མདོ་དབུས་མཐོ་སྒང་གི་ཡུལ་ཁོངས་ལོ་རྒྱུས་དང་རིག་གནས་སྐོར་གྱི་མཐོ་རིམ་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས།
རྩོམ་པ་པོ།:ཕག་མོ་འཚོ། གཡང་ཚེ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-07-20
ཀློག་གྲངས།:
2026ལོའི་ཟླ7པའི་ཚེས18ཉིན་གྱི་སྔ་དྲོར། “གནའ་ལམ·ཁྱམས་རིང·མི་རིགས”ཞེས་པ་བརྗོད་གཞི་བྱས་པའི་མདོ་དབུས་མཐོ་སྒང་གི་ཡུལ་ཁོངས་ལོ་རྒྱུས་དང་རིག་གནས་སྐོར་གྱི་མཐོ་རིམ་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པའི་འབུམ་རམས་ཕྱི་ཚར་ཞིབ་འཇུག་ས་ཚིགས་དང་། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པའི་འབུམ་རམས་པའི་རིག་གཞུང་ཚན་ཁག་དང་པོ། མཚོ་སྔོན་མི་རིགས་སློབ་ཆེན་ཀྲུང་གོའི་ལོ་རྒྱུས་ཤེས་རམས་པའི་རིག་གཞུང་ཚན་ཁག་དང་པོ། མདོ་དབུས་མཐོ་སྒང་གི་སྐད་རིགས་སྣ་མང་གི་ཡིག་ཚངས་དང་ཡུལ་ཁོངས་ཤེས་རིག་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས།

ཞིང་ཆེན་ཕྱི་ནང་གི་མི་རིགས་རིག་པ་དང་ལོ་རྒྱུས་རིག་པ། བོད་རིག་པ་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་རྣམས་དཔྱད་གླེང་ཚོགས་འདུ་འདིར་འཛོམས་ཏེ། མདོ་དབུས་མཐོ་སྒང་གི་གནའ་ལམ་འགྲིམ་འགྲུལ་དང་། ཁྱམས་རིང་གི་ཤེས་རིག མི་རིགས་མང་པོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས། སྐད་རིགས་སྣ་མང་གི་ཡིག་ཚངས་ལེགས་སྒྲིག་སོགས་ཀྱི་བརྗོད་གཞི་ལ་དམིགས་ནས་རིག་གཞུང་བགྲོ་གླེང་བྱས། དཔྱད་གླེང་ཚོགས་འདུ་ལ་ཞུགས་པའི་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་རྒྱ་ཡིག་དང་བོད་ཡིག་སོགས་སྐད་རིགས་སྣ་མང་གི་ཡིག་ཚངས་དང་གནའ་དཔྱོད་ལོ་རྒྱུས་ཡིག་ཆར་བརྟེན་ནས་མཐོ་སྒང་འདིའི་མི་རིགས་སོ་སོ་མཉམ་དུ་འཚོ་བ་དང་ཕན་ཚུན་བརྗེ་རེས་བྱས་པའི་ལོ་རྒྱུས་བཙལ་ཏེ། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གནས་ཐོན་ཁུངས་སྔོག་འདོན་བྱས།

ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ཡིས་མཚོ་སྔོན་གྱི་ཡུལ་ཁམས་དང་རིག་གཞུང་ཚན་ཁག་གི་དགེ་མཚན་ལ་རྐང་བཙུགས་ནས། རིག་གཞུང་ཚན་ཁག་མི་འདྲ་བའི་བར་གྱི་བརྗེ་རེས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་གི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། སྐད་རིགས་སྣ་མང་གི་ཡིག་ཚངས་ལ་བརྟེན་ནས་མི་རིགས་སོ་སོ་མཉམ་དུ་འཚོ་ཞིང་མཉམ་འདྲེས་བྱུང་བའི་ལོ་རྒྱུས་ར་སྤྲོད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་རིག་གཞུང་གི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཤིང་། མདོ་དབུས་མཐོ་སྒང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱེད་པ་དང་རིག་གཞུང་ཚན་ཁག་དེ་ཉིད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ལ་ཞུགས་མཁན་ཨུ་རུ་སུ་རྒྱལ་བཙུགས་མི་གཞུང་སློབ་ཆེན་དང་། ཨུ་རུ་སུ་ཚན་རིག་གླིང་། གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཆིང་ཧྭ་སློབ་གྲྭ་ཆེན་མོ། སི་ཁྲོན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་སོགས་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དང་། རིག་དངོས་རྟེན་མཛོད་གླིང་། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་ཆེད་མཁས་པ་ཡོད་པར་མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་རང་གི་དགེ་རྒན་དང་ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་ཀྱང་དཔྱད་གླེང་ཚོགས་འདུའི་རིག་གཞུང་བརྗེ་རེས་ཁྲོད་ཞུགས་ཡོད། །
འབྲེལ་ཡོད་འོས་སྦྱོར།
