logo

མཐོ་སྒང་མི་རིགས་རྒྱན་གོས་འགྲེམས་སྟོན་འགྲན་བསྡུར་སྐབས་གསུམ་པ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན། དུས་ཚོད།:2026-07-30 ཀློག་གྲངས།:
       ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ཏང་ཨུའུ་དང་རྫོང་མི་དམངས་སྲིད་གཞུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས། གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་རང་བཞིན་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་དེ་སྔར་བས་བཀྲག་མདངས་དང་འོད་མདངས་འཕྲོ་བར་བྱེད་དགོས། ཞེས་གསུངས་པའི་དགོངས་དོན་གཞིར་བཟུང་སྟེ་མཐོ་སྒང་མི་རིགས་རྒྱན་གོས་འགྲེམས་སྟོན་འགྲན་བསྡུར་སྐབས་གསུམ་པ་སྤེལ།
       ཐེངས་འདིའི་འགྲན་བསྡུར་ལ་སྲོལ་རྒྱུན་དང་དེང་རབས་བཅས་རིགས་གཉིས་སུ་དབྱེ་ཡོད་ལ་དཔྱད་འདེམས་པ་བདུན་བསྐོས་ཡོད། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་ལྷོ་སོགས་ཀྱི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་འགྲན་ཞུགས་པ་བརྒྱ་ལྷག་ཡོད། དྲང་བདེན་གྱི་འགྲན་བསྡུར་བརྒྱུད་དེ་སྲོལ་རྒྱུན་འགྲན་བསྡུར་དུ་མངའ་རིས་དགེ་རྒྱས་ནས་ཡོང་བའི་བདེ་སྐྱིད་སྒྲོལ་མ་གཙོ་བྱས་པའི་ཚོགས་པ་ལ་བྱ་དགའ་ཨང་དང་པོ་ཐོབ།
       དེང་རབས་འགྲན་བསྡུར་དུ་བྲག་མགོའི་འགྲན་ཞུགས་པ་བདེ་སྐྱིད་ལྷ་མོ་ལ་ཨང་དང་པོ་ཐོབ། རྒྱལ་སྤྱིའི་ཐོག་མི་མང་པོ་ཞིག་བོད་ཀྱི་གོས་རྒྱན་གྱི་མདངས་བཀྲ་བའི་ཁ་དོག་ལ་ཤིན་ཏུ་དགའ་པོ་ཡོད་ཅིང་། དེའི་རྒྱབ་ལྗོངས་ཀྱི་རིག་གནས་དང་གཏིང་ཟབ་པའི་ལོ་རྒྱུས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་ཀྱིན་ཡོད།
       མེས་པོ་ཚོའི་ལག་རྩལ་དང་ཤེས་རབ་ལ་བརྟེན་ནས་བྱུང་བའི་གོས་རྒྱན་བཟོ་རྩལ་ལ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་དགེ་མཚན་ཆེན་པོ་ལྡན།
       གོས་རྒྱན་རིག་གནས་འདི་རྒྱུན་འཛིན་བྱ་དགོས་ན། གཙོ་བོ་སྲོལ་རྒྱུན་གྱི་ལག་རྩལ་དང་བཟོ་རྩལ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ། ད་ལྟ་རྒན་པོ་འགའ་རེ་ལས་ཤེས་མཁན་མེད་ན། ཁོང་ཚོ་འདས་ནས་ལོ་ངོ་ཉི་ཤུ་སུམ་ཅུ་སོང་རྗེས་བོད་ཀྱི་གོས་རྒྱན་ལག་རྩལ་མང་པོ་ཞིག་བག་ལ་ཞ་འགྲོ་བའམ་དབྱིངས་སུ་ཐིམ་ངེས་རེད།
       བོད་ཀྱི་གོས་རྒྱན་རིག་གནས་འདི་རྒན་པ་ཚོས་རྒྱུན་འཛིན་བྱས་ཏེ་ཕལ་ཆེར་མི་ཚེ་འཁྱོལ་འགྲོ་བཞིན་འདུག
       ད་ལྟ་རྒྱུད་འཛིན་བྱེད་པའི་འགན་འཁྲི་དེ་ན་གཞོན་རྣམས་ཀྱི་ཕྲག་ཏུ་བབས་ཡོད།
       རང་མི་རིགས་ཀྱི་གོས་རྒྱན་རིག་གནས་ནི་ལོ་རྒྱུས་རིང་བའི་རིག་གནས་ཤིག་ཡིན་པར་ཡིད་ཆེས་དང་སྤོབས་པ་ཡོད་དགོས།
       བོད་ཀྱི་གོས་རྒྱན་རིག་གནས་ནི་ཤིན་ཏུ་གཏིང་ཟབ་པ་ཞིག་ཡིན་ཡང་། དེར་ཞིབ་འཇུག་བྱེད་མཁན་ཉུང་བས། ཚང་མས་དོ་སྣང་དང་མཐོང་ཆེན་བྱ་རྒྱུ་གལ་ཆེ།
འབྲེལ་ཡོད་འོས་སྦྱོར།