logo

དཔལ་ལྡན་རྒྱུད་བཞིའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-08-25 ཀློག་གྲངས།:
འཛམ་གླིང་དྲན་ཤེས་སུ་བོད་ཀྱི་སྨན་ཐང་གི་མཚར་སྡུག་ངོམ་ཞིང་། རྒྱལ་སྤྱིའི་སྡིངས་ཆར་གསོ་རིག་རྒྱུད་བཞིའི་བློ་གྲོས་གླེང་བ།
 
       ཟླ་བ8ཚེས19ཉིན་ནས22ཉིན་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་མཛད་ཅིང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལྟེ་གནས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཉེར་འགན་འཁུར་བའི“སྐབས་གཉིས་པའི་རྒྱུད་བཞི་དང་སྨན་ཐང་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ”དེ་ལྷ་སར་བདེ་བླག་ངང་འཚོགས་པ་རེད། རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང200ལྷག་ཙམ་ས་མཐོར་ལྷན་འཛོམས་ཀྱིས། ལོ་ངོ་སྟོང་གི་གསོ་རིག་བསྟན་བཅོས་ཆེན་མོ་དང་དེའི་འགྲེལ་རིས་སྨན་ཐང་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་དམིགས་ནས་རིག་ཚན་བརྒལ་བའི་བགྲོ་གླེང་གནང་སྟེ། བོད་ལུགས་གསོ་རིག་འཛམ་གླིང་དུ་ཁྱབ་སྤེལ་གཏོང་བའི་རིག་གཞུང་སྤེལ་རེས་ཀྱི་སྡིངས་ཆ་གསར་རྐྱང་ཞིག་བཏོད་ཡོད།
       ད་རེས་ཀྱི་ཚོགས་འདུ་ནི། དཔལ་ལྡན་རྒྱུད་བཞི་འཛམ་གླིང་དྲན་ཤེས་མིང་གཞུང་ནང་བདམས་ནས་ལོ་གཉིས་འཁོར་བའི་དུས་སྐབས་དང་ཏག་ཏག་འཁེལ་བས་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། བོད་ལུགས་གསོ་རིག་གི་རྨང་གཞིའི་བསྟན་བཅོས་མ་ལག་ཆེ་ཤོས་ཏེ་རྒྱུད་བཞིའི་ནང་དུ། བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་ལ་ཕབ་ཡོད། དེའི་འགྲེལ་པ་བཻཌཱུརྱ་སྔོན་པོ་ལས་བྱུང་བའི་སྨན་ཐང་འགེལ་རིས80དེས། བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་། ནད་བརྟག་སྨན་བཅོས་ཀྱི་ལག་རྩལ། ནད་སྔོན་འགོག་དང་ལུས་ཟུངས་གསོ་བ། སྨན་རྫས་སྦྱོར་སྡེ། སྨན་པའི་ཀུན་སྤྱོད་སོགས་ལྟེ་བའི་ནང་དོན་ཡོངས་རྫོགས་རི་མོའི་ལམ་ནས་མངོན་པར་བྱས་ཡོད་པས། དེ་ནི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཁྱབ་ཁོངས་ནང་གི་ཐུན་མོང་མ་ཡིན་པའི་མཐོང་ཚོར་རིག་གནས་ཤུལ་བཞག་ཅིག་རེད།
       2023ལོར། དཔལ་ལྡན་རྒྱུད་བཞི་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་པ་དང་། དུས་རབས17ནས20བར་གྱི་བོད་ལུགས་གསོ་རིག་གི་འགེལ་རིས་ཏེ་སྨན་ཐང་དེ་དག་ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང་ཁག་ལྔ་པའི་ནང་ཚུད་པ་དེས། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རིན་ཐང་དང་རིག་གཞུང་གི་ཤུགས་རྐྱེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་མཚོན་ཡོད།
       སྐབས་འདིའི་ཚོགས་འདུའི་ཐོག “གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་འཚོལ་ཞིབ་དང་། སྨན་ཐང་གི་དགོངས་དོན་བཀྲོལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བརྗོད་དོན་སྙན་ཞུ་དང་། ཆེད་དོན་བགྲོ་གླེང་། རིག་ཚན་བརྒལ་བའི་ཚོགས་ཆུང་གི་གླེང་མོལ་སོགས་ལྷུ་ཚིགས་སྣ་མང་བཀོད་སྒྲིག་བྱས་ཡོད། དབྱིན་ཇི་དང་འཇར་མན་སོགས་ནས་ཕེབས་པའི་ཕྱི་རྒྱལ་གྱི་མཁས་དབང7དང་། དེ་བཞིན་པེ་ཅིང་དང་། ལེའོ་ཉིང་། ཀན་སུའུ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་ལྷག་གི་བོད་ལུགས་གསོ་རིག་གི་རིག་གཞུང་རྐང་འཛིན་པ200ལྷག་ཙམ་ལྷན་ཅིག་ཏུ་འཛོམས་ནས། གསོ་རིག་བསྟན་བཅོས་ཀྱི་འབྱུང་ཁུངས་དང་། སྨན་ཐང་གི་གསོ་རིག་རི་མོའི་དཔྱད་འགྲེལ། བོད་ལུགས་གསོ་རིག་དེང་རབས་ཅན་དུ་བསྒྱུར་བ་སོགས་ཀྱི་བརྗོད་གཞིར་དམིགས་ནས་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་གནང་ཡོད། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རྒྱལ་སྨན་སློབ་དཔོན་དགྲ་འདུལ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
       ཚོགས་ཞུགས་མཁས་དབང་ཚོས་མགྲིན་གཅིག་ཏུ། འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་མ་ལག་ཆེ་གྲས་བཞིའི་གྲས་ཤིག་ཡིན་པའི་ངོས་ནས། བོད་ལུགས་གསོ་རིག་གིས་ད་བར་རྒྱུན་འཛིན་བྱས་པའི་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་དང་། ཕུན་སུམ་ཚོགས་པའི་ནད་ཐོག་ལག་ལེན་ལ་མིག་སྔར་མིའི་རིགས་ཡོངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་ཐད་དངོས་ཡོད་ཀྱི་རིན་ཐང་བླ་ན་མེད་པ་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཏམ་བཤད་གནང་སྐབས། མ་འོངས་པར་བོད་ལུགས་གསོ་རིག་ལས་རིགས་ཀྱིས་མུ་མཐུད་དུ་སྨན་གཞུང་དཔེ་རྙིང་ཁག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་གྱི་རིག་གཞུང་མ་ལག་དང་དེང་རབས་གསོ་རིག་གི་སྡིངས་ཆ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་སྨན་གཞུང་དང་སྨན་ཐང་རིག་དངོས་རྒྱུན་མཐུད་ཉར་ཚགས་དང་སྟབས་བདེ་བེད་སྤྱོད་ཐུབ་པ་བྱས་ཏེ། རྒྱུད་བཞིས་མཚོན་པའི་བོད་ལུགས་གསོ་རིག་གི་ཕུལ་བྱུང་རིག་གནས་རྒྱལ་སྤྱིར་ཁྱབ་སྤེལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཚོགས་འདུ་ནི་བོད་ལུགས་གསོ་རིག་འཛམ་གླིང་དྲན་ཤེས་རྣམ་གྲངས་ནང་ཚུད་རྗེས་ཀྱི་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་རིག་གཞུང་གི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། དེས་བོད་ལུགས་གསོ་རིག་དང་གོ་ལ་ཧྲིལ་པོ་འབྲེལ་མཐུད་བྱེད་པའི་རིག་གཞུང་གི་འབྲེལ་ཟམ་ཞིག་བསྐྲུན་ཡོད། ཚོགས་འདུའི་ཐོག་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ལ་ཐུན་མོང་གི་གྲོས་འགོ་བཏོན་ཞིང་། ལག་གདང་སྦྲེལ་ནས་བོད་ལུགས་གསོ་རིག་གི་རྩ་ཆེའི་ཚད་ལྡན་ཡིག་ཆ་མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་གྲངས་འཛིན་ཅན་གྱི་མཉམ་སྐྲུན་ནང་ཞུགས་ཐོག རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་ཁྱབ་ཁོངས་སུ་བོད་ལུགས་གསོ་རིག་གི་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་བཏང་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་ཆེད་བོད་ལུགས་གསོ་རིག་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་ཞུས་པ་རེད།
འབྲེལ་ཡོད་འོས་སྦྱོར།