logo

མི་ཉག་མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་བརྒྱུད་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:དཀར་མཛེས་གཏོང་སྦྱོར། དུས་ཚོད།:2026-09-02 ཀློག་གྲངས།:
       སྤྱི་ཟླ8པའི་ཚེས29ནས30ཉིན་གྱི་བར། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས»ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ། མི་ཉག་མགར་ཐར་ཡུལ་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་དར་སྤེལ། བརྒྱུད་འཛིན། མི་རིགས་ཁག་བར་འབྲེལ་འདྲིས་བྱུང་བའི་དོན་དངོས་གསེད་བཀྲོལ་བཅས་བྱ་ཆེད། ཀྲུང་གུང་རྟའུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས། མགར་ཐར་གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་མི་ཉག་མགར་ཐར་ཡུལ་གྱི་རིག་གནས་ལོ་རྒྱུས་བརྒྱུད་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་འཚོགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
       བཞུགས་མོལ་ཚོགས་འདུར་པེ་ཅིན་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲེ་ཅང་དགེ་ཐོན་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་སོགས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་མི་རིགས་རིག་པ་དང་བོད་རིག་པ། མི་རིགས་ཁྲིམས་ལུགས་རིག་པ་སོགས་ཁྱབ་ཁོངས་སུ་གཏོགས་པའི་ཆེད་མཁས་པ18གདན་འདྲེན་ཞུས་པ་དང་། ས་གནས་རང་གི་ཆེད་མཁས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ། བོད་འབྲེལ་ས་ཁུལ་གྱི་གསར་འགྱུར་འཕྲིན་སྦྱོར་སྡེ་ཁག་གི་གསར་འགོད་པ་སོགས་འཐུས་ཚབ་མི་སྣ100ལྷག་ཞུགས་ཡོད།
ཚོགས་འདུའི་ཡུལ་དངོས།
       མི་ཉག་མགར་ཐར་ཡུལ་ནི་མི་ཉག་རིག་གནས་ཀྱི་ལྟེ་བ་ཞེས་པའི་མཚན་སྙན་ལྡན་ཞིང་། བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱི་ཁྱིམ་རྒྱུད་འབྱུང་ཡུལ་ཡིན། ཚལ་པའི་དེབ་དམར་དང་གུ་བཀྲའི་ཆོས་འབྱུང་སོགས་ཁུངས་ལྡན་གྱི་དེབ་ཐེར་ཁག་ཏུ་གྷ་ཐག་དང་། མི་ཉག་འགའ་དང་། མི་ཉག་གྷ། གྷ་ཐག། འགའ་ཐག། སྒོ་གདོང་སྒོ་མོ་སོགས་མིང་གི་རྣམ་གྲངས་མང་པོ་ཡོད་པ་འདི་དག་མགར་ཐར་ཞེས་གྲགས་པའི་ཡུལ་གྲུ་འདི་ཡིན་པ་མཁས་པ་ཀུན་གྱིས་ངོས་འཛིན་གཅིག་མཐུན་དུ་བྱུང་། བོད་བཙན་པོའི་དུས་ནས་ས་གནས་འདི་རུ་སྤུན་ཟླ་མི་རིགས་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་མཇལ་རྒྱུ་ཡོད་ལ། རྒྱ་བོད་མི་རིགས་བར་གྱི་མཐུན་སྒྲིལ་གྱི་གསེར་ཟམ་འཛུགས་ས་དང་། རིག་གནས་དང་ཚོང་ལས་བརྗེ་རེས་བྱེད་ས། མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱེད་སའི་ས་གནས་ཁྱད་པར་བ་ཞིག་ཀྱང་ཡིན།
མགར་ཐར་གྲོང་རྡལ་ལོ་རྒྱུས་རིག་དངོས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
       བཞུགས་མོལ་ཚོགས་འདུར་ཆེད་མཁས་པ་སོ་སོས་རང་གི་མཐོང་ཐོས་དང་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཟུང་ནས། མི་ཉག་མགར་ཐར་ཡུལ་གྱི་ཡུལ་ལྗོངས་ཉམས་དགའ་བ་དང་། ལོ་རྒྱུས་རྒྱུན་རིང་བ། གནའ་ཤུལ་ཕུན་སུམ་ཚོགས་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་རང་བཞིན་ལྡན་པ། ཚོང་འདུས་ཀྱི་ས་ཚུགས་གལ་ཆེན་ཡིན་པ་བཅས་ལ་དམིགས་ནས་གསུང་བཤད་དང་གདེང་འཇོག་གང་ལེགས་གནང་།
མགར་ཐར་ཡུལ་གྱི་རྩོམ་པ་པོ་དག་གི་བརྩམས་ཆོས།
       ཆེད་མཁས་པའི་རྟོག་ཞིབ་ཚོ་ཆུང་དང་ཚོགས་ཞུགས་མི་སྣ་ཡོངས་མགར་ཐར་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་དངོས་མང་ཁང་དུ་བསྐྱོད་ནས་ས་གནས་ལོ་རྒྱུས་འཕེལ་རྒྱས་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། རྒྱ་ལྕགས་རི་ཞེས་གྲགས་པའི་མགར་ཐར་ལྕགས་རི་རྙིང་པའི་རྗེས་ཤུལ། མགར་ཐར་གནའ་གྲོང་། མགར་ཐར་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་ཞལ་འབག་དང་། ཐང་ག། མར་རྒྱན་མཆོད་པ། ཤིང་བརྐོས་ལག་རྩལ། ཨ་ཅེ་ལྷ་མོའི་ཟློས་གར་སོགས་ཡུལ་གྲུ་འདི་གའི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་དང་རིག་གནས་སྒྱུ་རྩལ་སྐོར་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པས་ཡུལ་དངོས་ནས་རིག་གནས་བརྒྱུད་འཛིན་གྱི་གོ་རིམ་ལ་གསལ་འགྲེལ་དང་ལག་ལེན་བྱས་པས། མགར་ཐར་ཡུལ་ནི་རིག་གནས་ཀྱི་རྫོང་མཐུག་ཅིང་། རིག་གནས་ལོ་རྒྱུས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ར་སྤྲོད་བྱུང་། གཟིམས་ཁང་དང་མགར་ཁྱིམ་རྒྱུད་ཀྱི་རྗེས་ཤུལ། མགར་ཐར་དགོན་པར་ཉར་ཚགས་བྱས་པའི་ཆིང་རྒྱལ་རབས་སྐབས་ཀྱི་སོག་རྒྱ་ཡིག་རིགས་གཉིས་ལྡན་གྱི་བཀའ་གཙིགས་རྡོ་རིང་སོགས་ལ། འབྲེལ་ཡོད་ལོ་རྒྱུས་ཡིག་ཚགས་གཞིར་བཟུང་སྟེ། ཆེད་མཁས་པ་དང་དགོན་སྡེའི་འགྲེལ་བཤད་པས་ཡུལ་དངོས་སུ་འགྲེལ་བཤད་ཞིབ་ཚགས་བྱས་པ་རེད།
སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཡུ་འབྲུག་མཚོ་མོ་ལགས་ཀྱིས་མགར་ཐར་དགོན་པ་ངོ་སྤྲོད་གནང་བཞིན་པ།
       ཆེད་མཁས་པ་རྣམ་པས་མགར་ཐར་ཡུལ་གྱི་མི་རིགས་མང་པོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་ལོ་རྒྱུས་བརྒྱུད་རིམ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ལོ་རྒྱུས་ཤུལ་དངོས་སྲུང་སྐྱོང་། མགར་ཐར་དགོན་པའི་བཀའ་གཙིགས་རྡོ་རིང་སོགས་མདོར་ན་མི་ཉག་མགར་ཐར་ཡུལ་གྱི་ལོ་རྒྱུས་རིག་གནས་འདས་མ་ད་གསུམ་སྐོར་ལ་གསུང་གླེང་ལྷུག་པོ་མཛད་པས། མ་འོངས་པའི་མི་རིགས་མཐུན་སྒྲིལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ཕན་འབྲས་བླ་ན་མེད་པ་ཐོན་པ་རེད། རྗེས་མར། རྟའུ་རྫོང་གིས་ཆེད་མཁས་པའི་རིག་མཛོད་བཙུགས་ནས། མི་ཉག་མགར་ཐར་ཡུལ་གྱི་མི་རིགས་འགྲོ་འོང་དང་རིག་གནས་སྤེལ་རེས་ཀྱི་གྲགས་རྟགས་ལེགས་པར་བསྐྲུན་རྒྱུ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རིག་གནས་ཀྱི་ཤུགས་བརྒྱག་རྒྱུ་ཡིན་པ་རེད།
ཚོགས་ཞུགས་མི་སྣའི་མཉམ་པར།
ཤིང་བརྐོས་ལག་རྩལ།
ལག་རྩལ་བརྒྱུད་འཛིན།
གོས་རྒྱན་དང་ཨ་ཅེ་ལྷ་མོ།
འབྲེལ་ཡོད་འོས་སྦྱོར།