logo

བོད་ཀྱི་དེང་རབས་རྡུལ་ཚོན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་ནས་གཟབ་རྒྱས་ངང་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-08-20 ཀློག་གྲངས།:
       ལྷ་ལས་བབས་པའི་རི་མོ། ལོ་ངོ་སྟོང་གི་སྒྱུ་རྩལ་ཞེས་པའི་བོད་ཀྱི་དེང་རབས་རྡུལ་ཚོན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཟླ་བ8པའི་ཚེས18ཉིན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྐོང་ཚོགས་བྱས་ཡོད་པ་དང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་ནས་ཕེབས་པའི་མཁས་དབང་རྣམ་པ་དང་སྒྱུ་རྩལ་བ་རྣམ་པ་ཕྱོགས་གཅིག་ཏུ་འཛོམས་ནས་རྡུལ་ཚོན་རིག་གནས་ཐད་བགྲོ་གླེང་ལྷུག་པོར་གནང་ཡོད།
       དེ་ཡང་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང་། ཏིང་འཛིན་རིག་པའི་དཀྱིལ་འཁོར། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་གསུངས་པ་ལྟར། རྡུལ་ཚོན་ཞེས་གླེང་དུས་ང་ཚོའི་སེམས་ལ་ཐོག་མར་དྲན་ཡོང་བ་ནི་བརྟེན་པ་ལྷ་ལ་དཀྱིལ་དང་། རྟེན་གཞལ་ཡས་ཁང་ནི་འཁོར་དུ་འདོད་པའི་དཀྱིལ་འཁོར་ཡིན་ངེས་རེད། འོན་ཀྱང་དེ་རིང་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་འདྲེན་བྱེད་མིག་གི་དགའ་སྟོན་དུ་ཕུལ་བ་དེ་ནི་སྲོལ་རྒྱུན་གྱི་རྡུལ་ཚོན་ལྷ་རིས་ཤིག་མ་ཡིན་པར་དུས་རབས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་དེང་རབས་ཀྱི་རྡུལ་ཚོན་རི་མོའི་སྒྱུ་རྩལ་རེད་འདུག  
       དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ཡང་དག་བྱ་ཆེད། མཁས་གྲུབ་རྒྱ་མཚོ་གཙོས་པའི་བོད་ལྗོངས་དགེ་མཚན་སྒྱུ་རྩལ་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་གི་རི་མོའི་སྒྱུ་རྩལ་བ་ཡོངས་ཀྱིས་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག སྔོན་མའི་རྒྱུ་ཆ་ཅོང་ཞི་དང་ནང་དོན་དཀྱིལ་འཁོར། བཞེངས་ལུགས་སྲོལ་རྒྱུན་ཁོ་ན་ཡིན་པ་དེ་ལས་བརྒལ་ཏེ། གསེར་དངུལ་ཟངས་གསུམ་དང་། གཡུ་བྱུར་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་རྡུལ་དུ་འཐག་པའི་ཕྱེ་མས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་བསམ་བློའི་འཆར་སྒོ་མཐའ་དག་རི་མོའི་ལུགས་སུ་བཞེངས་ནས་དེང་རབས་རྡུལ་ཚོན་སྒྱུ་རྩལ་ཞེས་རི་མོའི་ལུགས་གསར་པ་ཞིག་གསར་ཏུ་བཏོད་ཡོད། 
       མཁས་གྲུབ་རྒྱ་མཚོས་བཅར་འདྲི་དང་ལེན་གནང་དུས། དེང་རབས་ཀྱི་རྡུལ་ཚོན་སྒྱུ་རྩལ་བརྩམས་ཆོས་ཀྱིས་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་། གསར་སྐྲུན་རང་བཞིན་གྱི་བརྗེ་འགྱུར་གྱི་མཛུབ་སྟོན་དམིགས་ཡུལ་ལ་བརྩི་སྲུང་ནན་པོ་བྱས་ཏེ། སྲོལ་རྒྱུན་གྱི་ལག་རྩལ་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་གསར་རྩོམ་རྒྱུ་ཆ་དང་། མཚོན་བྱེད་བརྗོད་གཞི། སྒྱུ་རྩལ་ཉམས་འགྱུར་སོགས་ཀྱི་ཐད་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། གནའ་བོའི་རྡུལ་ཚོན་རིག་གནས་སྒྱུ་རྩལ་འདི་ལས་དུས་རབས་ཀྱི་ནང་དོན་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་གསར་པ་མངོན་པར་བྱ་དགོས་ཞེས་བསྟན་ཡོད། 
       དེང་རབས་ཀྱི་རྡུལ་ཚོན་སྒྱུ་རྩལ་གྱིས་ད་དུང་རང་འགུལ་ངང་རང་རྒྱལ་གྱི་ཀྲུང་ལུགས་རི་མོའི་བསམ་བཀོད་དང་། ནུབ་ཕྱོགས་ཀྱི་སྣུམ་ཚོན་རི་མོའི་སྤུས་ཉམས། དེའི་ཁར་མི་རིགས་མང་པོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་གཞི་རྒྱུ་མཉམ་དུ་འདྲེས་པར་བྱས་ནས། མི་རིགས་རིག་གནས་མཉམ་འདྲེས་གོང་འཕེལ་ཐད་འཚོལ་ཞིབ་ཧུར་ཐག་གནང་ཡོད། དེ་བས་གླེང་རིན་ཡོད་པ་ཞིག་ནི་བརྩམས་ཆོས་འདི་དག་སྲོལ་རྒྱུན་གྱི་རྡུལ་ཚོན་བརྩམས་ཆོས་དང་མི་འདྲ་བར། འབྱར་སྦྱོར་བཟོ་རྩལ་སྤྱད་ནས་དེ་དག་གི་མཛེས་པ་ཇི་སྲིད་བར་གནས་པར་བྱས་ཡོད་པས། ཡུན་རིང་ཉར་ཚགས་ཀྱི་རིན་ཐང་ལྡན་པར་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།