ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བརྗོད་གཞི་གཙོ་བོ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-05-24
ཀློག་གྲངས།:
ཞིན་ཁྲང་ཞིང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་ཕུལ་བ་དང་། ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཚོགས་ཆེན་གྱི་བརྗོད་གཞི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཏང་འཛུགས་སྙིང་སྟོབས་ཆེན་མོ་ཤུགས་ཆེན་པོས་སྤེལ་བ། དཀའ་གནད་འགག་སྒྲོལ་དང་རྒྱ་སྐྱེད་གསར་གཏོད་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པ་དེ་ཡིན།
ཞིན་ཁྲང་ཞིང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་འབུལ་བཞིན་པ།
ཟླ5པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་མགོ་བརྩམས། ཞིན་ཁྲང་ཞིང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཚོགས་ཆེན་ལ«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ»ཞེས་པའི་སྙན་ཞུ་ཕུལ།
ཞིན་ཁྲང་ཞིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཚོགས་ཆེན་ལ་སྙན་ཞུ་ཕུལ། སྙན་ཞུ་ལ་བསྡོམས་པས་ཁག་བཅུ་བགོས་ཡོད་དེ། གཅིག འདས་ཟིན་པའི་ལོ་ལྔའི་ལས་དོན། གཉིས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ། གསུམ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཞི། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་འཛུགས་སྐྲུན་བྱེད་པ། ལྔ། བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ། དྲུག བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བ། བདུན། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། བརྒྱད། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དགུ བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བཅུ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་དེ་སྔར་ལས་སྟོབས་ལྡན་དུ་གཏོང་བ་བཅས་ཡིན།
འཐུས་མི་རྣམས་ཀྱིས་སྙན་ཞུར་ཉན་བཞིན་པ།
ཞིན་ཁྲང་ཞིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་བསྐྱོད་ལམ་གསར་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཧ་ཅང་གལ་འགངས་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན། ཚོགས་ཆེན་གྱི་བརྗོད་གཞི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཏང་འཛུགས་སྙིང་སྟོབས་ཆེན་མོ་ཤུགས་ཆེན་པོས་སྤེལ་བ། དཀའ་གནད་འགག་སྒྲོལ་དང་རྒྱ་སྐྱེད་གསར་གཏོད་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པ་དེ་ཡིན། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང། ཐུགས་དགོངས་རིགས་སོ་སོའི་མི་དམངས་དང་སྦྲེལ་ཞིང། ཐུགས་བརྩེ་མཐོ་སྒང་གི་ཡངས་པའི་ས་གཞིར་གཏད། 2016ལོ་དང2021ལོར་མཚོ་སྔོན་དུ་ཐེངས་གཉིས་ལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་བས། མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི“ཆེས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་གསལ་བོར་བཏང་བ་དང་། “སྔོན་སྐྱོད་ས་ཁུལ་གསུམ”གྱི་འཛུགས་སྐྲུན་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་གསལ་བོར་བཏང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ། དམངས་འཚོའི་བདེ་སྐྱིད་སྐྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཕུགས་བསམ་གྱི་དད་མོས་བརྟན་པོར་གཏོང་བའི་ལས་འགན་གལ་ཆེན་ལྔ་བཅས་གསལ་བོར་བཏང་ལ། མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཆེས་མཐོ་བའི་བླང་བྱ་གསལ་བོར་བཏོན། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྒོལ་ཁ་ཕྱོགས་དང་འགུལ་སྐྱོད་ཀྱི་བགྲོད་ལམ་དུ་བརྩི་བ་གསལ་བོར་བཏང་བ་བཅས་བྱས་པས། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རླབས་ཆེན་གྱི་འཆར་འགོད་བཟོས་ཤིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་ཕྲ་བླངས་ནས། བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དྲིན་ཚོར་ངར་སྐྱོད་དང་ཞུན་བརྡར་མདུན་སྐྱོད་བྱས་ཤིང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་གོང་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས། དུས་ལྟར་རྒྱལ་ཡོངས་དང་གོམ་སྟབས་མཉམ་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་མངོན་འགྱུར་བྱས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འཁེལ་གནང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཤིང་། བྱ་བ་སོ་སོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་དང་འཕེལ་རིམ་གསར་བ་བླངས་ཡོད།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་རིང་ལ། ང་ཚོས་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པས་དཔལ་འབྱོར་གོང་སྤེལ་ལ་གྲུབ་འབྲས་གསར་བ་བླངས། སྐྱེ་ཁམས་ལེགས་འཛིན་རྒྱུན་འཁྱོངས་བྱས་པས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་རྒྱུགས་ཤོག་གསར་བ་ཞིག་སྤྲད། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པས་མི་དམངས་ཀྱི་བདེ་སྐྱིད་སྐས་རིམ་གསར་བ་ཞིག་ཏུ་སླེབས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་ཐིག་བྱེད་པ་རྒྱུན་འཁྱོངས་བྱས་པས་མི་རིགས་མཐུན་སྒྲིལ་ལ་ཡར་རྒྱས་གསར་བ་བྱུང་། མཉམ་སྐྲུན་མཉམ་བཅོས་མཉམ་རོལ་རྒྱུན་འཁྱོངས་བྱས་པས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་གསར་བ་ཞིག་ཏུ་སླེབས། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱས་པས་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་རྣམ་པ་གསར་བ་ཞིག་མངོན།འདས་དོན་ལ་ཕྱིར་མིག་བལྟས་ཚེ་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། ང་ཚོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་སྒོས་ཁྱད་དུ་བསད་ནས་ཐོབ་དཀའ་བའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་འབྲས་བུ་བླངས་པའི་ཆེས་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་ཐག་རྦད་ཆོད་ཀྱི་མགོ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐུ་དངོས་ཀྱི་མཛུབ་སྟོན། སྐུ་དངོས་ཀྱི་བཀོད་སྒྲིག་ཡོད་པ་བཅས་དང་། ཞིང་ཆེན་ཏང་ཨུའི་ཚན་སྐོར་རིམ་བྱུང་གིས་བཏིངས་པའི་རྨང་གཞིའི་སྟེང་བསྟུད་མར་འབད་འཐབ་བྱས་པའི་གྲུབ་འབྲས་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་དང་མང་ཚོགས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན། ཞིན་ཁྲང་ཞིང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་མང་ཚོགས། ལས་འཁྱུར་ངལ་གསོ་མཛད་པའི་བློ་མཐུན་རྒན་པ་དང་། དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་དང་། དྲག་ཆས་དམག་དཔུང་། དམངས་དམག སྤྱི་བདེ། མེ་གསོད་རོགས་སྐྱོར་བཀོད་འཐབ་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་མེད་ཀྱི་གུས་འདུད་ཞུ།
ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ལྔའི་བྱ་བར་ཕྱིར་དྲན་བྱས་ཚེ། ང་ཚོར་ངེས་ཤེས་ཟབ་མོ་ཞིག་ཡོད་པ་ནི། མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པར་ངེས་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དེ་རྩ་བའི་གཞི་འཛིན་ས་བྱ་དགོས་པ་དང་། ངེས་པར“སྲུང་སྐྱོང་གཉིས”དེ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། ངེས་པར་གོང་སྤེལ་གྱི་འདུ་ཤེས་གསར་བ་དེ་འགུལ་སྐྱོད་ཀྱི་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། ངེས་པར་སྐྱེ་ཁམས་སྲུང་སྐྱོབ་དེ་ཆེས་ཆེ་བའི་འགན་འཁྲིར་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དམངས་འཚོའི་བདེ་སྐྱིད་སྐྱེད་པ་དེ་རིན་ཐང་འདྲེན་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ངེས་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ངེས་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་རྩ་བའི་འགན་སྲུང་དུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ཉམས་མྱོང་དང་བློ་སྒོ་འདི་དག་ཧ་ཅང་རྩ་ཆེན་ཡིན་ལ། ང་ཚོས་སྔར་ལས་གཅེས་སྤྲས་དང་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། ལག་ལེན་གསར་བའི་ཁྲོད་མུ་མཐུད་དུ་ཕུན་ཚོགས་གོང་སྤེལ་དུ་གཏོང་དགོས།
དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་སྤྱིའི་བླང་བྱའི་སྐོར་ནས། ཞིན་ཁྲང་ཞིང་གིས་བསྟན་དོན། བསྐྱོད་ལམ་གསར་བར་ཞུགས་ཏེ། དུས་རབས་གསར་བར་འབད་པས་བསྐྱོད། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་ཏེ་ལྷག་པར་དུ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ཀྱི་གོ་གནས་སྔར་ལས་འགངས་ཆེན་དུ་གྱུར་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་བཅོལ་གདམས་ནན་མོ་ཞིག་ཡིན་པ་དང་། དུས་རབས་ཀྱིས་ང་ཚོར་བསྩལ་བའི་འགན་འཁྲི་ཞིག་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཟོས་པའི་འཆར་འགོད་ལྟར། བློ་ཁོག་ཏུ“ཕྱོགས་ཡོངས་གཉིས”དང“རྒྱལ་དོན་གྱི་ཆེ་ཕྱོགས”བཅངས་ནས། ཧུར་ཐག་གིས་གོང་སྤེལ་གྱི་རྣམ་པ་གསར་བར་འཇུག་པ་དང་ཞབས་ཞུ་བསྒྲུབ་པ། བབ་བསྟུན་ལས་སྒྲུབ་དང་། གོ་སྐབས་མྱུར་འཛིན། དཀའ་སྤྱད་འགག་སྒྲོལ་དང་། གསར་གཏོད་གསར་སྤེལ་བཅས་བྱས་ཚེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་སྲིད།
ཞིན་ཁྲང་ཞིང་གིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། “བརྟན་ཚུགས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། གོང་སྤེལ་གྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། གོང་སྤེལ་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། བློ་རྩ་བརྟན་པོས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་བ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ནུས་ཤུགས་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ནུས་ཤུགས་བཏོན་ནས“གནས་བཞི”གཙོ་བོ་ཡིན་པའི་ལྗང་མདོག་ཐཱན་དམའ་བའི་འཁོར་རྒྱུག་གོང་སྤེལ་དཔལ་འབྱོར་མ་ལག་བསྐྲུན་པ། ནུས་ཤུགས་བཏོན་ནས་མཉམ་དུ་འབྱོར་ཕྱུག་ཡོང་བའི་ལག་ལེན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ། ནུས་ཤུགས་བཏོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་བའི་སྟེང་ནས་སྔོན་གྲས་སུ་བསྐྱོད་པ། ནུས་ཤུགས་བཏོན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་གཙོ་བོའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ནུས་ཤུགས་བཏོན་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔའི་འབད་འཐབ་ཀྱི་དམིགས་འབེན་གཙོ་བོ་ནི། ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ་དང་། སྐྱེ་ཁམས་མཛའ་འབྲེལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ། གསར་གཏོད་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ། དཔལ་ཡོན་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ། ཆབ་སྲིད་གཙང་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས་པ་བཅས་ཡིན། གོང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ལོ་ལྔ་ཚན་གཉིས་ཀྱི་འཆར་འགོད་དུས་ཚོད་སྤྱད་ནས2035ལོར་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དུས་མཚོ་སྔོན་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་སློབ་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་ཆེས་ཆེར་འཕར་བ་མངོན་འགྱུར་བྱ་དགོས་ལ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཐོད་བརྒལ་ཡོང་བ་མངོན་འགྱུར་བྱ་དགོས། ཐཱན་སྙོམ་སྦྱོར་འགུལ་སྐྱོད་ལ་གྲུབ་འབྲས་གལ་ཆེན་ལེན་འོས་ལ། སྒྲིག་གཞི་འཛུགས་སྐྲུན་གསར་གཏོད་དང་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་མཐོར་འདེགས་གསར་བ་མངོན་འགྱུར་བྱུང་སྟེ་ས་གནས་བཅོས་སྐྱོང་གི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས་ཤིང་། མཉམ་དུ་ཕྱུག་འགྱུར་ཡོང་བར་ངོ་བོ་རང་བཞིན་གྱི་འཕེལ་འགྱུར་འབྱུང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་ཞིང་བརྟན་ལ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་ནི་དཔའ་སྟོབས་ཀྱིས་ཁེངས་བཞིན་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་མཚོན་པ་དང་། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་ཟབ་མོ་མཚོན་ཡོད། ང་ཚོས་དཀའ་སྤྱད་ལྷོད་མེད་ཀྱིས་ཉིན་རེ་རེ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བྱ་བ་རེ་རེ་དོན་འཁྱོལ་བྱས་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་ལ། ཏན་ཏན་ཏིག་ཏིག་ངང་གོམ་པ་རེ་རེ་བཞིན་ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ངེས་རེད།
བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ངེས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་བརྗོད་གཞི་འདི་དམ་འཛིན་བྱས་ཏེ། འཐུས་སྒོ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་གོང་སྤེལ་གྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། རང་འགུལ་ངང་གོང་སྤེལ་གྱི་རྣམ་པ་གསར་བར་མཉམ་འདྲེས་དང་ཞབས་ཞུ་ཏན་ཏིག་བསྒྲུབ་དགོས་ལ། ལྗང་མདོག་ཐཱན་ཉུང་བའི་འཁོར་རྒྱུག་དེང་རབས་ཐོན་ལས་མ་ལག་གསར་སྐྲུན་དང་། གྲོང་གསེབ་ཁུལ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ཚན་རྩལ་གསར་སྐྲུན་འཐབ་ཇུས་འདེགས་ཤུགས་ཇེ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་དགོས།
བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས་པའི་སྐོར་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་མདུན་གྲལ་དུ་བསྐྱོད་དགོས། གཙང་བོའི་འབབ་རྒྱུད་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་དགོས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པ་སྐུལ་འདེད་གཏོང་དགོས།
བློ་བརྟན་འགྱུར་མེད་ཀྱིས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་བྱེད་སའང་ཡིན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་རྒྱ་སྐྱེད་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།
བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་སྐུལ་འདེད་གཏོང་བའི་སྐོར་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། མཚོ་སྔོན་དུ་མི་རིགས་བྱ་བ་ལེགས་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་སྤྱི་ཡོངས་དང་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྒོ་ཀུན་ནས་འཛུགས་དགོས། རིགས་སོ་སོའི་མི་རིགས་རྣམས་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་སྤེལ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་དགོས།
བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོན་པོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྐོར་ནས། ཞིན་ཁྲང་ཞིང་གིས་བསྟན་དོན། སྤུས་ཚད་ལེགས་པའི་སྤྱི་ཚོགས་བཅོས་སྐྱོང་ནི་སྤྱི་ཚོགས་འཆམ་མཐུན་གྱི་སྔོན་འགྲོ་དང་འགན་སྲུང་ཡིན། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། ནུས་ཡོད་ཀྱིས་སྤྱི་པའི་བདེ་འཇགས་ལ་འགན་སྲུང་བྱ་དགོས།
བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་ནས། ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆབ་སྲིད་རྨང་གཞི་ཡིན། དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས། ཏན་ཏིག་གིས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཆེས་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཏང་གི་མང་ཚོགས་ཚོགས་པའི་བྱ་བ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་དགོས།
བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ནས། ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་འཕེལ་རྒྱས་མེད་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲ་བརྟན་གྱི་བསམ་བློའི་ཁག་ཐེག་དང་མཐའ་མེད་པའི་སྙིང་སྟོབས་སྒུལ་ཤུགས་སྩོལ་དགོས།
བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྲུན་སྔར་ལས་སྟོབས་ལྡན་དུ་གཏོང་བའི་སྐོར་ནས། ཞིན་ཁྲང་ཞིང་གིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཏང་ཡིན། གནད་འགག་ནི་ཏང་གིས་ཏང་དོ་དམ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་དགོས། དར་ཆ་གསལ་སྒྲེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་དགོས། སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་འཛུགས་དགོས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་གོང་འཕེལ་དང་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་བྱ་དགོས། རུལ་སུངས་ངོ་རྒོལ་འཐབ་འཛིང་གི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་འཕེལ་རྒྱས་གཏོང་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རང་ཉིད་གསར་བརྗེ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གིས་ལོ་བརྒྱ་ལ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་ཡིན། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མགོ་འཛུགས་ས་གསར་བའི་སྟེང་། ང་ཚོས་རང་ཉིད་གསར་བརྗེ་བྱེད་ཕོད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ན་ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་པ་དང་། ནམ་ཡང་སྐྱེ་སྟོབས་འབར་བ་དང་འཐབ་ནུས་ཆེན་པོ་ལྡན་ངེས་རེད།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལང་ཚོ་ལ་རེ་བ་ཆེན་པོ་ཡོད་པ་དང་གཞོན་ནུ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གཞོན་ནུ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རང་རྟོགས་ངང་འགན་འཁྲི་ལྕི་མོ་འཁུར་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་འགྲན་བསྡུར་ལམ་བུའི་སྟེང་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་སྟེང་ལང་ཚོའི་བཀྲག་མདངས་འཚེར་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་འབད་འཐབ་ལ་ཕྱིར་ལྟ་ཞིག་བྱས་ཚེ། ཏང་གིས་མཚོ་སྔོན་མི་དམངས་ལ་མགོ་ཁྲིད་དེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པས། ང་ཚོ་ང་རྒྱལ་ཆེན་པོ་སྐྱེས་འོས། མ་འོངས་པའི་བགྲོད་ལམ་ལ་རྒྱང་ལྟ་བྱས་ཚེ། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་པའི་ཁ་ཕྱོགས་སུ་ཧུར་བརྩོན་དང་སྤོབས་པས་མདུན་སྐྱོད་བྱས་པས། མཚོ་སྔོན་གྱིས་འོད་སྟོང་འབར་བའི་འབྱུང་འགྱུར་ཞིག་བསུ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། རླབས་ཆེན་གྱི་དུས་རབས་ཤིག་ཏུ་སྐྱེས་པ་ནི་ང་ཚོའི་བསོད་ནམས་ཡིན་ལ། རླབས་ཆེན་གྱི་དུས་རབས་ཤིག་སྟོང་ཟད་དུ་མི་གཏོང་རྒྱུ་ནི་ང་ཚོའི་བཟློག་མེད་ཀྱི་འགན་འཁྲི་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་མོས་བརྟན་པོ་བྱེད་མཁན་དང་རྣམ་དག་གི་ལག་ལེན་པ་བྱེད་པ་དང་། སྟོང་ལབ་ཀྱིས་རྒྱལ་ཁབ་རྒུད་པ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བ་ཡིད་ལ་དམ་པོར་བཟུང་སྟེ། མི་དམངས་ལ་འགན་འཁུར་བའི་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་དྲག་དང་། བླ་ན་མེད་པའི་བསམ་བློའི་རྟོགས་པ་བརྩོན་ལེན། མཐོ་ཞིང་བརྟན་པའི་འགན་འཁུར་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གསར་འབྱེད་ཡར་བརྩོན་དང་ནམ་ཡང་སྒྱིད་ལུག་མི་བྱེད་པའི་འབད་འཐབ་སྙིང་སྟོབས། སྐར་ཆ་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་དཔའ་ངར་ཉམས་འགྱུར། སོང་ན་རྐང་རྗེས་ཡོད་ཅིང་སྒྲུབ་ན་འབྲས་བུ་སྨིན་པའི་བྱ་བའི་སྤྱོད་སྟངས་བརྟན་པོ་འཛུགས་དགོས། ཧུར་ཐག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་མགྱོགས་མྱུར་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས། ང་ཚོ་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བརྟན་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་ཞིང་། སྟོབས་ཤུགས་ཆེར་བསྐྱེད་དང་སྤོབས་པས་མདུན་སྐྱོད་བྱ་དགོས་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་པར་བསུ་མ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས།
ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བཅས་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་དོ་དམ་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་བཅའ་སྡོད་བྱས་ཡོད་པའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཡོད།
ཟི་ལིང་དུ་ཡོད་པའི་ཏང་ནང་ཁུལ་གྱི་བློ་མཐུན་རྒན་པ་དང་ཏང་ཕྱིའི་མི་སྣའི་འཐུས་མི་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཡོད། །
འབྲེལ་ཡོད་འོས་སྦྱོར།