ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པ་ཁྲེང་ཏུར་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2026-04-21
ཀློག་གྲངས།:
ཟླ4པའི་ཚེས18ཉིན“ཐག་རིང་གི་ཁྱིམ་གཞིས། ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པ”སི་ཁྲོན་ཁྲེང་ཏུར་སྤེལ།

“ཐག་རིང་གི་ཁྱིམ་གཞིས། ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པའི”སྐུ་མགྲོན་གྱི་མཉམ་པར།
ཐེངས་འདིའི་བྱེད་སྒོ་ནི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་དུས་བཟང་དང་འཁེལ་བས། ལས་རིགས་ཁག་གི་སྐུ་མགྲོན་མཉམ་འཛོམས་བྱས་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ཞིབ་འཇུག་བྱས་པའི་ལོ་ངོ་བཅུའི་ལོ་རྒྱུས་ལ་ཐུན་མོང་ཕྱིར་དྲན་བྱས་ཏེ་གངས་ལྗོངས་ཀྱི་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་བྱས།

“ཐག་རིང་གི་ཁྱིམ་གཞིས། ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པའི”བྱེད་སྒོ་ཡུལ་དངོས།
བྱེད་སྒོ་ཡུལ་དངོས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་གི་མཁས་དབང་དང་། རིག་རྩལ་ལས་དོན་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་བཅས་དང་ལས་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ནས། རིག་གནས་བགྲོ་གླེང་དང་། སྙན་ཚིག་ཀློག་པ། མི་རིགས་རིག་རྩལ་འགྲེམས་སྟོན། ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པར་ཞུགས་ཏེ། རྒྱ་གར་གྱིས་ཚངས་དབྱངས་རྒྱ་མཚོ་བརྟེན་ནས་རིག་གནས་ལ་བསླད་སྐྱོན་གཏོང་བའི་བྱ་སྤྱོད་ངན་པར་ཐུན་མོང་གིས་རྒོལ་གཏམ་བཏང་བ་དང་། ཚངས་དབྱངས་རྒྱ་མཚོའི་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་ཀྱིས་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ་རེད།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་མཚན་སྙན་ཚོགས་གཙོ་པ་སངས་ནོར་བུས་གཏམ་བཤད་སྤེལ་བཞིན་པ།
བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་འདི་ཉིད2016ལོར་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ“གཞི་སྒྱུར་རྩ་སྒྱུར་དང་། རིག་གཞུང་ཞིབ་འཇུག རིག་གནས་རྒྱུན་འཛིན། མཉམ་འདྲེས་ལ་སྐུལ་འདེད”བཅས་ལས་འགན་དུ་བྱས་ནས། མི་རིགས་ཁག་གི་ཆེད་མཁས་པ་དང་མཁས་དབང་གཅིག་སྡུད་ཀྱིས་ཚངས་དབྱངས་རྒྱ་མཚོའི་ཁུངས་སྐྱེལ་ར་སྤྲོད་དང་། སྙན་ངག་དག་འགྲེལ། རིག་གནས་ཀྱི་ནང་དོན་སྔོག་འདོན་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡང་འཛོམས་ཀྱིས་གཏམ་བཤད་སྤེལ་བཞིན་པ།
ལོ་མང་རིང་། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས«ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དག་འགྲེལ»དང«ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རག་བསྡུས» «ཨོ་རྒྱན་གླིང་གི་དཀར་ཆག» «རྒྱལ་ཁབ་ཕྱི་ནང་གི་ཚངས་དབྱངས་རྒྱ་མཚོའི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག» «ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྒྱལ་སྤྱི་ཅན་གྱི་གསལ་འགྲེལ་དང་རྒྱལ་ཁབ་རིག་གནས་ཀྱི་གཟུགས་བརྙན་འཛུགས་གཏོད» «བོད་ལྗོངས་ལྷོ་གནས་དང་འབྲེལ་བའི་གླེང་མོལ་ཐོར་བུ» «ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྡུས»སོགས་དབང་གྲགས་ལྡན་པའི་རིག་གཞུང་བརྩམས་ཆོས་མང་པོ་ལེགས་སྒྲིག་དང་། ལོ་ཙཱ། རྩོམ་སྒྲིག དཔེ་སྐྲུན་བཅས་བྱས་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་གི་ཀྲུང་གོའི་ལྟེ་གནས་བསྐྲུན་ཡོད།

བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཞིབ་འཇུག་གྲུབ་འབྲས།
ཐེངས་འདིའི་རིག་གནས་དུས་ཆེན་ནི་མཐུན་ཚོགས་ཀྱིས་ལོ་ངོ་བཅུའི་རིང་འབད་བརྩོན་བྱས་པའི་ཕྱིར་དྲན་ཞིག་ཡིན་ཞིང་། རྒྱང་ལམ་གསར་པའི་འགོ་འཛུགས་ས་ཞིག་ཀྱང་ཡིན་ཞིང་། སླད་ཕྱིན་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་མུ་མཐུད་རིག་གཞུང་ཞིབ་འཇུག་གཏིང་ཟབ་དང་བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་བྱས་ནས། དུས་རབས་གསར་པར་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་གཟི་བརྗིད་གསར་པ་འཕྲོ་བ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
