བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས།
རྩོམ་པ་པོ།:དབང་སྒྲོན་སྐྱིད་སོགས།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-09-07
ཀློག་གྲངས།:
ཟླ9ཚེས5ཉིན་གྱི་སྔ་དྲོར། བོད་ལྗོངས་རིག་རྩལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་སྒྲུབ་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་དཔྱད་བརྗོད་རྟེན་གཞི་བཅས་ཀྱིས་སྒྲུབ་འགན་ཁུར་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞི་ཨེར་ཏུན་ཧུའེ་གསོལ་མགྲོན་ཁང་དུ་འཚོགས་ཤིང་། ཚོགས་འདུར་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་གཏན་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཡོན་ཀྲང་དབང་འཛོམས་བཅས་ཀྱིས་ཤིས་ཚིག་བསྒྲོན་པ་མ་ཟད། རྩོམ་པ་པོ་ཁོང་གི་བརྩམས་ཆོས་ཀྱི་ནང་དོན་དང་། ཁྱད་ཆོས། རིན་ཐང་སོགས་ལ་གདེང་འཇོག་བཟང་པོ་གནང་བ་རེད།

རྩོམ་རིག་གི་སྟོན་མོ་གཟབ་རྒྱས་དེར་བོད་ཀྱི་རྩོམ་པ་པོ་གྲགས་ཅན་རྒན་དར་གཞོན་གསུམ་དང་། ས་ཁུལ་དང་གྲོང་ཁྱེར་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཐུས་མི། ཆེད་མཁས་པའི་འཐུས་མི། སྨྱུག་ཚོགས་ཀྱི་འཐུས་མི། རྩོམ་རིག་ལ་དགའ་མཁན། ཀློག་པ་པོ་སོགས་མ་གྲོས་གཅིག་ཏུ་འཛོམས་ཤིང་། རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱིས«ཕུགས་འདུན་མངོན་འགྱུར་གྱི་འགྲུལ་བཞུད། ངའི་གསར་རྩོམ་ལམ་བུར་ཕྱི་མིག་ལྟ་བ»ཞེས་པ་ཁ་བྱང་དུ་བྱས་ནས་རང་ཉིད་ཀྱི་མངར་སྐྱུར་ཁ་གསུམ་གྱི་གསར་རྩོམ་གྱི་ལམ་བུ་དང་མྱོང་བརྒྱུད་སོགས་ལྷུག་པོར་གླེང་སྟེ། རྩོམ་རིག་ལ་བཅངས་པའི་བཅོས་མིན་གྱི་བརྩེ་བ་དྭངས་མ་མཚོན་པར་བྱས་པར། དེར་ཞུགས་ཀྱི་གཞོན་སྐྱེས་རྩོམ་པ་པོ་དང་ཀློག་པ་པོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད་པ་རེད།

རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་ལགས་དུས་རབས20པའི་ལོ་རབས་བརྒྱད་ཅུ་པ་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་པ་དང་། ལོ་ངོ་བཞི་བཅུའི་རིང་ཁོང་གིས་ཕུན་སུམ་ཚོགས་པའི་མི་ཚེའི་མྱོང་རྒྱུས་དང་། འཚོ་བའི་ཟུར་མང་པོ་གསལ་རྟོགས་དང་ཟབ་འཇུག་བྱེད་པའི་གོམས་གཤིས་བཟང་པོ། ཆེད་ལས་ཀྱི་ཤེས་ཡོན། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་འདུ་ཤེས་བཅས་ལ་བརྟེན་ནས། དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོ་ཞིག་བསྐྲུན་ཡོད། ཁོང་གིས་སྔ་རྗེས་སུ་མཐོ་རིམ་རྩོམ་སྒྲིག་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཀྱི་འགན་བཞེས་མྱོང་། ཁོང་ནི་དབུས་གཙང་ཙམ་མ་ཟད་བོད་ཡོངས་སུ་མཚན་སྙན་ཆེ་བའི་སྒྲུང་གཏམ་རྩོམ་པ་པོའི་ཚབ་མཚོན་མི་སྣའི་གྲས་ཤིག་ཡིན་ཞིང་། སྔ་གཞུག་ཏུ་སྒྲུང་གཏམ་དང་། འབོལ་རྩོམ། ལྷུག་རྩོམ། བསྒྱུར་རྩོམ་སོགས་གྲངས་འབོར་མི་ཉུང་བ་ཞིག་གསར་རྩོམ་དང་ལོ་ཙཱ་གནང་ཡོད་པ་དང་། བོད་ཀྱི་རྩོམ་རིག་གར་སྟེགས་སུ་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་ཀློག་པ་པོ་མང་པོའི་མིག་གི་དགའ་སྟོན་དུ་བཤམས་མྱོང་།

བརྩམས་སྒྲུང་འབྲིང་ཐུང་བདམས་བསྒྲིགས«ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས»དང«རྒྱུད་སྐུད་སྟེང་གི་རྣམ་ཤེས» བརྩམས་སྒྲུང་རིང་གྲས«ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག» ལྷུག་རྩོམ་ཕྱོགས་བསྒྲིགས«ས་སྲོས་ཀྱི་འཆར་སྒོ» དོན་བརྗོད་ལྷུག་རྩོམ«དགུན་གཞུང་རིང་མོ»། བསྒྱུར་རྩོམ«འདས་ལོག»དང«ལྕམ་ཆུང་བྷོ་ཝ་རའི་གཏམ་རྒྱུད»སོགས་བརྩམས་ཆོས་མང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། དེ་དག་གིས་ཀློག་པ་པོ་མང་པོར་བག་ཆགས་ཟབ་མོ་བཞག་ཡོད། ཁོང་ལ་སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་སྟེ། “རྟ་མཆོག་བྱ་དགའ” རྒྱལ་ཡོངས་རྩོམ་རིག་བྱ་དགའ་སྟེ། “ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ”ལྗོངས་ཞིང་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ་སྟེ། གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐོབ་མྱོང་། བརྩམས་ཆོས་ཁག་གཅིག་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ཡོད་པ་དང་། ཁག་གཅིག་སློབ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད། ད་ལྟ་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་རྒྱུན་སྐྱོང་བཞིན་མཆིས།

ཚོགས་འདུའི་མཇུག་ཏུ་དེར་འདུས་ཀྱི་རྩོམ་པ་པོ་དང་ཚོགས་ཞུགས་མི་སྣས་ས་ཡུལ་དངོས་སུ་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་གྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་བརྩམས་ཆོས་དག་གིས་བཞག་པའི་བག་ཆགས་དང་། གཞོན་སྐྱེས་རྩོམ་པ་པོར་ཐེབས་པའི་ཤུགས་རྐྱེན། བརྩམས་ཆོས་དག་གི་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། རྩོམ་རིག་གི་རིན་ཐང་སོགས་ལ་དམིགས་ནས་དངོས་གཞིའི་དཔྱད་གླེང་དང་རང་མོས་བགྲོ་གླེང་བྱས་ཤིང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་གསར་འགོད་པ་རྒན་དཔལ་མཆོག་ལགས་ཀྱིས། “དེ་རིང་རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།

དུས་ཡུན་རིང་པོའི་ནང་རྩོམ་ཡིག་འབྲི་བར་གཞོལ་བ་དང་རྩོམ་རིག་གི་ཀློག་པ་པོ་ཞིག་ལ་མཚོན་ན་ཁོང་གི་བརྩམས་སྒྲུང་དང་། ལྷུག་རྩོམ། དེ་བཞིན་གསར་འགྱུར་རྩོམ་རིག་དང་ཡིག་སྒྱུར་གྱི་བརྩམས་ཆོས་མང་པོ་ཞིག་ལ་ལྟ་ཀློག་བྱས་རྗེས་ལས་ཀ་སོགས་ལ་ཕན་ཆེན་པོ་ཐོགས་སོང་། བྱས་ཙང་། གཞོན་སྐྱེས་ཚོས་རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་སྒྲུང་ཙམ་མ་ཟད། གསར་འགྱུར་རྩོམ་ཡིག་དང་། རྩོམ་རིག་ཡིག་སྒྱུར་བྱེད་སྟངས་སོགས་ལའང་སློབ་སྦྱོང་བྱེད་ས་དང་མིག་དཔེ་ལྟ་ས་ཧ་ཅང་མང་པོ་འདུག”ཅེས་གསུངས་པ་དང་། ཀློག་པོ་པོའི་འཐུས་མི་སྤོས་ཁང་སྒྲོལ་བཟང་ལགས་ཀྱིས། “རྒན་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་མང་ཆེ་བ་བཀླགས་མྱོང་། ཞིང་གྲོང་གི་འཚོ་བ་དངོས་མཚོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པའི་རྒན་ལགས་ཀྱི་བརྩམས་ཆོས་དག་གིས་ངར་བག་ཆགས་ཟབ་མོ་བཞག་བྱུང་། རྒན་ལགས་ཀྱི་བརྩམས་ཆོས་ཀློག་པར་ཧ་ཅང་དགའ་པོ་ཡོད”ཅེས་བརྗོད།

རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱིས་ལོ་བཞི་བཅུའི་རིང་ཆེ་བཞག་ཆུང་བསྐྱུར་གྱིས་རྩོམ་རིག་གསར་རྩོམ་དང་དུས་རབས་གསར་པའི་རྩོམ་པ་པོའི་དཔུང་སྡེ་སྐྱེད་སྲིང་དང་འཕེལ་རྒྱས་ལ་སྔར་མེད་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད་པ་ནི་སྨོས་མེད་ཅིག་རེད།
འབྲེལ་ཡོད་འོས་སྦྱོར།
