logo

གུང་གཞོན་ཚོགས་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-11 ཀློག་གྲངས།:
        གུང་གཞོན་ཚོགས་པ་བཙུགས་ནས་ལོ་ངོ100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས་ཤིང་། ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད། 
        གུང་གཞོན་ཚོགས་པ་བཙུགས་ནས་ལོ་ངོ100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས10ཉིན་གྱི་སྔ་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ལང་ཚོའི་དཔལ་གྱིས་རེ་བ་ཚད་མེད་སྦྲུམ་པས། གཞོན་ནུ་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ནི་དུས་དང་སྐལ་བ་བཟང་བོར་འཁེལ་ཞིང་ཕྲག་ཏུ་ལས་འགན་ལྕི་མོ་འཁུར་ལ། རང་ཉིད་ཀྱི་འཇོན་ཐང་ངོམ་པའི་སྟེགས་བུ་ཧ་ཅང་རྒྱ་ཆེ་ཞིང་། འདུན་མ་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་ལྡན་པ་ཞིག་རེད། ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་སྡུར་ལྟ་བུ་ཞིག་ཡིན་པས། དེང་རབས་གཞོན་ནུ་ཚོས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་འགྲན་ལམ་སྟེང་དཔའ་ངར་ཆེན་པོས་སྔ་བ་སྔུན་མ་བརྩོན་ལེན་བྱེད་དགོས། གུང་གཞོན་ཚོགས་པས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཤེས་རྟོགས་ཟབ་མོ་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རང་རྟོགས་ཀྱིས་འགན་འཁྲི་འཁུར་བ། སེམས་པ་རྒྱ་ཆེའི་གཞོན་ནུ་དང་སྦྲེལ་བ། རང་ཉིད་གསར་བརྗེ་བྱེད་ཕོད་པ་བཅས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕུགས་བསམ་ལྡན་པ་དང་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོར་འགྱུར་བར་བྱས་ཐོག ལང་ཚོའི་སྒུལ་ཤུགས་དང་གསར་གཏོད་ཀྱི་ནུས་པ་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་དཔལ་ཡོན་རྒྱས་པར་བྱེད་ཅིང་། ལང་ཚོའི་བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་གཏོད་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།
        སྔ་དྲོའི་དུས་ཚོད10ཡི་སྟེང་ཚོགས་ཆེན་མགོ་བརྩམས་པ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གུང་གཞོན་ཚོགས་མི་ཡོངས་དང་རིམ་པ་སོ་སོའི་གུང་གཞོན་ཚོགས་མིའི་རྩ་འཛུགས། གུང་གཞོན་ཚོགས་པའི་ལས་བྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་དོ་ཁུར་གྱི་མིག་རྒྱང་གཞོན་ནུ་ཚོར་ཕྱོགས་ཤིང་གསར་བརྗེའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། ལོ་ངོ་བརྒྱའི་རིང་། ཏང་གི་མགོ་ཁྲིད་བརྟན་པོ་འོག་གུང་གཞོན་ཚོགས་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་གཞོན་ནུའི་མདུན་གྲལ་དུ་སྐྱོད་པ་དང་། མི་རབས་ནས་མི་རབས་ཀྱི་གཞོན་ནུ་ཚོར་དད་སེམས་བརྟན་པོ་འཛུགས་པ་དང་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་ཕྱུག་འགྱུར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་འབུལ་བར་རྩ་འཛུགས་དང་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད་བློ་སྟོབས་ཆེར་བསྐྱེད་ཀྱི་ལང་ཚོའི་ལེའུ་བྲིས་ཡོད། ལོ་ངོ་བརྒྱའི་རིང་། ཀྲུང་གོའི་གུང་གཞོན་ཚོགས་པས་ཐོག་མཐའ་བར་གསུམ་དུ་སེམས་པ་ཏང་དང་སྦྲེལ་ཞིང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱས་པ་དང་། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བློ་དཀར་པོས་ཏང་དང་མི་དམངས་ཀྱི་བྱ་གཞག་བསྐྱངས་ཤིང་། མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་བགྲོད་ལམ་སྟེང་ལང་ཚོའི་གཟི་དཔལ་ངོམ་ལ། སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་དེབ་ཐེར་ནང་གཟི་བརྗིད་ངོམ་པར་བཏོད་ཡོད། ལོ་རྒྱུས་དང་ལག་ལེན་ལས་ཀྲུང་གོ་གུང་གཞོན་ཚོགས་པ་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་གདོང་ལེན་རུ་ཁག་ཡིན་པར་ངོ་གནོང་མི་དགོས་པ་དང་། ཏང་གི་བསམ་པ་རྣམ་དག་གི་ལས་རོགས་དང་བློས་འགེལ་ཆོག་པའི་རྗེས་གྲབས་དམག་དཔུང་ཡིན་པར་ངོ་གནོང་མི་དགོས་པ་ར་སྤྲོད་གང་ལེགས་བྱས་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱའི་རིང་གུང་གཞོན་ཚོགས་པས་ཕུགས་བསམ་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱིས་ཉམས་མྱོང་རྩ་ཆེན་བསགས་ཡོད། ལོ་ངོ་བརྒྱའི་རྒྱང་སྐྱོད་ཀྱི་བགྲོད་ལམ་སྟེང་གུང་གཞོན་ཚོགས་པས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རང་གནས་ཀྱི་རྩ་བ་བཏོད་ཅིང་། གུང་གཞོན་ཚོགས་པས་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་པའི་ཆབ་སྲིད་ཀྱི་བླ་སྲོག་བཏོད་ལ། གུང་གཞོན་ཚོགས་པ་མི་རིགས་བསྐྱར་དར་ནང་ཞུགས་པའི་འབད་འབུངས་ཀྱི་སྟོབས་ཤུགས་བཏོད་པ་དང་། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུའི་ཁྲོད་རྐང་བཙུགས་པའི་གསོན་ཤུགས་ཀྱི་འབྱུང་ཁུངས་བཏོད་ཡོད། འདི་ནི་གུང་གཞོན་ཚོགས་པས་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་གཞི་འཛིན་ས་གལ་ཆེན་ཞིག་རེད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་གཞོན་ནུ་རྣམས་ལ་སྔར་ལས་ཇི་ལྟར་མཐུན་སྒྲིལ་དང་རྩ་འཛུགས། སྐུལ་སློང་བཅས་བྱས་ནས་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་གྱི་ཆེད་དུ་འབད་འཐབ་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུ་བྱ་བས་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པར་རེ་བ་བཞི་བཏོན་པ་སྟེ། དང་པོ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུའི་བསམ་བློ་ཡར་ཐོན་ལ་སྣེ་ཁྲིད་མཁན་གྱི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་ཏུ་འགྱུར་བར་བྱེད་དགོས། གཉིས་པ། རང་རྟོགས་ཀྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་རྣམས་རྩ་འཛུགས་བྱས་ནས་དུས་གཏན་དུ་འབད་འཐབ་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། གསུམ་པ། སེམས་པ་རྒྱ་ཆེའི་གཞོན་ནུ་དང་འབྲེལ་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུར་འགྱུར་དགོས། བཞི་པ། རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲང་མཁན་གྱི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་སྔོན་ཐོན་རྩ་འཛུགས་ཤིག་ཏུ་འགྱུར་བར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡར་རྒྱས་བརྩོན་པ་ནི་གཞོན་ནུ་རྣམས་ཀྱི་ཁྱད་ཆོས་རྩ་ཆེན་ཡིན་ལ། ཏང་དང་མི་དམངས་ཀྱི་རེ་བ་ནན་མོའང་ཡིན། དུས་རབས་གསར་པའི་རྒྱ་ཆེའི་གཞོན་ནུ་རྣམས་ནི་རྒྱང་རིང་གི་ཕུགས་འདུན་དང་དད་མོས་བརྟན་པོ་ཡོད་པའི་དཔེ་ལེགས་བྱེད་དགོས་ལ། སྣེ་ཁྲིད་སྒོས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་འདུན་མ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་འདུན་མ་ཆགས་སུ་འཇུག་པ། རང་འགུལ་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་བཅས་ཀྱིས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས། སྙིང་རུས་ཀྱིས་སློབ་སྦྱོང་བྱེད་པ་དང་བློ་རྩ་བརྟན་པོས་གསར་བཏོད་དཔེ་བཟང་བྱེད་དགོས་ལ། སྣེ་ཁྲིད་སྒོས་ལས་རྐང་ལ་རྐང་ཚུགས་པ་དང་དཀའ་སྤྱད་ཀྱིས་ནུས་རྩལ་སྦྱོང་བ། སྔོན་ཐོན་དང་དཔེ་ལེགས་བརྩོན་པ་བཅས་ཀྱིས། ལས་རིགས་ཀྱི་རྐང་འཛིན་པ་དང་གཞོན་ནུའི་གདོང་ལེན་པ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ཀྱི་དཔེ་སྟོན་བྱེད་མཁས་བྱེད་དགོས་ལ། སྣེ་ཁྲིད་སྒོས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱིས། ལོག་བཤད་ལ་མི་སྐྲག་པ་དང་གདོན་འདྲེ་ལ་མི་སྐྲག་པའི་དཔའ་བོ་བྱེད་དགོས། དཀའ་སྤྱད་འབད་བརྩོན་དང་སྒེར་མེད་གསོལ་འབུལ་གྱི་དཔེ་སྟོན་བྱེད་དགོས་ལ། སྣེ་ཁྲིད་སྒོས་མི་དམངས་ཀྱི་ལངས་ཕྱོགས་ནས་ལངས་པ་དང་ཏན་ཏན་ཏིག་ཏིག་དང་བདེན་དོན་དངོས་གཉེར་བྱེད་པ། སྡུག་སྔོན་ལ་མྱོང་བ་དང་ལོངས་སྤྱོད་རྗེས་སུ་བྱས་ཏེ། ནམ་ཡང་བཙའ་མི་ཆགས་པའི་གཅུས་གཟེར་བྱེད་དགོས། སྤྱོད་བཟང་ལ་བརྩི་མཐོང་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་དཔེ་སྟོན་བྱེད་དགོས་ལ། སྣེ་ཁྲིད་སྒོས་ཀུན་སྤྱོད་བཟང་བ་དང་སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་མོ་ཡིན་པ་བཅས་ཀྱིས། སྒྲིག་སྲུང་ཁྲིམས་བརྩི་ནན་མོ་དང་གུང་གཞོན་ཚོགས་པའི་འོས་འགན་ལག་བསྟར་ནན་མོ་བྱེད་མཁན་བྱེད་དགོས། རྒྱ་ཆེ་བའི་གུང་གཞོན་ཚོགས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་སྦྱོང་བརྡར་ནན་ཏན་གྱིས་དང་ལེན་དང་ཆབ་སྲིད་ཀྱི་རྡུང་བཟོ་ལ་ཤུགས་སྣོན་པ།ཆབ་སྲིད་ཀྱི་ཡར་རྒྱས་སྙེག་པ་བཅས་བྱས་ཏེ། ཏང་རྩ་འཛུགས་དང་ཉེ་བར་བཅར་ཅི་ཐུབ་བྱེད་པ་དང་། ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་བ་དེ་དམིགས་འབེན་དང་གཟི་བརྗིད་དུ་བརྩི་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། གུང་གཞོན་ཚོགས་པའི་ལས་བྱེད་པས་ཏང་ལ་བློ་དཀར་བའི་གཤིས་རྒྱུད་བརྟན་པོར་འཛུགས་པ་དང་། ཕུགས་འདུན་རིང་ལུགས་ཀྱི་བསམ་བློའི་གཤིས་ཀ་དར་སྤེལ་གཏོང་དགོས། རང་འགུལ་གྱིས་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས། རྒྱ་ཆེའི་གཞོན་ནུ་རྣམས་དང་མཉམ་འདུག་མཉམ་སྐྱོད་ཀྱིས་གཞོན་ནུ་གྲོགས་པོར་འགྱུར་དགོས་པ་ལས། གཞོན་ནུའི་དཔོན་པོར་འགྱུར་མི་རུང་ལ། གཞོན་ནུ་རྣམས་ལ་ཇུས་གཞི་འདོན་པ་ལས་རང་ཉིད་ཀྱི་ཁེ་ཕན་སྙེག་མི་རུང་། ཁག་ཁུར་དངོས་གཉེར་གྱི་བྱ་བ་སྒྲུབ་སྟངས་སྐྱེང་སྲིང་བྱེད་པ་དང་། སྟོང་གཏམ་མི་བཤད་པར་དངོས་དོན་མང་དུ་གཉེར་བ། དཀའ་སྡུག་གི་ཁོར་ཡུག་དང་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས་དཀའ་སྡུག་དང་ཁུར་བོ་ལྗིད་མོ། ཉེན་ཁ་བཅས་ཁུར་དུ་བླངས་ནས། མི་རྣལ་མ་བྱེད་པ་དང་བྱ་བ་ཏན་ཏིག་བསྒྲུབ་དགོས། དྭངས་གཙང་རང་གཅུན་གྱི་ཀུན་སྤྱོད་བློ་སྦྱོང་གསོ་སྐྱོང་བྱས་ཏེ། སེམས་ན་འཇིགས་ས་དང་གཏམ་ལ་སྡོམ་པ་ཡོད་པ། སྤྱོད་ལ་འཛེམ་ས་ཡོད་པར་བྱེད་པ་དང་། སྙིང་རུས་དང་བཟོད་ནུས་དང་གཅུན་ནུས་བཅས་རྒྱུན་མི་ཆད་པར་སྦྱོང་བརྡར་བྱས་ཏེ། སྤྱི་སེམས་ཁོ་ན་གཉེར་བ་དང་དྲང་གཞག་ཁོ་ན་སྐྱོང་བའི་མི་བཟང་པོ་ཞིག་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ལམ་སྟེང་། ཀྲུང་གོ་གུང་ཁྲན་ཏང་ནི་གདོང་ལེན་རུ་ཁག་ཡིན་པ་དང་། གུང་གཞོན་ཚོགས་པ་ནི་འཕྲལ་རྒོལ་རུ་ཁག་ཡིན་ལ། ལོ་ཆུང་གདོང་ལེན་རུ་ཁག་ནི་གྲ་སྒྲིག་རུ་ཁག་ཡིན་པས། རུ་ཁག་དང་ཚོགས་པ། ཏང་ནང་བཅས་སུ་ཞུགས་རྒྱུ་ནི་ན་གཞོན་རྣམས་ཀྱིས་ཡར་རྒྱས་བརྩོན་པའི“མི་ཚེའི་རོལ་དབྱངས་གསུམ”ཡིན། གུང་གཞོན་ཚོགས་པས་གུང་གཞོན་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་དེ་ཆབ་སྲིད་འགན་འཁྲི་ལག་བསྟར་ལེགས་པོ་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གིས་ཕུལ་བྱུང་འོས་སྦྱོར་གྱིས་ཚོགས་པར་ཞུགས་སུ་འཇུག་པ་དང་གུང་གཞོན་ཚོགས་པས་ཕུལ་བྱུང་འོས་སྦྱོར་གྱིས་ཏང་ནང་དུ་ཞུགས་སུ་འཇུག་པའི་བྱ་བའི་ནང་རྐྱེན་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་དགོས། ཏང་དང་ཚོགས་པ་དང་རུ་ཁག་བཅས་ཀྱིས་མི་གསོ་སྐྱོང་བྱེད་པའི་སྦྲེལ་ཐག་ཕན་ཚུན་སྦྲེལ་མཐུད་བྱེད་པ་དང་བསྟར་ལ་རྒྱུ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞོན་ནུ་ཏང་ཡོན་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་མཐོང་ཆེན་མཐོན་པོ་བྱེད་པ་དང་། ནང་སྒོས་སུ་ཕུལ་བྱུང་གུང་གཞོན་ཚོགས་པའི་ཚོགས་མིའི་ཁྲོད་ནས་ཏང་ཡོན་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ། གསར་བརྗེའི་རང་མདངས་ནམ་ཡང་མི་ཡལ་བ་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས(ཏང་རྩ་འཛུགས)ན་གཞོན་འཚར་ལོངས་འབྱུང་བའི་ཆོས་ཉིད་ལ་སེམས་ཤུགས་ཆེན་པོས་ཞིབ་འཇུག་བྱེད་པ་དང་། ནུས་ཤུགས་ཆེན་པོས་གཞོན་ནུའི་བྱ་བ་དམ་འཛིན་བྱས་ཏེ། གཞོན་ནུ་གྲོགས་པོ་རྣམས་ཀྱི་བློས་ཐུབ་གྲོགས་པོ་དང་གཞོན་ནུའི་བྱ་བར་སྤྲོ་བ་ཡོད་མཁན། གཞོན་ནུ་མང་ཚོགས་ལ་སྣེ་ཁྲིད་མཁན་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་འཛུགས་ལ་སྣེ་ཁྲིད་པའི་ལམ་ལུགས་ནང་རྐྱེན་དངོས་འབེབས་བྱེད་པ་དང་། ནམ་རྒྱུན་གུང་གཞོན་ཚོགས་པའི་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་དང་ཞིབ་འཇུག་བྱས་ཏེ། གུང་གཞོན་ཚོགས་པའི་ཀྲི་པུའུ་ལ་ཐུགས་ཁུར་ཟབ་མོ་བྱེད་པ་དང་བླང་བྱ་ནན་མོ་འདོན་དགོས་དགོས་ལ། གུང་གཞོན་ཚོགས་པས་མང་ཚོགས་ཚོགས་པའི་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལྟར་གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ལ་མཚོན་ནས་བཤད་ན། གཞོན་ནུ་ནི་ཆེས་གཅེས་སུ་འོས་པ་དང་ཆེས་རེ་སྒུག་བྱེད་རིན་ལྡན་པ་ཞིག་རེད། གཞོན་ནུ་ནི་འཚར་ལོངས་འབྱུང་བཞིན་པའི་སྡོང་ཕྲུག་ལྟ་བུ་ཡིན་པས། ནམ་ཞིག་གི་དུས་ན་སྡོང་རྒན་ཞིག་ཏུ་གྱུར་ཏེ་གནམ་གྱི་ཕྱེད་ཀ་ཁེབས་སྲིད། གཞོན་ནུ་ནི་ཞོགས་པའི་ཉི་གཞོན་དང་མཚུངས་པར་རྒྱུན་ཆད་མེད་པར་ནུས་ཤུགས་གཅིག་བསྡུ་བྱེད་ཀྱིན་ཡོད་པས། ནམ་ཞིག་གི་དུས་ན་འོད་དང་དྲོད་ཡོད་ཚད་ཡུལ་གྲུ་ཀུན་ཏུ་འདོན་ངེས་རེད། ཏང་དང་རྒྱལ་ཁབ་ཀྱི་རེ་བ་ཡོད་ཚད་གཞོན་ནུའི་སྟེང་དུ་བཞག་ཡོད།
        ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ལོ་ངོ100ཡི་རིང་ལ་གུང་གཞོན་ཚོགས་པས་བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་མཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ལང་ཚོའི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་ལྟ་བྱས་ཡོད་པ་དང་། ཏང་གི་མགོ་ཁྲིད་འོག་གུང་གཞོན་ཚོགས་པས་མཐུན་སྒྲིལ་སྒོས་མི་རབས་རེ་རེའི་གཞོན་ནུ་རྣམས་ལ་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་མདུན་མ་མངོན་དུ་བསྒྱུར་ཆེད་བསྒྲུབས་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་གང་ལེགས་མཛད་ཅིང་། གུང་གཞོན་ཚོགས་པ་དང་གཞོན་ནུ་བྱ་བའི་ལོ་རྒྱུས་ཉམས་མྱོང་ལ་འགྲེལ་བཤད་གསལ་བོ་བརྒྱབ་སྟེ། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་བྱ་བ་ལེགས་པོར་སྒྲུབ་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་དྲག་པོ་ལྡན། ང་ཚོས་སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་དངོས་འབེབས་གཏིང་ཟབ་བྱེད་དགོས།
        གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁའོ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཁྲེན་ཀང་གཉིས་ཀྱིས་ཚོགས་ཆེན་སྟེང་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།
འབྲེལ་ཡོད་འོས་སྦྱོར།