logo

གསར་འགྱུར་གྱི་སྐད་ཆ་མང་ཚོགས་ལ་ཉེ་བར་བསྙེན་དགོས་ཞེས་པའི་ངོས་འཛིན།

རྩོམ་པ་པོ།:པད་མ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-18 ཀློག་གྲངས།:
གསར་འགྱུར་གྱི་སྐད་ཆ་མང་ཚོགས་ལ་ཉེ་བར་བསྙེན་དགོས་ཞེས་པར་ངས་འདི་ལྟར་ངོས་འཛིན་གྱིན་ཡོད།
པད་མ་ཚེ་རིང་།

       གསར་འགྱུར་གྱི་ཞབས་འདེགས་ཞུ་ཡུལ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཡིན་པས། དེའི་སྐད་ཆའང་ཁ་གསལ་ཞིང་གོ་བདེ་བ། དྲང་བདེན་ཅན་ཞིག་ཅིས་ཀྱང་ཡིན་དགོས། འོ་ན་གསར་འགྱུར་གྱི་སྐད་ཆ་དེ་མང་ཚོགས་ལ་ཉེ་བར་བསྙེན་ཏེ་ཁོ་ཚོའི་བློ་ལ་འབབ་ཅིང་སེམས་འགུག་ཐུབ་པ་ཞིག་ཏུ་ཇི་ལྟར་གཏང་དགོས་ཤེ་ན། ངས་བལྟས་ན་གཙོ་བོར་གཤམ་གྱི་དོན་ཚན་གསུམ་ནས་མཉམ་འཇོག་དགོས་པར་འདོད་དོ། །
དང་པོ། མང་ཚོགས་ཀྱི་ངག་ན་རྒྱུགས་ཆེ་བ་དེ་ལེན་དགོས། 
       ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཐོན་མིའི་ཞལ་ལུང་དུ། “མང་ཚོགས་ཀྱི་ཁ་ན་སྔར་ཡོད་ཀྱི་དངོས་རྫས་དང་། གསར་ཐོན་གྱི་དངོས་རྫས་ལ་མིང་ཚིག་བརྗོད་བདེ་ཞིང་མིང་དོན་མཐུན་པ་མང་པོ་ཡོད་པ་དེ་དག་ལ་རྩད་གཅོད་དང་བེད་སྤྱོད་བྱས་ན་བཟང”ཞེས་གསུངས་པ་དང་། ལོ་ཙཱ་བ་ཆེན་མོ་མགོ་ལོག་རྣམ་རྒྱལ་ལགས་ཀྱིས་རྒྱའི་གསུང་རབ་བོད་ཡིག་ཏུ་བསྒྱུར་བའི་ཉམས་མྱོང་གླེང་སྐབས། “མང་ཚོགས་ནི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་ཆ་ནས་སྐབས་སྐབས་སུ་བློ་ཡུལ་ལས་འདས་པ་དང་མཁས་པ་ཚོའི་ཡིད་ལ་འཆར་མི་ཐུབ་པ་དེ་འདྲ་བཏགས་འདུག”ཅེས་གསུངས་པ་དང་། ཧྥ་རན་སིའི་རྩོམ་མཁན་མུའོ་པོ་སིང་གིས«སྒྲུང་གཏམ་གླེང་བ»ཞེས་པར། “ང་ཚོས་རྟོགས་དཀའ་བའི་དངོས་པོའི་མིང་དང་བྱ་བའི་མིང་། ཁྱད་ཆོས་ཀྱི་མིང་ཉུང་དུ་བཀོལ་བ་དང་། སྒྲིག་གཞི་སྣ་མང་དང་མཚོན་ཐབས་ཁྱད་མཚར་ཅན། སྒྲ་གདངས་སྙན་ཞིང་སྡེབ་ལེགས་པའི་ཡིག་སྐད་སྣ་མང་བཀོལ་ཅི་ཐུབ་བྱོས”[1]ཞེས་གསུངས་པ་སོགས་ནི་མཁས་པའི་ལེགས་བཤད་ཤ་སྟག་ཡིན་པས། ང་ཚོ་ལ་ལམ་སྟོན་གྱི་ནུས་པ་ལྡན་ལ། ང་ཚོས་དུས་རྣམ་ཀུན་ཏུ་ཡིད་ལ་འཛིན་པར་རིགས་སོ། །
       གསར་འགྱུར་གྱི་སྐད་ཆ་དེ་མང་ཚོགས་ཀྱི་འཚོ་བར་ཐག་ཉེ་ཞིང་། དོན་དངོས་ཀྱི་དགོས་མཁོ་བསྐང་ཐུབ་པ་ཞིག་ཡིན་དགོས་ཕྱིར། མང་ཚོགས་ཀྱི་ངག་ན་རྒྱུགས་ཆེ་བ་དང་། ཡིག་ངོར་ཕབ་ཀྱང་དོན་བདེ་བླག་ཏུ་གོ་ཐུབ་པ། དཔྱད་དུ་བཟོད་པའི་མིང་དང་ཐ་སྙད། བཤད་ཚུལ་སྣ་ཚོགས་ཡོད་པ་དེ་དག་བླངས་ནས་བེད་སྤྱད་ན། ཚིག་རིས་གཞན་གྱིས་ཚབ་བྱེད་མི་ནུས་པའི་ཁྱད་ཆོས་སམ་ནུས་པ་ཆེན་པོ་མངའ་བས། གཟིགས་མཁན་ནམ་གསན་མཁན་གྱི་སེམས་འགུག་ཐུབ་པ་དང་། ཉེ་བར་བསྙེན་པའི་གོ་ཡང་ཆོད་དོ། །དཔེར་ན།
       ཀ། “ན་ནིང་དོ་ཚིགས་སོ་འཛུགས་མཁན་ཇེ་ཉུང་ངམ། ཧ་ལམ་མཐོང་དཀོན་པར་གྱུར་ཡོད།” («དཔྱད་རྩོམ་ཡིག་བརྒྱ་མ།» ཟམ་ཚ་ཚེ་རིང་དོན་གྲུབ། 41)
       ཁ། “ཡང་ཁ་ཤས་ཀྱིས་བརྒྱུད་རིམ་འདྲ་མཉམ་ལ་སྣོག་བརྒྱབ་ནས་མཇུག་འབྲས་འདྲ་མཉམ་བརླག་པར་བྱེད་པ།” («དཔྱད་རྩོམ་ཡིག་བརྒྱ་མ།» ཟམ་ཚ་ཚེ་རིང་དོན་གྲུབ། 68)
       ག། “འདི་མཐོང་ཚད་ཀུན་གྱིས་ཁས་ལེན་དེ་དཀའ་ཡང་། །བརྒྱ་ཐམ་པའི་ནང་ན་ཁེར་མ་རེ་ལོས་ཡོད། །” («རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་ལྔ་པ།» 1992ལོ།  457)
       ང་། “སྔར་མེད་ཀྱི་རྣམ་འགྱུར་སོ་མ་ཁོང་དུ་འབྱིན་དགོས་ན་་་” («སྲིད་པ་དཔེའི་འཇིག་རྟེན།» འཇུ་སྐལ་བཟང་། 117)
       ཅ། “འཛེམ་བྱ་ཙ་གེ་ཙིག་གེའི་དོན་དུ་ཁ་གཉེར་སྣ་གཉེར་བྱེད་པའི་རང་རེའི་མཚང་།” («དཔྱད་རྩོམ་ཡིག་བརྒྱ་མ།» ཟམ་ཚ་ཚེ་རིང་དོན་གྲུབ། 71)
       ཆ། “ཐ་སྙད་ཐུན་མོང་མ་ཡིན་པ་སྐོར་ཞིག་གི་འཇལ་ལོན་པར་འགྱུར་ལ།” («བྲིས་རྙིང་དགའ་ཚལ་ལས་ངག་གི་གསོ་ཐིགས་ལེན་པ།» དཔའ་རིས་སངས་རྒྱས།)
       ཇ།  “འབྲི་སྟག་གི་ཆོས་རྒྱུན་ཆད་ལ་ཁད་པ་རྣམས་གསོས་པ།” («ཐུའུ་བཀྭན་གྲུབ་མཐའ།» 148)
       ཉ། “རྒྱ་གར་གྱི་རྩོམ་ཞིག་ཏུ་ཚིག་དོན་དེ་དང་མཚུངས་ལ་ཁད་པ་ཞིག་མཐོང་ཡང་རེ་ཞིག་སླར་ལག་ཏུ་མ་སོན།” («སྲིད་པ་དཔེའི་འཇིག་རྟེན།» འཇུ་སྐལ་བཟང་། 281)
       ཏ། “དོན་དག་དེ་མི་འགྲུབ་ནའང་ཐང་མོད། ང་ལས་ཀ་འདིའི་ཆེད་དུ་ཤི་སོང་ཡང་འགྱོད་པ་མེད།” («དུས་ཐོག་ཆར་བ།» མཁན་ཆེན་ཚུལ་ཁྲིམས་བློ་གྲོས།)
       ཐ། “གནས་གང་ཞིག་ནས་ཆས་ཡོང་སྟེ་ཅི་ཞིག་ལ་འགྲོ་རག་བར་དུ།” («སྐད་ཆའི་ལང་ཚོ།» མཁན་ཆེན་ཚུལ་ཁྲིམས་བློ་གྲོས།)
       ད། “དེང་རབས་རྒྱ་སྐད་ཀྱི་ཐ་སྙད་མ་ཁ་བོ་ཕལ་ཆེར་ཆིན་རྒྱལ་རབས(先秦)སྔོན་གྱི་བརྩམས་ཆོས་རྣམས་ལས་མཐོང་ངོ་གསུངས།” («བྲིས་རྙིང་དགའ་ཚལ་ལས་ངག་གི་གསོ་ཐིགས་ལེན་པ།» དཔའ་རིས་སངས་རྒྱས།)
       ན། “དགུང་མོར་གནམ་ཐང་ཡགས་ཡིན་པ་ལ་རྒྱུ་སྐར་ལམ་ཞེས་དང་།” («མངོན་བརྗོད་ཀྱི་ཕན་ཡོན་མདོར་བསྟན་པ།» དཔའ་རིས་སངས་རྒྱས།)
       པ། “ཐང་ལ་འདུག་པའི་ཚེ་དཔུང་མགོ་གཡས་པ་ཕྱི་ལ་འབུད་ཡགས་བྱེད་པ་རྣམས་ལག་ལེན་ལ་ཅི་ནས་ཀྱང་ཐེབས་དགོས། ” («རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་ལྔ་པ།» 1992ལོ། 176)
       ཕ། “ཆུ་ལྷ་བྱང་གི་གཙང་དགོན་མང་པོ་སེར་ཁྱིམ་དུ་གཏོང་ལ་ཁད་བྱུང་བ།” («ཐུའུ་བཀྭན་གྲུབ་མཐའ།» 80)
       བ། “དེ་ཉིད་དུ་ནད་ཀྱང་དྲག” («ཐུའུ་བཀྭན་གྲུབ་མཐའ།» 140)
       མ། “ཕྱག་དཔེ་བརྩིགས་པའི་བར་ན་མཁའ་སྤྱོད་མའི་བེའུ་བུམ་གྱི་དཔེ་བཏོན་པའི་ཤུལ་སྟོང་པར་འདུག་པ་ལ་སྔར་གྱི་པུསྟི་བཅུག་པས་ཁྲིགས་སེ་འགྲིགས་པས་ཐུགས་ངེས་ཆེན་པོ་འཁྲུངས།” («ཐུའུ་བཀྭན་གྲུབ་མཐའ།» 213)
       ཙ།“མི་རྣམས་བློ་གསལ་ལ་གཞུང་དྲང་། དཀའ་ཐུབ་སྡུག་ཁྱག། བརྩོན་འགྲུས་ཆེའོ། །” («བཙན་ས་ཟིན་པའི་གཞི་མ།» དཔའ་རིས་སངས་རྒྱས།)
       ཚ། “སྦུ་གུས་ཆུ་གཙུབ་པར་ཁ་དམ་པོར་བཙིར་ན། གནོན་ཤུགས་ཆེ་བ། ཆུ་རྒྱང་ལ་ཡར་བ་ལྟ་བུ་དང་། ” («སྡེབ་སྦྱོར་སྲོལ་འབྱེད་ངག་གི་རོལ་མཚོ།» 11)
       ཛ། “ཉི་མ་འཇའ་བ།”“དབྱར་ཁ་འཇའ་ནས་སྟོན་ཁ་སླེབས།” («ཨམ་སྐད་དུ་ཉི་མ་འགྱ་ཞེས་པ་ཡིག་ཐོག་ཏུ་ཇི་ལྟར་འབྲི་ཞེས་པའི་ལན།» སྔོ་དེའུ་སྒོམ་པ་བཀྲ་ཤིས།)
       གོང་གི་དཔེར་བརྗོད་འདི་ཀུན་གནའ་དེང་གི་མཁས་པ་ཚད་ལྡན་གྱི་གསུང་རྩོམ་ལས་དྲངས་པ་ཡིན་མོད། མང་ཚོགས་ཀྱི་ངག་ཏུ་ད་ལྟ་ད་དུང་མ་ཉམས་པར་གནས་ཡོད་པས། ང་ཚོས་གསར་འགྱུར་འབྲི་སྐབས་ཅི་ཐུབ་ཀྱིས་སྤྱད་ན་མང་ཚོགས་དང་ཐག་ཉེ་བས་དྲིལ་སྒྲོག་གི་ཕན་ནུས་བླ་ལྷག་ཏུ་གདོན་ཐུབ་བོ། །སྤྱིར་གོང་གི་དཔེར་བརྗོད་དུ་མ་འདུས་པའི་མིང་དང་ཐ་སྙད། བཤད་ཚུལ་ད་དུང་ཤིན་ཏུ་མང་མོད། ཁོ་བོའི་མཐོང་རྒྱ་དང་ཐོས་རྒྱ་ཆུང་བ་དང་། དཔེ་ཀློག་ཉུང་བ། མང་ཚོགས་ཀྱི་སྐད་ལ་བརྟག་ཞིབ་བྱེད་པ་མི་འདང་བ་སོགས་ཀྱི་དབང་གིས། རེ་ཞིག་འདི་ཙམ་ལས་དགོད་མ་ཐུབ། འོན་ཏང་གསར་འགྱུར་གྱི་བྱ་བར་ཞུགས་པའི་ལས་དང་པོ་བ་རྣམས་ལ་ནི་བདེན་གཏམ་འཆད་པ་ཇི་ཙམ་སྔ་ན་དེ་ཙམ་གྱིས་ཕན་ཐོགས་སྙམ་ནས་བྲེལ་བྲེལ་དུ་བྲིས་པ་ཡིན་ལ། ཕྱི་མར་ལས་འཕྲོ་ཅན་རེ་བྱོན་ན། འདི་ས་བོན་ནམ་རྨང་གཞི་བྱས་ཏེ་ཞིབ་འཇུག་གནད་དུ་ཐིངས་པ་བྱོས་དང་། དེ་ལས་ལྷག་པ་མེད་དོ། །
       གསར་འགྱུར་གྱི་སྐད་ཆ་ཞེས་པ་གཟེབ་ཏུ་བཅུག་པའི་བྱེའུ་བཞིན་བརྐྱང་བསྐུམ་མི་རུང་བ་ཞིག་ལ་གཏན་ནས་མི་ཟེར་བར། འབྲི་མཁན་སོ་སོར་བློ་གྲོས་ཀྱི་རྩལ་ཇི་ཙམ་འཛོམས་ན། དེ་ཙམ་གྱིས་ཚིག་གི་སྦྱོར་བ་སྤེལ་ཆོག ཡིན་ཡང་མངོན་བརྗོད་ཀྱི་མིང་དང་ཚིག་རྒྱན་སོགས་སྤྱོད་པ་ཐལ་ཆེ་ན། ཚིག་གི་ལོ་མས་དོན་གྱི་སྙིང་བོ་བསྒྲིབ་འགྲོ་བས་བདག་གཞན་གཉིས་ཀ་འཕུང་བའི་རྒྱུ་རུ་འགྱུར་ཉེན་ཆེ་སྟེ། དཔེར་ན་ད་ལྟའི་གསར་འགྱུར་མང་ཤོས་སུ། ཤི་བའི་ཚབ་ལ་ག་ས་གང་དུ“རྐྱེན་ལམ་དུ་ཤོར་བ”ཞེས་པ་སྤྱོད་ཀྱིན་ཡོད། མིང་འདི་ལྟ་བུ་གཞུང་བརྒྱ་སྨྲ་བའི་མཁས་པར་མཚོན་ན་རྒྱན་དུ་འགྲོ་མོད། ཤེས་ཡོན་གྱི་ཆུ་ཚད་དམའ་བའི་མང་ཚོགས་ལ་གོ་དཀའ་བར་འགྱུར་བས། སྐབས་སྐབས་སུ་ཤི་བ་ཞེས་ཐད་ཀར་བརྗོད་ན་བཟང་སྙམ། དེ་བཞིན་དུ་ལོ་ཟླ་ཚེས་གྲངས་ལྟ་བུར་ཡང་མངོན་བརྗོད་དང་སྐར་རྩིས་ཀྱི་ཐ་སྙད་མ་སྤྱད་པར་ཨང་ཀིའི་ལམ་ནས་བྲིས་ན་ལེགས་སོ།།
       གཞན་ཡང་གསར་འགྱུར་ལོ་ཙཱ་བྱེད་པའི་སྐབས་སུ་ཚིག་ལ་ལ་མ་ཡིག་དང་བསྟུན་དྲགས་པས་སླ་མོ་དཀའ་མོར་གཏོང་བའི་གནས་ཚུལ་ཡང་རྒྱུན་དུ་འབྱུང་གི་འདུག་སྟེ། དཔེར་ན། 玛曲县号牌制作点ཞེས་པ་བོད་སྐད་དུ། རྨ་ཆུ་རྫོང་གི་རླངས་འཁོར་ཨང་རྟགས་བཟོ་སྐྲུན་ས་གནས། ཞེས་པར་བསྒྱུར་བ་ལྟ་བུ། འདིའི་སྐབས་ཀྱི制作点ཞེས་པ“བཟོ་སྐྲུན་ས་གནས”སུ་བསྒྱུར་ན་ནོར་འཁྲུལ་མེད་མོད། འོན་ཀྱང་གོ་བདེ་བའམ་མང་ཚོགས་ཀྱི་སྐད་ལ་བསྙེན་པའི་ཆེད་དུ། རྨ་ཆུ་རྫོང་གི་རླངས་འཁོར་ཨང་རྟགས་བཟོ་ས། ཞེས་འབྲུ་བསྙུངས་ནས་བྲིས་ཀྱང་མི་ཆོག་པ་གང་ཡང་མེད་སྙམ། དེ་བཞིན་དུ། རླངས་འཁོར་གསར་བའི་ཐོ་འགོད་དང་ཁོངས་གཏོགས་ཁུལ་ནས་སྤོར་བ་སོགས་ཀྱི་ལས་སྒོ་སྒྲུབ་གཉེར་བྱེད་སྐབས། ཞེས་པའང་། རླངས་འཁོར་གསར་བའི་ཐོ་འགོད་དང་ཁོངས་གཏོགས་ཁུལ་ནས་སྤོར་བ་སོགས་ཀྱི་བྱ་བ་སྒྲུབ་སྐབས། ཞེས་དང་ཡང་ན། རླངས་འཁོར་གསར་བའི་ཐོ་འགོད་དང་ཁོངས་གཏོགས་ཁུལ་ནས་སྤོར་བ་སོགས་ཀྱི་ལས་ཀ་བྱེད་སྐབས། ཞེས་བརྗོད་ཆོག་པ་ལྟ་བུ། ཡང་། གཙོས་གྲོང་ཁྱེར་གྱི་ཆུ་བོའི་འབབ་རྒྱུད་ཀྱི་རྐང་ལམ་ངལ་གསོ་ཁུལ་དུ། ངལ་གསོའི་རྐུབ་སྟེགས་དང་། ཕིན་ཕིང་སྤོ་ལོའི་སྟེགས་བུ་སོགས་གསར་དུ་སྒྲིག་སྦྱོར་བྱས་ཡོད། ཅེས་པ། གཙོས་གྲོང་ཁྱེར་གྱི་ཆུ་བོའི་འབབ་རྒྱུད་ཀྱི་རྐང་ལམ་ངལ་གསོ་ཁུལ་དུ། ངལ་གསོའི་རྐུབ་སྟེགས་དང་། ཕིན་ཕིང་སྤོ་ལོའི་སྟེགས་བུ་སོགས་གསར་དུ་ལས་ཡོད། ཅེས་བཤད་ཆོག་པ་ལྟ་བུ། ཡང་། 种植ཞེས་པར་འདེབས་པ་དང་འཛུགས་པའི་དོན་གཉིས་ཀ་འདུས་མོད། རྣམ་པ་ཀུན་ཏུ་འདེབས་འཛུགས་ཞེས་བསྒྱུར་བའི་དགོས་པའང་མེད་དེ། དཔེར་ན་ནས་ཁོ་ན་གླེང་བའི་སྐབས་སུ། ནས་འདེབས་འཛུགས་བྱས། ཞེས་བརྗོད་པ་ལས། ནས་བཏབ། ཅེས་བརྗོད་ན་ཚིག་ཉུང་ཞིང་དོན་འདུས་ལ། བོད་སྐད་ཀྱི་བཤད་ཚུལ་དང་ཡང་མཐུན་ནོ། །(གོང་གི་དཔེར་བརྗོད་འདི་དག་ཏུ་སྐབས་བབ་ཀྱི་བརྗོད་བྱ་ཁོ་ནར་དཔྱད་པ་བཏང་ཡོད་པ་ལས། ཚིག་ཧྲིལ་བོ་བསྒྱུར་བ་དག་མིན་སོགས་དོན་ཚན་གཞན་ལ་འགྲིག་མིན་གྱི་བརྡར་ཤ་གང་ཡང་བཅད་མེད།)
གཉིས་པ། རང་རེའི་བརྡ་སྤྲོད་པའི་ལུགས་དང་མཐུན་དགོས།
       དེ་ཡང་རྡོ་སྦིས་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས། “ལུང་པ་རེ་ལ་སྐད་རེའི་དཔེ་བཞིན་ཕལ་སྐད་མཐའ་དག་གི་རྗེས་འདེད་བགྱིད་པར་སུ་ཞིག་གིས་སྤོབས། འོན་ཀྱང་རང་སྐད་བསྒྱུར་རྒྱུ་དང་གཅིག་སྐད་ཀུན་གོ་ཧ་ཅང་དཀའ་ངལ་ཆེ་བས་གང་ལ་གང་འོས་སུ་ཡུལ་སོ་སོའི་བརྡའང་མ་བཀོལ་ན་མཐར་གང་ལའང་ཕན་མི་ཐོགས་པའི་ཡ་མ་ཆ་ཞིག་ཏུ་འགྱུར་ཉེན་མཆིས། དེའི་ཕྱིར་བཀའ་དང་བསྟན་བཅོས་ལ་གྲགས་པའི་ཡུལ་དབུས་ཀྱི་མིང་ཚིག་རྣམ་དག་གང་ཐོན་སྲོག་ཏུ་བཟུང་བའི་སྟེང་ནས་མཁན་པོ་འཇམ་པའི་དབྱངས་ཀྱི་ཞལ་གསལ་གོང་དུ་སྨྲས་པ་དེ་དག་དང་། བདག་གཞན་དུས་གསུམ་གྱི་གསང་གནད་གོ་རྟོགས་དཔྱིས་ཕྱིན་རྨ་ལ་གཙགས་ཚུགས་ཟུང་དུ་འབྲེལ་བས་གདམ་ང་ཧྲལ་ཧྲོལ་དང་ཕལ་སྐད་རང་ལྟ་མཆོག་འཛིན་གྱི་རིགས་དོར་ན་ལེགས།”[2]ཞེས་གསུངས་པ་ལ་གཞིགས་ན། གསར་འགྱུར་གྱི་སྐད་ཆ་ནི་ཕལ་སྐད་སྤྱིར་བཏང་བ་ཞིག་ཡིན་ན་འགྲིག་མོད་ཀྱང་། དེའང་མིང་དང་ཕྲད་གང་གི་ཆ་ནས་ཡུལ་སྐད་བྱེ་བྲག་པས་མ་གོས་པར་བོད་སྤྱི་ཡོངས་ཀྱི་བརྡ་སྤྲོད་པའི་ལུགས་དང་མཐུན་ན། མདོ་དབུས་ཁམས་གསུམ་ཀུན་གྱིས་གོ་ཞིང་། བོད་ལ་སྤྱི་སྐད་ཆགས་པ་སོགས་ཀྱི་ཕྱོགས་ལ་ཕན་པ་ཆེ་སྙམ་དུ་སེམས་སོ།།
       ཡང་ཁ་སྐད་དང་ཡིག་སྐད་ཀྱི་བར་ན་འདི་འདྲའི་འབྲེལ་བ་མཆིས་ཏེ། “ཡིག་སྐད་ཀྱིས་ཁ་སྐད་གཞིར་བྱས་པ་དེ་ལས་ལེགས་ཆ་དང་སྲོག་བཅུད་བསྡུ་རུབ་གནང་ཞིང་རང་གི་མ་ལག་འཐུས་ཚང་དུ་བཀོད་དེ་སླད་མར་ཁ་སྐད་ཚད་ལྡན་དུ་བསྒྱུར་བར་ནུས་པ་འདོན་བཞིན་ཡོད་པ་དང་། ཁ་སྐད་ཀྱིས་རྟག་ཏུ་ཡིག་སྐད་གཞིར་བཟུང་ནས་སྒྲིག་གཞིའི་ཆ་ལག་སོ་སོ་ཚད་ལྡན་དུ་བསྒྱུར་བ་ན། ཕན་ཚུན་བར་གྱི་འགལ་ཆ་དང་སོ་སོའི་ཞན་ཆ་དེ་དག་སེལ”[3]བཞིན་ཡོད་པས། ང་ཚོས་གསར་འགྱུར་འབྲི་བའམ་གསར་འགྱུར་ལོ་ཙཱ་བྱེད་པ་སོགས་གང་གི་སྐབས་སུའང་འདི་གཉིས་ཀའི་རྟེན་འབྱུང་གི་འབྲེལ་བ་ལ་བསམ་བློ་ཡང་ཡང་བཏང་སྟེ་ཁོང་དུ་ཆུད་པར་བྱས་ན། འཕྲལ་ཕུགས་གཉི་གར་ཕན་པ་ཆེ་བ་བསྙོན་དུ་མེད་དོ།།
       གཤམ་དུ་རྒྱུན་མཐོང་གི་དཔེར་བརྗོད་ཁ་ཤས་བཀོད་དེ་བརྡ་སྤྲོད་པའི་ལུགས་ལ་བསྟུན་དགོས་པའི་གལ་ཆེན་རང་བཞིན་བཤད་པར་བྱའོ། །
       ཀ། ཀྭ་ཀྲོའུ་ཟམ་ཆེན་གྱི་རླུང་ཤུགས་གློག་ཁང་བཞི་པ་དེའི་ན་ནིང་ཟླ་བདུན་པར་སྤྱོད་མགོ་ཚུགས་པའི་ཀྲའོ་ཝ་ལྔ་བཅུ་ཟིན་པའི་འོད་ནུས་ལས་གཞིས་ད་སྔར་གློག་བཏང་ཚད་དུས་ཚོད་རེར་སྟོང་ཝ་བྱེ་བ་དྲུག་ར་ས་ཡ་ལྔ་ལ་སླེབས་ཡོད།
       ཚིག་འདིའི་ནང་གི་མདོག་དམར་པོས་མཚོན་པའི“ར”ནི་དང་སྒྲའི་དོད་དུ་སྦྱར་བའི་ཡུལ་སྐད་ཀྱི་ཚིག་ཕྲད་ཅིག་ཡིན་ལ། བལྟས་ཚོད་ཀྱིས་མང་ཚོགས་དང་ཐག་ཉེ་བའི་ཚོར་བ་སྟེར་ཡང་། དོན་དུ་བོད་སྤྱིའི་སྐད་ལས་རིང་དུ་སོང་ཡོད་པས། ར་སྒྲ་ལས་དང་སྒྲ་སྦྱར་ན་ལེགས། དེ་བཞིན་དུ། ཉིན་གཅིག་དང་ཕྱེད་ཀ་ལྟ་བུར་ཡང་། ཉིན་གཅིག་ར་ཚལ་བ་ཞེས་མ་བཤད་ན་བཟང་ངོ་། །
       ཁ། དབྱང་ཝུའུ་ཡིས་ཀླུ་ཆུ་དང་རྨ་ཆུ་ནས་བྱ་བར་བརྟག་ཞིབ་མཛུབ་སྟོན་བྱས།
       དེང་དུས་ཀྱི་རྩོམ་ཡིག་མང་པོ་ཞིག་ཏུ་ཡུལ་སྐད་ཀྱི་རྗེས་འབྲངས་ནས་ལ་དོན་གྱི་སྒྲའི་ཚབ་ཏུ་ནས་སྒྲ་འབྲི་བའི་སྣང་ཚུལ་འདུག ལྷག་པར་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་སྐབས་སུ་ཤིན་ཏུ་མང་། ནས་སྒྲ་སྤྱད་ཀྱང་དོན་གྱི་ཆ་ན་མི་གོ་རྒྱུ་ཅང་མེད་མོད། འོན་ཀྱང་རང་རེར་ལ་དོན་གྱི་ཕྲད་ཕུན་སུམ་ཚོགས་པོ་ཡོད་པས། དེ་དག་མི་སྤྱོད་པར་ནས་སྒྲས་ཚབ་བྱེད་པ་ནི་བརྡ་སྤྲོད་པའི་ལུགས་ལ་བརྩི་འཇོག་མི་བྱེད་པའི་སྦྱོར་བ་ཡིན་པ་དང་། འདི་ལ་ད་དུང་མང་ཚོགས་ལ་ཉེ་བར་བསྙེན་ཡོད་ཅེས་པ་ལྟ་བུའི་གདེང་འཇོག་མཛད་པ་ནི་བསྟོད་མི་ཤེས་པས་བསྟོད་པ་དང་འདྲའོ། །དེས་ན་གོང་གི་དཔེར་བརྗོད་འདི། དབྱང་ཝུའུ་ཡིས་ཀླུ་ཆུ་དང་རྨ་ཆུ་རུ་བྱ་བར་བརྟག་ཞིབ་མཛུབ་སྟོན་བྱས། ཞེས་བརྗོད་ན་ཡང་དག་གོ། །དེ་བཞིན་དུ། ཚོགས་འདུའི་ཐོག་ཅེས་པ་དང་། ཚོགས་འདུའི་སྟེང་། ཚོགས་ཐོག་ཏུ། ཞེས་པ་ལྟ་བུའང་ཚོགས་འདུ་རུ་ཞེས་པའམ། ཚོགས་འདུར་ཞེས་བཤད་ན་འགྲིག་གི་སེམས།
       ཡང་། བྱ་བའི་མིང་གཅིག་གིས་དོན་རྫོགས་པར་སྟོན་ཐུབ་ནའང་། རྒྱ་སྐད་ལ་བསྟུན་དྲགས་པས་བྱ་བའི་མིང་གསུམ་བསྟུད་མར་སྦྱར་ནས་དོན་གཅིག་སྟོན་པ་ལྟ་བུ་དཔེར་ན་བཟུང་གི་དོད་དུ“འཛིན་བཟུང་བྱས”ཞེས་པ་སྤྱད་པ་ལྟ་བུ་ནི་བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པར་མ་ཟད། བོད་སྐད་སོ་ལུག་པའི་དན་རྟགས་སུ་འཁུམས་ལ། བོད་སྐད་ཀྱི་རྗོད་སྟོབས་ཀྱང་ཇེ་ཞན་དུ་འགྲོ་བ་གདོན་མི་ཟའོ། །ད་དུང་དཔེར་ན། དབྱི་ལིང་གི་རྡོ་སོལ་གཏེར་ཁ་ཞིག་ལ་འབར་གས་བྱུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར། ཞེས་པར་མཚོན་ན། མ་གཞིར“འབར་གས་བྱུང”ཞེས་པའི་ཚབ་ཏུ་རང་རེ་ལ་བྱེད་པོ་གཞན་དང་མ་འབྲེལ་བའི་ལས་ཚིག“གད”ཅེས་པ་ལྷན་སྐྱེས་སུ་མངའ་ཕྱིར། སླ་མོ་དཀའ་མོར་བཏང་བའི་ངལ་བ་ནི་གཏན་ནས་མི་མཁོའོ། །གལ་ཏེ་མིའི་རྩོལ་བས་བསམ་བཞིན་དུ་བྱེད་པ་ཞིག་ཡིན་ན། དབྱི་ལིང་གི་རྡོ་སོལ་གཏེར་ཁ་ཞིག་བཀད་ནས་མི་བཅུ་རྐྱེན་ལམ་དུ་ཤོར། ཞེས་གད་ཀྱི་ཁ་གཏད་དུ་ཡོད་པའི་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང“བཀད”ཅེས་པ་བཀོལ་ན་ཐེ་ཚོམ་གྱི་མདུད་རྒྱ་ངང་གིས་གྲོལ་ལོ།།
གསུམ་པ། སྔ་ན་ཡོད་པ་དེ་བསྔོག་དགོས།
       དེ་ཡང་རྒན་དཔའ་རིས་སངས་རྒྱས་མཆོག་གིས། “བཀས་བཅད་གཉིས་པ་ཚུན་ཆད་ཀྱི་བརྩམས་ཆོས་རྣམས་ལས་མཆིས་པའི་ཐ་སྙད་བག་ལ་ཉལ་བ་ཕལ་མོ་ཆེ་སླར་ངག་ཏུ་ལེན་པར་བྱས་ན་ཐ་སྙད་ཕྱུག་པར་འགྱུར་བར་མ་ཟད། བོད་སྐད་ཀྱི་མིང་གི་སྦྱོར་བའི་ཁྱད་ཆོས་ལེགས་པར་སྤེལ་ཐུབ་བོ། །”[4]ཞེས་གསུངས་པ་ནང་བཞིན། བསྟན་བཅོས་སྔ་མ་རྣམས་སུ་འབྱུང་ཞིང་། མང་ཚོགས་ཀྱི་ངག་ན་ད་དུང་མ་ཉམས་པར་གནས་ཡོད་པའི་བརྡ་རྙིང་བ་དེ་དག་སླར་བཀོལ་ན་རིག་གནས་ཀྱི་རྒྱུན་བསྲིང་ཐུབ་པ་མ་ཟད། བརྡ་གསར་བ་བཟོ་བའི་ངལ་བའང་བསྐྱུངས་ཡོད་པ་དང་། བྲིས་པའི་གསར་འགྱུར་དེ་སྐྱ་སེར་ཀུན་གྱིས་བལྟ་བདེ་བ་ཞིག་ཏུ་གཏང་ཐུབ་སྙམ་མོ། །
       དཔེར་ན། 调解员ལ་སྡུམ་མཁན་ནམ་གཟུ་བོ་དང་། 河道ལ་གྲམ་པ། 喷泉ལ་བཀོད་མ། 彩礼ལ་ནུ་རིན། 田野ལ་རྣང་ཞིང་གྲུ་བཞི། 精兵ལ་དམག་ཧྲག 守夜人ལ་མེལ་ཚེ་བ། 湿地ལ་ན་གཞོང་། 护士ལ་ནད་གཡོག་ཅེས་པ་ལྟ་བུའི་དཔེར་བརྗོད་བགྲང་གིས་མི་ལང་བ་བཀོད་དུ་ཡོད། མིང་འདི་དག་བོད་པའི་སྐད་དུ་སྔ་མོ་ནས་ཡོད་པ་དང་། ཚིག་སྣ་ཐུང་ཞིང་བརྗོད་བདེ་བ། ཡིད་ལ་འཛིན་སླ་བ་སོགས་ཀྱི་ཁྱད་ཆོས་མངའ་བས། ཅི་ཐུབ་ཀྱིས་བསྔོག་ན་ལེགས་ཀྱི། ལུས་སེམས་ཀྱི་སྟོབས་ཤུགས་ཡོད་ཚད་བཀོལ་ནས་མིང་གསར་བ་ཞིག་སྦྱར་ཨེ་ཐུབ་ལྟ་བའི་དགོས་པ་གང་ཡང་མེད་དོ། །
མཇུག་གི་གཏམ།
       མདོར་ན་ང་ཚོས་རྩོམ་འབྲི་བའམ་ལོ་ཙཱ་བྱེད་པ་སོགས་ཀྱི་སྐབས་སུ། ཚང་མས་བོད་སྐད་འདི་སྙིང་ནོར་བཞིན་དུ་གཅེས་པར་བཟུང་ནས། མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་པ་ཤིན་ཏུ་གལ་ཆེ་བ་དང་། དུས་དང་རྣམ་པ་ཀུན་ཏུ་གཞི་རིམ་གྱི་བོད་རིགས་མང་ཚོགས་ཀྱི་སྐད་ཆར་རྒྱུས་ལོན་དང་སློབ་སྦྱོང་ཡག་པོ་བྱ་དགོས་པ་མ་ཟད། གེ་སར་སྒྲུང་དང་མི་དབང་རྟོགས་བརྗོད་སོགས་ཀྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་ཕུལ་དུ་བྱུང་བ་རྣམས་ལ་ཡང་ཡང་འདྲིས་པར་བྱེད་དེ། སྐད་ཆའི་སྦྱོར་བ་གྱ་ནོམ་པར་གཏོང་བ་དང་སྐད་ཆའི་རྗོད་སྟོབས་ཆེ་ཆེར་བསྐྱེད་པ་ནི་གནད་ཀྱི་དོན་པོར་སེམས་པས། བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཅིང་མདུན་སྐྱོད་ཀྱི་གོམས་མཚམས་ནམ་ཡང་མ་འཇོག་ཅིག།

ལུང་ཁུངས།
[1] «ཕྱི་གླིང་རྩོམ་རིག་གཞུང་ལུགས་ཕྱོགས་བསྡུས»ལས་དྲངས།
[2] «དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློ་དང་གསུང་རྩོམ་ཞིབ་འཇུག» 411
[3] «སྐད་བརྡ་རིག་པའི་སྤྱི་དོན།» སུམ་པ་དོན་གྲུབ་ཚེ་རིང་། 253
[4] «བྲིས་རྙིང་དགའ་ཚལ་ལས་ངག་གི་གསོ་ཐིགས་ལེན་པ།» དཔའ་རིས་སངས་རྒྱས།
འབྲེལ་ཡོད་འོས་སྦྱོར།