logo

མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-15 ཀློག་གྲངས།:
མཚོ་ལྷོ་ཁུལ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་གཞུང་ལས་ཁང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུའི་སྐོར་ནས་བཏང་བའི་འཕྲིན་ཡིག

ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པ། 
        སྤྱི་ཟླ4པར་སླེབས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་ཁག་ཅིག་ཏུ་ནང་འདྲེན་རང་བཞིན་གྱི་པྲོག་གསར་གློ་ཚད་ཀྱི་རིམས་ནད་བསྟུད་མར་ཐོན་པ་དང་། འགོས་ནད་ཕོག་པའི་མི་གྲངས་དུས་ཐུང་ནང་མང་དུ་འགྲོ་བའི་རྣམ་པ་ཐོན་ནས་རིམས་བབ་སྐར་ཁུང་དུས་རིམ་དང་། ཉེན་ཁའི་དུས་རིམ། འགག་རྩའི་དུས་རིམ་བཅས་སུ་སླེབས་ཡོད་པ་རེད། ཐེངས་འདིའི་རིམས་ནད་ནི་མཆེད་ཤུགས་ཆེ་བ་དང་། འགོས་ཁྱབ་མྱུར་བ། འགོས་ཁྱབ་བརྒྱུད་རིམ་གསལ་པོ་མི་ཤེས་པ། མྱུར་མོར་ཤེས་རྟོགས་བྱེད་དཀའ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཀའ་གནད་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། རེས་སྐོར་གསར་པའི་རིམས་ནད་ཀྱི་དུས་བབ་ལ་དམིགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ“ཕྱོགས་བཞིའི”འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་། “སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ། མི་སྣའི་འགུལ་སྐྱོད་ལ་ཚོད་འཛིན་ནན་མོ་བྱེད་པ། ནང་འདྲེན་རང་བཞིན་གྱི་ཉེན་ཁ་ནན་འགོག་བཅས་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས།
        གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན། རང་ཁུལ་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་། ལྷག་པར་དུ“ལྔ་གཅིག”གུང་གསེང་དང་སྨྱུང་གྲོལ་དུས་ཆེན་ལ་སླེབས་པ། དབྱར་རྩྭ་དགུན་འབུ་བརྐོ་ལ་ཉེ་བའི་དུས་འདིར། རང་ཁུལ་དུ་ཕྱོགས་ཡོང་མི་སྣའི་ནང་འདྲེན་རང་བཞིན་གྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་རིམས་ནད་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། ཁུལ་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་ནུས་ཤུགས་ཡོད་རྒུས་ཞུགས་ཏེ་རང་འགུལ་ངང་འགན་འཁྲི་ཡོད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཧུར་ཐག་གིས་འབད་དགོས།
སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ།
        
རིམ་ཁག་ལས་བྱེད་པས་གྲོང་ཚོའི(སྡེ་ཁུལ)དྲ་མིག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། དུད་ཚང་དང་འབྲེལ་བ་བྱས་ནས་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱ་དགོས། དུད་ཚང་དུ་བསྐྱོད་དེ་གྲལ་བཤེར་དང་ཕྱོགས་མིའི་ཐོ་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གྲོང་ཚོ(སྡེ་ཁུལ)དང་ཁྱིམ་ཚང་ཚང་མར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་གྲོང་ཚོ་དང་དུད་ཚང་། མི་གཅིག་ཀྱང་མ་ལུས་པ་བྱས་ནས་ཁྱོན་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་དྲ་བ་ཚགས་དམ་པོར་བཟོ་དགོས། 
མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ།
        
ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མི་སྒེར་གྱི་འགོག་སྲུང་མུ་མཐུད་ཡག་པོ་བྱས་ཏེ་ཁ་རས་རྒྱག་པ་དང་ལག་པ་བཀྲུ་བ། སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱས་ནས་རིམས་འགོག་སྨན་ཁབ་གསར་པའི་བརྒྱུད་རིམ་ཧྲིལ་པོ་ཧུར་ཐག་གིས་སྒྲུབ་པ། རང་རྟོགས་ངང་ཞིབ་དཔྱད་ཚད་ལེན་མི་སྣར་གཞོགས་འདེགས་བྱས་ཏེ་དྲོད་ཚད་འཇལ་བ་དང་། རང་འགུལ་ངང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཏེ་རང་ངོས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱ་དགོས།
འགྲོ་འོང་ལ་ཚོད་འཛིན་ནན་མོ་བྱེད་པ།
        
མི་རང་ཉིད་ནས་སྣེ་ཁྲིད་བྱས་ཏེ་མི་མང་འདུ་འཛོམས་བྱེད་སར་མ་བསྐྱོད་པ་དང་རྩ་འཛུགས་མི་བྱེད་པ། འདུ་འཛོམས་དང་གསོལ་སྟོན་ལ་མི་ཞུགས་པ། གལ་ཆེའི་དོན་དག་མེད་ཚེ་ཞིང་ཆེན་གཞན་དུ་མི་འགྲོ་བ། དགོས་ངེས་མེད་ཚེ་རང་ཁུལ་ནས་མི་འབྲལ་བ། དམིགས་བསལ་གནས་ཚུལ་གྱི་དགོས་མཁོའི་དབང་གིས་རང་ཁུལ་ནས་ཕྱི་ལ་འགྲོ་དགོས་ཚེ་ངེས་པར་དུ་སྡེ་ཁུལ་དང་ལས་ཁུངས་ལ་སྙན་སེང་ཞུ་དགོས། རིམས་ནད་བྱུང་བའི་སྐབས་སུ་གཉེན་ཉེ་དང་གྲོགས་པོ་སོགས་ལ་ཐུགས་འཕྲད་ཀྱི་བྱ་བ་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་རོགས།
སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པ།
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། དབང་གྲགས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་ལ་དོ་ཁུར་དམ་ཟབ་བྱས་ཏེ། ཁྱིམ་མི་དང་གྲོགས་པོ། ཁྱིམ་མཚེས་སོགས་ཀྱིས་ཞིབ་དཔྱད་མ་བྱས་པའི་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་གང་འདོད་ལྟར་བརྒྱུད་བསྒྲགས་དང་ཁྱབ་སྤེལ་མི་བྱེད་པར་སྐུལ་ཁྲིད་བྱས་ཏེ། དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་། དཀྲོག་གཏམ་བརྒྱུད་བསྐུར་མི་བྱེད་པ། འཇིགས་སྣང་མི་སྐྱེས་པ་བཅས་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་དགོས། 
གཉེར་སྒྲུབ་ལས་དོན་ཉུང་དུ་གཏོང་བ།
        
“གཉེན་དོན་དལ་སྒྲུབ་དང་། འདས་མཆོད་སྟབས་བདེ། དོན་དག་གཞན་པ་མི་སྒྲུབ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་སྣ་འདུ་འཛོམས་དང་འགྲོ་སྐྱོད་ཉུང་དུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཟང་ཟིང་མི་བཟོ་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་མཉམ་འགུལ་དང་། མི་ཚང་མས་ལག་ལེན་ལ་འབད་པ། ཁྱིམ་ཚང་ཚང་མ་རིམས་འགོག་ཁྲོད་ཞུགས་ནས་ང་ཚོ་ཐུན་མོང་གི་བདེ་ཐང་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀུན་གྱིས་མཚོ་ལྷོ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔར་བས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷན་རྒྱས་ཀྱི་སྐུ་གཟུགས་བདེ་ཐང་། ཁྱིམ་ཚང་འཆམ་མཐུན་ཡོང་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུས་པ་ཡིན།
མཚོ་ལྷོ་ཁུལ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་
ཐག་གཅོད་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་ནས་སྤྲིངས།
༢༠༢༢ལོའི་སྤྱི་ཟླ༤ཚེས༡༣ཉིན།
འབྲེལ་ཡོད་འོས་སྦྱོར།