའི་ལོ་རྒྱུས་ལྟར་ན། སྲོང་བཙན་སྒམ་པོས་ཞི་དྲག་ཟུང་འབྲེལ་གྱིས་མཐའ་འབངས་ཐམས་ཅད་དབང་དུ་བསྡུས་ཤིང་རྒྱལ་ཁམས་རྒྱ་བསྐྱེད་དེ། བོད་བཙན་པོའི་སྲིད་དབང་གསར་དུ་ཚུགས་པའི་དུས་མཚུངས་སུ། ཞི་བློན་ཐོན་མི་སམྦྷོ་ཊས་རྒྱ་གར་སོགས་ཉེ་འཁོར་གྱི་རྒྱལ་ཁམས་དུ་མའི་ཡིག་གཟུགས་ལ་དཔེར་བལྟས། བོད་མིའི་སྐད་ཆའི་ཁྱད་ཆོས་དང་རྩ་བའི་བཀླག་གདངས་ལ་ཐུགས་གཞིགས་ལེགས་པར་མཛད་དེ། བོད་ཀྱི་ཡི་གེའི་བཟོ་ལུགས་དང་བརྡའི་རྣམ་གཞག་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་པ་ལ། རྒྱལ་རབས་གསལ་མེར། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་སྨད་སུམ་བཅུར་བསྒྱུར་བ། སྡེབ་སྦྱོར་བསྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་ཡོད་ཀྱིས་དེ་དག་ལ་གཟིགས་ཤིག་ཅེས་དང་། དཀར་དྲུང་པད་མ་རྡོ་རྗེས། དེ་ཡང་རང་ཅག་གངས་ཅན་ལྗོངས་འདིར་མཁས་པ་ལ་སྔ་བ་ལོ་ཙཱའི་ཐོག་མ་ཐུ་མི་སམྦྷོཊ་ཞེས་ཡུལ་གཉལ་དུ་འཁྲུངས་པ་དེས་བོད་ཡུལ་རང་སྐད་དང་འཚམས་པའི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ། ཀླུ་དབང་མགུལ་རྒྱན་སོགས་མཛད་དེ་ཆོས་བསྒྱུར་པིར་ཐོགས་ཡི་གེའི་སྲོལ་གཏོད་མཛད། ཅེས་གསུངས་པ་དང་། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོས། ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ནི་ཐོན་མིས་མཛད་སྲིད་ནའང་། རྒྱ་གར་གྱི་སྐད་ཀློག་ཚུལ་ཡིན་གྱི། བོད་སྐད་ལ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཚུལ་ལ་བརྟགས་ན་བསྟན་པ་ཕྱི་དར་གྱི་སྐབས་སུའང་ཐོན་མིའི་བརྩམས་ཆོས་དུ་མ་བཞུགས་ཡོད་པར་མངོན་ནོ། །ཐོན་མིའི་གསུང་གི་སུམ་ཅུ་བའི་དངོས་བསྟན་དུ་མིང་གཞིའི་སྒྲ་གཙོ་བོར་གྱུར་པའི་ཚིག་ཕྲད་ཀྱི་ཀྱིས་ཀྱང་གསུམ་མ་གཏོགས་མ་བསྟན་པ་ནི་གཞུང་དེའི་སྐབས་དོན་གཙོ་བོ་རྗེས་འཇུག་གི་རྣམ་གཞག་ཡིན་པ་བསྟན་པའི་ཕྱིར་རེད་ལ། དེ་ཡང་མིང་གཞི་ཀ་ཡིག་ལས་གྲུབ་པའི་ཕྲད་དག་བསྟན་པ་ནི་དམིགས་བསལ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་གནད་འབྱིན་པའི་ཕྱིར་ཡིན་པ། པྲ་སྟིའི་ལུགས་ཀྱི་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ཨི་ལྡན་གྱི་སྒྲའི་ཐོབ་ཐང་ལྟར་ཕྱེས་པ་དང་། སི་ཏུའི་ལུགས་ཀྱི་རྗེས་འཇུག་གི་རྟགས་ཀྱི་སྒྲུབ་བྱེད་རྒྱན་སྡུད་ཀྱི་སྒྲའི་སྦྱོར་ཚུལ་ལྟར་ཡིན་པས་ར་སྤྲོད་བྱུང་ཞིང་། པ་པོ་སོགས་བདག་པོ་སྟོན་བྱེད་ཀྱི་སྒྲ་རྣམས་མིང་དང་མིང་གི་ཚོགས་པ་སྒྲུབ་བྱེད་ཙམ་ལས་ཚིག་ཕྲད་དངོས་མིན་པས་དེ་དག་ཀྱང་འདིར་བསྟན་པ་མ་གཏོགས་བོད་སྐད་ཀྱི་གཤིས་ལ་གྲུབ་པའི་ཚིག་ཕྲད་ཐམས་ཅད་བསྟན་མེད་པ་ཀུན་གྱིས་མཐོང་བ་བཞིན་ནོ། །
       གཞན་དུ་ན། སུམ་ཅུ་བའི་གཞུང་འདིར་ཨི་ལྡན་མ་གཏོགས་པའི་ཚིག་ཕྲད་གཞན་དབང་ཅན་རྣམས་ཀྱི་སྒྲའི་སྦྱོར་ཚུལ་དང་། ར་ལ་སའི་མགོ་ཅན། ཡ་ར་ལ་ཝའི་འདོགས་ལྡན། ད་སའི་ཡང་འཇུག་གི་སྦྱོར་བ་སོགས་ཀྱི་རྣམ་གཞག་མང་བོ་ཞིག་བསྟན་མེད་པ་འདི་དག་བསྟན་བཅོས་གཞན་རྣམས་སུ་ཡོད་ངེས་པ་ལྟར་དེབ་ཐེར་དག་ཏུ་བཀོད་པའམ། རྣམ་གཞག་དེ་ལྟར་སྦྱར་པའི་བསྟན་བཅོས་རྣམས་ལས་ཕྱོགས་བསྡུས་བྱས་ཏེ་རྩ་ཚིག་གི་སྒོ་ནས་གཏན་ལ་ཕབ་པ་ནི་ཕྱིས་ཀྱི་མཁས་པ་དག་གི་བྱེད་པ་ཡིན་ནོ། །སུམ་ཅུ་བ་ནི་རྟགས་ཀྱི་འཇུག་པ་སོགས་བསྟན་བཅོས་ཕྱི་མ་རྣམས་ཀྱི་རྟེན་གཞི་དང་རྩ་བ་ཡིན་པར་སི་ཏུ་པཎ་ཆེན་སོགས་བཞེད་ཅིང་། ཚིག་ཕྲད་རྣམས་རང་གང་ལ་སྦྱར་གཞིའི་མིང་དེའི་མཐར་ཅིའི་ཕྱིར་སྦྱོར་བ་དང་། རྣམ་དབྱེ་བརྒྱད་སོགས་གཞུང་དེར་གསལ་བར་མི་སྣང་བའི་དོན་དུ་མ་ཞིག་རྟགས་འཇུག་ཏུ་གསལ་བར་བསྟན་ཡོད་པས། རྟགས་འཇུག་ནི་སུམ་ཅུ་བའི་ཡན་ལག་དང་རྒྱས་བཤད་ལྟ་བུའི་བསྟན་བཅོས་ཤིག་ཡིན་ངེས་སོ། །རྟགས་འཇུག་ཏུ། འདས་མ་འོངས་ད་ལྟ་བ་གསུམ་དང་བདག་གཞན་གྱི་ཐ་སྙད་ཙམ་ལས། དངོས་པོ་དང་། བྱེད་པ་པོ། བྱེད་པ། བྱེད་ལས། བྱ་ལས་སོགས་གང་ཡང་ཞིབ་ཏུ་བསྟན་མེད་དོ། །
       བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བྱོན་པའི་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བསྒྱུར་པའམ་མཛད་པའི«གནས་བརྒྱད་ཆེན་མོ་རྩ་འགྲེལ»ནི་ད་ཡོད་བོད་སྐད་ཀྱི་བརྡ་སྤྲོད་ལ་ཉེ་བར་མཁོ་བའི་བསྟན་བཅོས་ཆེས་སྔ་ཤོས་ཤིག་ཡིན་ཡང་ཐོན་མིའི་གསུང་གི་འགྲེལ་བ་ཞིག་མིན་ལོས་ཆེ། གཞུང་དེར་བྱཱ་ཀ་ར་ཎའི་སྐད་ཀྱི་གནས་བརྒྱད་དེ། བྱེད་པའི་གནས་དང་། བསྡུ་བའི་གནས་དང་། བསྒྱུར་པའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་བཅས་བརྒྱད་དུ་ཕྱེས་ཏེ་གསུངས་པ་དང་། རྣམ་དབྱེའི་བྱེད་པ་ཚིག་བརྒྱད་དང་དྲུག་དང་བཞིའི་ལུགས་ཕྱེས་པ་དང་། སྒོས་སུ་ཡི་གེ་འཇུག་པའི་གནས་བརྒྱད་བསྟན་པ་དེས་ཕྱི་འགྲེལ་རྣམས་ལ་ཤུགས་རྐྱེན་སྟེར་ཆེ་སྟེ། ཞ་ལུ་ལོ་ཆེན་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དབྱངས་ཅན་ངག་གི་དབང་ཕྱུག དམུ་དགེ་བསམ་གཏན་སོགས་ཀྱིས་རང་རང་གི་བརྩམས་ཆོས་སུ་དྲངས་ཏེ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་ངོམ་འདུག་གོ །
       བསྟན་པ་ཕྱི་དར་གྱི་དུས་མགོར་བྱུང་བའི«སྨྲ་སྒོ་མཚོན་ཆ»ནི་སློབ་དཔོན་སྨྲྀ་ཏིས་མཛད་མིན་ལ་མཁས་པ་རྣམས་བཞེད་པ་མི་འདྲ་ཡང་། བསྟན་བཅོས་དེ་ནི་ཕྱི་དར་བརྡ་སྤྲོད་ཀྱི་གཞུང་སྔ་ཤོས་སུ་མ་ཟད། མཁན་པོ་ཐོན་མིའི་དགོངས་པ་དང་ཡང་མཐུན་ཤོས་ཆེ་བས་འགྲེལ་བྱེད་རྣམས་ཀྱིས་གཙོ་བོར་དྲངས་པ་ཡིན་ཞེས་མཁས་དབང་ཟུར་མཁར་པས་གསུངས་སོ། །དེ་ཉིད་དུ། དྲང་བོ་བསྒྲེང་དང་བཀུག་པ་དང་། བསྟོད་པ་དང་ནི་སྨད་པ་དང་། བསྒྲིམས་དང་གློད་པའི་ང་རོ་དབྱུང་། ༦ཞེས་འབྱུང་བ་སོགས་བོད་སྐད་ཀྱི་སྒྲའི་སྦྱོར་ལུགས་དང་མི་མཐུན་པའི་འཆད་སྲོལ་རེ་གཉིས་ཡོད་པ་ནི། ཆོས་རྗེ་ས་སྐྱ་པཎྚིས། རྒྱ་གར་གྱི་སྐད་ལ་བོད་ཀྱིས་བསླབ་པར་སླ་བའི་དོན་དུ་བོད་ཀྱི་ཡི་གེས་བསྟན་པར་བྱའོ། །ཞེས་བསྟན་པ་ལྟར་རམ་བོད་ཡིག་ལ་ངེས་ཤེས་ཟབ་མོ་འདྲོང་ཕྱིར་དེ་ལྟར་བསྟན་པ་གང་རུང་ལས་མི་འདའ་བས། ཅི་སྟེ་རྩ་འགྲེལ་དེ་གཉིས་མེད་ན་སུམ་ཅུ་བའི་ཚིག་དོན་མང་བོ་ཞིག་བཀྲོལ་ཐབས་མེད་པར་མ་ཟད། སུམ་ཅུ་བའི་ལུང་གིས་མ་ཟིན་པའི་ཕྲད་དུ་མའི་འཇུག་དོན་ངེས་པ་ལ་ཚེགས་ཆེན་པོ་བསྟེན་དགོས་ཕྱིར། པྲ་སྟི་དང་སི་ཏུ་སོགས་མཁས་པ་ཕལ་མོ་ཆེས་གཅེས་པར་འཛིན་པ་དང་། ས་པཎ་གྱིས། སྨྲ་མཆོག་སྨྲ་བའི་རྗེས་འབྲངས་སྨྲ་བའི་སྒོ། ༨ཞེས་བསྔགས་ཀྱང་། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས་སྔ་རྒོལ་དུ་བསླངས་ཏེ་མཐའ་གཅིག་ཏུ་དགག་འདུག་གོ། དེ་རྗེས་ཀྱི་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོའི(༡༡༤༢ནས༡༡༨༢)«ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག»དང་དེའི་འགྲེལ་བ་ཆོས་རྗེས་པཎ་གྱིས་མཛད་པ་དག་ནི། ཐོན་མིའི་གསུང་གི བསླབ་ལ་བརྩོན་པའི་གང་ཟག་གིས། དང་པོ་ང་རོ་རྣམས་ལ་སྦྱང། ཞེས་པའི་ཚིག་དོན་འགྲོལ་བའི་མན་ངག་ཏུ་འཁུམས་ཤིང་། དུས་སྐབས་དེ་ཉིད་ཀྱི་དབུས་དང་གཙང་གི་ཡུལ་གྲུ་འགའ་ཞིག་གིས་མཚོན་པའི་ས་ཆ་དག་ཏུ་ཡི་གེའི་བཀླག་ཚུལ་ཉམས་ཀྱིན་ཡོད་པ་དཔེར་དྲངས་ཏེ་ཡོ་བསྲང་བྱེད་ཐབས་དང་བཅས་པ་ཞིབ་ཏུ་བསྟན་པས་བཀའ་དྲིན་རི་བས་ལྕིའོ། གཞན་ཡང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི«ཚོགས་གསུམ་གསལ་བ»ཞེས་པའི་བརྗོད་བྱ་གཙོ་བོ་ལེགས་སྦྱར་གྱི་སྒྲ་རིག་པའི་རྣམ་གཞག་ཡིན་ཡང་། བསྟན་བཅོས་དེ་རུ་ཚིག་གི་མཚན་ཉིད་འགོད་ལུགས་རེ་ཞིག་མངོན་པའི་ལུགས་དང་བསྟུན་ན་ཡང་མཚན་གཞིར་ཚིག་རྣལ་མ་བཀོད་ཡོད་པ་དེས་རིགས་པའི་སྒོ་གསར་བ་ཞིག་ཕྱེ་ཡོད་པ་རེད། ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས(༡༡༨༢ནས༡༢༥༡)ཐོན་མིའི་གསུང་གི་སུམ་རྟགས་རྩ་གཞུང་གཉིས་ལྷན་དུ་བསྡེབས་ཏེ། ཡི་གེ་མིང་ཚིག་དགོས་འབྲེལ་དང་། །འཇུག་ཚུལ་བསྟེན་ཚུལ་བསྟན་བྱ་བདུན། ། ཞེས་པའི་གོ་རིམ་དུ་བརྒྱུས་ཏེ«ཡི་གེའི་སྦྱོར་བ»ཞེས་པ་མཛད་པས་གཞུང་དེ་གཉིས་ཀྱི་འབྲེལ་བ་ལ་ངེས་ཤེས་བསྐྱེད་ཀྱང་། དེའི་དོན་ཞིབ་པར་བཀྲལ་བའི་འགྲེལ་བ་མི་སྣང་བས་འཕྲིན་ལས་ཆེན་པོ་མ་རྒྱས། དེའི་རྗེས་སུ་ལོ་ཆེན་ནམ་མཁའ་བཟང་བོས་འགྲེལ་བ་བསྟན་པའི་སྒྲོན་མེད་དང་། སྣར་ཐང་ལོ་ཙཱ་བ་སངྒཱ་ཤྲཱིས་མཆན་ཊིཀ་སོགས་མཛད་པ་ལ་བརྟེན་ནས། ཞ་ལུ་ལོ་ཆེན་གྱིས་སུམ་རྟགས་འགྲེལ་བ་ཞིག་མཛད་བྱུང་བ་དེ་ལ། སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་གི་ཚིག་རྣམས་མེད་ལ། ལ་དོན་གྱི་ཕྲད་ལ་དངོས་ཤུགས་བསྟན་གྱི་ཕྲད་དྲུག་ལས་ར་ཡིག་བྱེ་བྲག་ཏུ་མི་འདོད་དེ། རུ་ཡིག་ར་བསྡུས་སུ་འདོད་ཅིང་ཕྲད་དེ་རྣམས་ལ་དོན་གྱི་ཁྱད་པར་ཡོད་པར་བཞེད་པ་དང་། རྟགས་འཇུག་ཏུ། ལོ་ཆེན་ནམ་བཟང་གི་ལུགས་ལྟར་ཨ་ཡིག་རྟགས་མེད་དུ་བྱེད་པ་དང་། མིང་གཞི་གསལ་བྱེད་སུམ་ཅུར་རྟགས་གསུམ་དུ་དབྱེ་ཚུལ་དངོས་སུ་བསྟན་ཅིང་། ཕྱིས་འགྲེལ་རྣམས་ལ་ཤུགས་རྐྱེན་ཆེ། དེའི་བསྡུས་དོན་ལྟ་བུར་ལྕང་སྐྱ་རོལ་བའི་རྡོ་རྗེས«སུམ་རྟགས་འགྲེལ་བ་བློ་ལྡན་དགའ་སྐྱེད»ཅེས་པ་མཛད། ཞ་ལུའི་འགྲེལ་བར། ཀླུ་མེས་དབང་ཕྱུག་གྲགས། སུམ་པ་ལོ་ཙཱ་བ། སག་སྟོན་སོགས་ཀྱི་འགྲེལ་བ་དག་ཀྱང་ཡོད་པར་གསུངས། དེའི་རྗེས་སུ། དགེ་ཡེ་ཚུལ་ཁྲིམས་སེང་གེའི«འགྲེལ་བ་ཉི་མའི་འོད་ཟེར» རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱི«འགྲེལ་བ་བློ་གསལ་མགུལ་རྒྱན» པཎ་ཆེན་གསེར་མདོག་ཅན་པའི་འགྲེལ་བ། ཞ་ལུ་བ་ཆོས་ལེགས་ཀྱི«མཁས་པའི་ཡིད་འཕྲོག» ཡར་འབྲོག་རིན་ཆེན་ཏོག་གི«སུམ་རྟགས་འགྲེལ་བ་རིན་པོ་ཆེའི་ཟ་མ་ཏོག» དཔའ་བོ་གཙུག་ལག་ཕྲེང་བའི«འགྲེལ་བ་གསལ་བྱེད་སྒྲོན་མེ» འོལ་ཕྲུག་པ་ཀརྨ་རབ་རྒྱས་ཀྱི«མཁས་པའི་རྒྱན» ཟུར་མཁར་བ་བློ་གྲོས་རྒྱལ་བོའི«མཁས་པའི་དགའ་སྟོན» སྨན་ལུང་པ་བློ་མཆོག་རྡོ་རྗེའི«ཟུང་འཇུག་ཡིད་ཀྱི་ཤིང་རྟ» གཏིང་སྐྱེས་བློ་བཟང་ཆོས་གྲགས་ཀྱི«གསལ་བའི་སྒྲོན་མེ» པཎ་ཆེན་བྱམས་པ་གླིང་བའི«ཞིབ་མོ་རྣམ་འཐག» གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་འགྲེལ་བ། སྟག་ལུང་ཆོས་རྗེའི་འགྲེལ་བ། ཁ་རག་སྤྲུལ་སྐུའི་འགྲེལ་བ། རབ་འབྱམས་པ་རྣམ་གྲོལ་གྱི་འགྲེལ་བ་དྲུང་ཡིག་འཇམ་དབྱངས་ཀྱི་དྲི་བ་དྲིས་ལན་སོགས་མཁས་པ་མང་བོས་སུམ་རྟགས་རྩ་གཞུང་གཉིས་ལ་འགྲེལ་བ་མང་དུ་མཛད་པའི་འཕྲིན་ལས་ཀྱིས་གཞུང་དེ་གཉིས་ཀྱི་འཆད་ཉན་ཤིན་ཏུ་རྒྱས། བསྟན་བཅོས་དེ་དག་སོ་སོའི་དགོངས་པའི་ཁྱེར་སོ་ཇི་ཡོད་དགག་སྒྲུབ་མེད་པ་དཔྱད་གཞིར་མཛད་དེ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(༡༦༨༣)ལོར་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་དེ་ནས་ཅུང་མ་འགོར་བའི་རབ་བྱུང་བཅུ་གཉིས་པའི་མགོར་སེ་རའི་དགེ་བཤེས་པྲ་སྟི་རིན་ཆེན་དོན་གྲུབ་ཀྱིས«སུམ་ཅུ་བའི་འགྲེལ་བ་ཀུན་བཟང་དགོངས་རྒྱན»དང«རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ»གཉིས་མཛད་ཅིང་། རྣམ་གླིང་པཎ་ཆེན་སྔ་རྒོལ་གྱི་གཙོར་བསླངས་ཏེ་སྔ་འགྲེལ་རྣམས་ལ་དགག་སྒྲུབ་ཀྱིས་དག་ཐེར་མཐིལ་ཕྱིན་མཛད། དེའི་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་བྱི(༡༧༤༤)ལོར་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས«སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས»མཛད་པ་ལ། རྩ་བའི་ཚིག་དོན་འགྲོལ་ཚུལ་དང་། ཤུགས་བསྟན་ཚིག་ཕྲད་དག་གི་བསྟན་ལུགས། ཚིག་ཕྲད་སོ་སོའི་དོན་གྱི་འཇུག་ཡུལ། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ། བྱ་བྱེད་ལས་གསུམ་གྱི་རབ་དབྱེ་སོགས་འགྲེལ་བ་སྔ་མ་རྣམས་ལས་མ་ཐོན་པའི་ལེགས་བཤད་ཀྱི་གཏེར་བརྡོལ་པས། ཐོན་མི་གཉིས་པ་ཞེས་བསྔགས་ཤིང་འཆད་ཉན་ཤིན་ཏུ་རྒྱས་ཤིང་། སུམ་རྟགས་གཉིས་ནི་བོད་གཞུང་ཀུན་ལས་འགྲེལ་བ་ཆེས་མང་བའི་བསྟན་བཅོས་དག་ཏུ་གྱུར་ཏེ། པྲ་སྟི་དང་སི་ཏུའི་ལུགས་ཞེས་གྲགས་པ་རབ་ཏུ་རྒྱས་སོ། །  དེའི་རྗེས་ཀྱི་རབ་བྱུང་བཅུ་བཞི་བའི་ལྕགས་རྟ་ལོར(༡༨༡༠)རྡོ་རིང་པཎྚི་ཏས་ཞ་ལུ་ལོ་ཆེན་གྱི་ལུགས་བསྐྱངས་ཏེ«འགྲེལ་བ་ཨུཏྤལའི་རྣ་རྒྱན»མཛད། རབ་བྱུང་དེའི་མེ་སྟག་ལོར(༡༨༦༦)ལོར་དངུལ་ཆུ་ངྷྭརྨ་བྷ་དྲས«འགྲེལ་བ་སི་ཏུའི་ཞལ་ལུང»དང་། རབ་བྱུང་བཅོ་ལྔ་བའི་ནང་ཁོང་གི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས«ལེགས་བཤད་ལྗོན་དབང»དང«རྟགས་འཇུག་དཀའ་གནད་གསལ་སྒྲོན»ཞེས་པའི་རྩ་ཚིག་ཁྱེར་བདེ་ཞིག་མཛད་པའི་འགྲེལ་བ་ལ། རབ་བྱུང་བཅུ་དྲུག་པའི་ས་རྟ(༡༩༧༨)ལོར་རྡོ་རྗེ་རྒྱལ་བོས«སུམ་རྟགས་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ»ཞེས་པ་མཛད། «སི་ཏུའི་ཞལ་ལུང»དུ། པུ་ལིངྒ་ཞེས་པ་ནི་པ་སྡེ་ནས་འབྱུང་བའི་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་སོགས་སུ་བཀྲལ་པ་དང་། མིང་གཞི་མ་ནིང་ཡང་འཇུག་ཡོད་པ་འགྱུར་བ་མ་ནིང་དང་། མིང་གཞི་མ་ནིང་ཡང་འཇུག་མེད་པ་ཁོ་ན་མཚན་མེད་མ་ནིང་དུ་བཞག་པ་བཅས་ནི་སི་ཏུའི་ལུགས་ལ་གསེར་གྱི་རྣ་ཆ་ཟུང་ཕུལ་པ་དང་གཉིས་སུ་མེད་པའི་ལེགས་བཤད་དུ་འགྲངས། རབ་བྱུང་བཅོ་ལྔ་བའི་ལྕགས་ཡོས(༡༨༩༡)ལོར་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་སྔ་འགྲེལ་ཀུན་ལས་རྒྱས་ཤིང་མཇུག་ཏུ་བྱ་ཚིག་དང་ཉེར་མཁོའི་བརྡ་སྤྲོད་ཀྱི་དོན་མང་པོ་རེའུ་མིག་ཏུ་བསྩལ་བའི«སུམ་རྟགས་འགྲེལ་བ་ངོ་མཚར་འཕྲུལ་གྱི་ལྡེ་མིག»ཅེས་པ་མཛད། རབ་ཚེས་མེ་སྟག་ལོར(༡༩༠༢)མེ་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས«སུམ་ཅུ་བའི་འགྲེལ་བ་ལེགས་བཤད་རིན་ཆེན་རྒྱུད་མངས»མཛད་དེ། སི་ཏུའི་སུམ་ཅུ་བའི་སྒྲ་བཤད་ལས་བྱུང་བའི་ཚིག་སྐྱོན་ཟློག་ཕྱིར། རྗེས་འཇུག་གི་སྐབས། གསུམ་པ་བཅུ་བ་ཡང་འཇུག་སྟེ། ཞེས་དང་། གསེར་ཏོག་གིས་ལ་དོན་གྱི་ཐད། དེ་བཞིན་མིང་གཞིའི་བདུན་པའང་གནས། ཞེས་པའི་ཚིག་དག་བླ་ཐབས་ཀྱིས་བསྣན་པ་དང་། «སུམ་འགྲེལ་ལེགས་བཤད་རྒྱུད་མངས»སུ། དེ་སྒྲའི་སྐབས། འགྲེལ་ཚུལ་གཞན་དང་མི་མཐུན་པ་བྱུང་བ་དོན་ལ་འབྲེལ་མིན་བརྟག་གོ ། གཞན་ཡང་། ཅོ་ནེ་གྲགས་པ་བཤད་སྒྲུབ་དང་། ཀརྨ་སྨོན་ལམ་འོད་ཟེར། ཨ་ལ་ཤ་ངག་དབང་བསྟན་དར། གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེ་སོགས་ཀྱི་འགྲེལ་བའང་ཡོད་དོ། ཡུལ་སྐད་ཇི་ལྟར་འགྱུར་ཡང་ཡིག་ཐོག་ཏུ་སྒྲའི་སྦྱོར་ལུགས་ལྟར་འབྲི་བ་ནི་སྦྱོར་ཀློག་ཡི་གེ་ཀུན་གྱི་སྤྱི་སྲོལ་ཞིག་ཏུ་གྲུབ་ཡོད་ཀྱང་། བརྡ་སྤྲོད་ཀྱི་བསྟན་བཅོས་ལྟར་སྣང་བ་འགའ་ཤས་སུ་ཡུལ་ག་གེ་མོ་ཞིག་གི་སྐད་ཆ་གཞིར་བྱས་པའི་ཕྱོགས་ཁྱེར་དང་འགྲེལ་ཉེས་ཀྱིས་བཤད་པ་གོ་ལོག་ཏུ་སོང་བའང་སྲིད་ཕྱིར། གཟིགས་རྒྱ་ཡངས་པའི་མཁས་པ་རེ་འགས་བར་སྐབས་ཀྱི་བཤད་ཡམ་རྒྱུགས་མ་བྱས་པར་ལུང་རིགས་དག་པས་གཞན་གཞུང་དག་ལ་དཔྱད་པ་གནད་དུ་འཁེལ་བ་གནང་བའི་ཁར། སྐད་ཆའི་ཆོས་ཉིད་དངོས་ལ་རྐང་བཙུགས་ཏེ་རང་ལུགས་གསར་ཏུ་བཏོན་པ་ལ་སྲོལ་རྒྱུན་གྱི་ལྟ་བ་རྙིང་བས་དཔྱད་ན་བཟོད་པར་མི་རུང་བའང་མཆིས་སྲིད་ཀྱང་། ལྟ་བ་གསར་བ་ཞིག་ཆགས་ཕྱིན་ཆེད་མཁས་པ་རྣམས་ཀྱིས་ཡང་ཡང་དཔྱད་ཅིང་ལག་ལེན་གྱི་རིན་ཐང་སྲང་ལ་གཞལ་པ་ཡིན། དེའི་ཕྱོགས་ནས་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་མིག་དཔེ་གསར་བ་བཏོད་ཡོད། ཁོང་གི་གསུང་དུ་ད་དྲག་བསྡུས་པའི་རིགས་འགྲོས་ཀྱི་ཡང་འཇུག་ས་ཡིག་ཀྱང་མི་དགོས་པར་བཤད་པ་ལ། ཡིག་ངོ་རྐྱང་བ་ནས་བལྟས་ན་ཡི་གེའི་སྒྲའི་ཐོབ་ཐང་དང་། སྒྲ་འདྲ་བའི་དོན་གྱི་ཁྱད་པར་འབྱེད་པ་སོགས་ལ་སྐྱོན་ཆེན་པོ་འབབ་ཕྱིར་འཇུ་མི་ཕམ་སོགས་ཀྱིས་དགག་པ་དོན་ལ་གནས་ཀྱང་། ཡི་གེའི་གཟུགས་ལ་མ་བལྟས་པར་གདངས་ཁོ་ནའི་ངོས་ནས་དཔྱད་ན། ཚེག་བར་གཅིག་ཏུ་ཚོགས་པའི་སྒྲ་རིལ་བོ་ཇི་ལྟར་འབྱིན་པ་ནི་རྗེས་འཇུག་ལས་ཡང་འཇུག་ལ་བརྟེན་མི་དགོས་པ་དང་། ད་ཆ་སྐད་ཆའི་གདངས་འགྱུར་ཏེ་ཡང་འཇུག་ཡོད་མེད་གསལ་བར་མི་ཤེས་སྟབས། ཚོགས་ཤུལ་བླ་མས་ཁ་སྐད་ལ་དམིགས་པ་ཡིན་ན་དཔྱད་གཞིའི་རིན་ཐང་ཆེའོ། དེ་ལས་གཞན་དུ་ཁོང་གིས་རྟགས་འཇུག་རྩ་བའི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་སོགས་ཀྱི་ཚིག་རྐང་བཞིའི་དངོས་ཤུགས་ཀྱི་དོན་ལ་གཞིགས་ཏེ། དུས་གསུམ་གྱི་བྱ་བའི་མིང་ལ་སྔོན་འཇུག་སྦྱོར་ཚུལ་གྱི་སྒོ་ནས། སྤྱི་བྱེ་ཐོར་བུ་གསུམ་གྱི་རྣམ་གཞག་བྱས་པ་ནི་དུས་གསུམ་གྱི་བྱ་ཚིག་འདུམ་བདེ་བ་ལ་སྨན་པའི་ལེགས་བཤད་རྨད་དུ་བྱུང་བའོ། རབ་བྱུང་བཅུ་དྲུག་པའི་ས་རྟ(༡༩༧༨)ལོར་བསྟན་པ་རྒྱ་མཚོའི«ལ་དོན་གྱི་གནད་དོན་ཁ་ཤས»ཞེས་པ་ལྕགས་པར་དུ་བསྐྲུན་པར་བརྟེན། བརྡ་སྤྲོད་རིག་པའི་ལག་ལེན་ལ་ཕྲ་ཞིབ་ནན་ཏན་བྱེད་པའི་སྒོ་འཕར་ཡངས་པར་ཕྱེ། དེའི་རྗེས་རབ་བྱུང་དེའི་ས་ལུག་ལོར(༡༩༧༩)ལོར་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས«རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ»ཞེས་པ་མཛད་དེ། ལས་ཚིག་དབྱེ་བ་དགུ་ལྡན་དང་། བདུན་ལྡན། ལྔ་བདུན་སོགས་ཀྱི་དབྱེ་སྒོ་གསར་བ་བཏོད། ལོ་དེ་དང་དེའི་ཕྱི་ལོར་དམུ་དགེ་བསམ་གཏན་རྒྱ་མཚོའི«བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས»དང«བརྡ་སྤྲོད་བློ་གསལ་དགའ་སྟོན»གཉིས་སྔ་ཕྱིར་པར་དུ་བསྐྲུན་ཏེ། མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་དང་། རྣམ་དབྱེ་དང་ཚིག་ཕྲད་སོ་སོའི་གནད་ཕྲ་ཞིང་ཕྲ་བ་ཞིབ་རྒྱས་སུ་བསྩལ་པས་བློ་ལྡན་མང་པོའི་ཤེས་རིག་གི་ཀུན་ད་རབ་ཏུ་རྒོད་པའི་དུས་མཚུངས་སུ། ཚེ་ཏན་ཞབས་དྲུང་གིས«སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང»ཞེས་པ་མཛད་དེ་སི་ཏུའི་མུ་ཏིག་ཕྲེང་མཛེས་ཀྱིས་གཙོས་པའི་སྔ་འགྲེལ་རྣམས་ཀྱི་སྐྱོན་མཚང་མཛུབ་མོ་ཀེར་བཙུགས་ཀྱིས་དགག་སྒྲུབ་གནད་ཐིངས་པ་མཛད་ཅིང་སློབ་མ་མང་དུ་བསྐྱངས་པས་བཀའ་དྲིན་མཚོ་བས་ཟབ། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ(༡༩༨༡)ལོར་སྐལ་བཟང་འགྱུར་མེད་ཀྱི«བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང»ལྕགས་པར་དུ་བསྐྲུན། དེའི་འཕྲོར་རབ་རྒྱན་མེ་ཡོས(༡༩༨༧)ལོར་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱི«བརྡ་སྤྲོད་གསལ་བྱེད་ངག་སྒྲོན»པར་དུ་བསྐྲུན། གཞུང་དེར། མིང་གི་སྐོར་ནས་བརྩམས་ཏེ་རྣམ་དབྱེ་དང་ཚིག་ཕྲད་སོ་སོར་ནང་གསེས་ཞིབ་ཏུ་ཕྱེས་པ་དང་། སྒོས་སུ་ཚིག་ཕྲད་ཞིང་སོགས་ལ་བརྡ་ཆད་གསར་དུ་བཏགས་པའི་ཐོག་ལས་ཚིག་ལ་བྱེད་པ་དང་འབྲེལ་བའི་བྱ་བ་དང་། ལས་དང་འབྲེལ་བའི་བྱ་བ། རང་གི་ངང་གིས་འབྱུང་བའི་བྱ་བ་རིགས་གསུམ་བསྟན་པ་བཅས་གསར་བཏོད་ཀྱི་ཁྱད་ཆོས་མངོན་པར་མཐོའོ། །དུས་དེ་མཚུངས་སུ་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས«བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས»ཞེས་པ་མཛད་ཅིང་པར་དུ་བསྐྲུན། བསྟན་བཅོས་དེར། རྣམ་དབྱེའི་བསྡུ་དང་ཚིག་ཕྲད་ཀྱི་རྣམ་གཞག བྱ་ཚིག་གི་རྣམ་གཞག་སོགས་ལེགས་པར་བསྟན་པའི་ཞར་ཞོར་ལ། བརྗོད་འདོད་ཀྱི་རླུང་ཤུགས་དང་ཚིག་གྲོགས་ཀྱི་དབང་གིས་མིང་དོན་འགྱུར་ཚུལ་དང་། ཚིག་དང་མིང་གི་དབྱེ་མཚམས། བྱ་ཚིག་གི་སྤྱིར་བཏང་དོན་ཐོབ་དང་དམིགས་བསལ་ལག་ལེན། མ་འོངས་བརྡ་སྤྲོད་ཞིབ་འཇུག་གི་ཁ་ཕྱོགས་བཅས་ཀྱང་རྒྱས་བསྡུས་འཚམས་པར་བསྟན་ཡོད་པས། བསྟན་བཅོས་དེ་ནི་དུས་སྐབས་འདིའི་ནང་བྱུང་བའི་བརྡ་སྤྲོད་རིག་པའི་བསྟན་བཅོས་ཀུན་གྱི་ཏོག་ཏུ་བཟུང་ཆོག་གོ །
འབྲེལ་ཡོད་འོས་སྦྱོར།