logo

ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཐུན་ཏེ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-04-08 ཀློག་གྲངས།:
        ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཐུན་ཏེ་རྫོང་དུ་རྟོག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་བྱེད་པར་བསྐྱོད་དེ། རིམས་འགོག་བྱ་བའི་ས་གནས་དང་ཁེ་ལས་བཟོ་གྲྭ། ལས་ཁུངས་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉེན་མེད་ཐོན་སྐྱེད། དཔལ་འབྱོར་གོང་སྤེལ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ཤིང་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས་ཐུན་ཏེ་རྫོང་གི་བྱ་བར་སྙན་ཞུ་ཉན་རྒྱུར་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་བའི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་བྱེད་དགོས་པའི་སྐོར་ནས་གཏམ་བཤད་གནང་བ་རེད།
        ཀརྨ་ཕུན་ཚོགས་ཀྱིས་བསྟན་དོན། ཉེ་དུས་ཞིང་ཆེན་ནང་ཁུལ་གྱི་མཚོ་ཤར་དང་ཟི་ལིང་དུ་པྲོག་གསར་གློ་ཚད་ཕོག་མཁན་མང་པོ་ཡོད་པ་མ་ཟད། འགོས་ནད་ཕོག་མཁན་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། སྤྱི་ཚོགས་སྒྲིག་ལམ།དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་ལ། ཉེ་འགྲམ་གྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས་ནད་ཡམས་སྒོ་འགྲམ་དུ་ཐོན་གྲབས་ཡོད་པས་ང་ཚོས་སྟེས་དབང་གི་བསམ་བློ་གཏན་ནས་བཅངས་མི་རུང་བར་ངེས་པར་དུ་མདུན་དུ་ལྷགས་པའི་ཛ་དྲག་གི་དུས་བབ་ལ་ངོས་འཛིན་ཐུབ་པ་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ཁུལ་ཡོངས་ཀྱི་གོང་འོག་གི་དོན་ཆེན་དང་ལས་འགན་ཨང་དང་པོར་བརྩི་དགོས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཉེན་ཁར་ཞིབ་བཤེར་དང་གནད་དོན་འཚོལ་བ། སྐྱོན་ཆ་འགོག་པ་བཅས་ལ་གཞི་ཚུགས་ཏེ་ཆུང་ས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འགྲོ་འོང་བྱེད་པའི་མི་ཚོགས་ལ་དམ་པོར་དམིགས་ནས་གཞི་གྲངས་ཆེན་པོ་དང་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་མཐར་ཕྱིན་པ་བྱས་ཏེ་རང་ཁུལ་དུ་ལོག་མཁན་གྱི་གྲངས་འབོར་དང་འགྲོ་ཕྱོགས་ལ་རྒྱུས་ལོན་བྱས་ནས་དོ་དམ་ཚོད་འཛིན་དང་འཁོར་རྒྱུག་ཁུངས་འདེད། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་ཧྲང་ཧེ་སོགས་ཉེན་ཁ་ཆེ་བའི་ས་ཁུལ་ནས་འགྲོ་འོང་བྱེད་མཁན་ལ་གྲལ་བཤེར་དང་མཐིལ་རྟོགས་ལེགས་པོ་བྱས་ཏེ་རིམ་པ་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བར་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་གཏོང་དགོས་ཞེས་བཤད་པ་རེད།
        ཀརྨ་ཕུན་ཚོགས་ཀྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་ལ། དེ་ནི་ལས་དོན་མཐའ་དག་གི་རྨང་གཞི་དང་འགན་ལེན་ཡིན། ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཕྱོགས་གཉིས་ཀར་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་ཡོང་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་འཛིན་བྱས་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། མ་མཐའི་མཚམས་ཐིག་གི་བསམ་བློ་དང་དམར་ཐིག་གི་འདུ་ཤེས་མཐའ་འཁྱོངས། ཉེན་བརྡ་རྒྱུན་གཏོང་དང་དམ་འཛིན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས། ཚད་མཐོའི་འགན་འཁུར་དང་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས“ཕྱོགས་བཞིའི་འགན་འཁྲི”ནན་ཏན་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་ལ་སྲུང་སྐྱོང་བཅས་བྱ་དགོས།
        “འགོ་ཡག་པོ་འཛུགས་ཐུབ་པའི”རྨང་གཞིའི་ཐོག་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ། འཐབ་ཇུས་ཀྱི་བསམ་གཞིག་བཅས་ལ་ཤུགས་བསྣན་ནས་ཉམས་ཞན་ཁྱབ་ཁོངས་དང་ཉམས་ཞན་ས་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་དམིགས་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་ལས་འགན་ལ་དམ་པོར་དམིགས་པ། སྲིད་ཇུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་བྱེད་པ། གྲུབ་ཆ་ལེགས་སྒྲིག་བྱེད་པ། རྣམ་གྲངས་མ་འཇོག་མང་དུ་གཏོང་བ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
        རྟོག་ཞིབ་བྱེད་པའི་སྐབས་སུ་ཀརྨ་ཕུན་ཚོགས་ཀྱིས་ད་དུང་ལས་ཀའི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་ལས་བཟོ་བ་ལ་འཚམས་འདྲི་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྥན་རུན་ཡོན་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་ཏིང་རུའེ་དབྱི། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་ལི་ཝུའེ། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱང་ཧྲུའུ་ཕིང་། དེ་མིན་ཐུན་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།