ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཇུག་བསྒྲིལ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-05-27
ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཇུག་བསྒྲིལ་བ། གྲོས་ཚོགས་སྟེང་སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅུ་གསུམ་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཆོད་དོན་དང་སྐབས་བཅུ་གསུམ་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཤིང་གཏམ་བཤད།
ཟླ5པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་སྒོ་ནས་ཡོངས་འགྲུབ་བྱས་ཏེ་རྒྱལ་ཁའི་ངང་གྲོལ།
བློ་མཐུན་ཞིན་ཁྲང་ཞིང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན། དབྱིན་པའེ། ཡུས་ཚུང་ལེ། མ་ཅི་ཞའོ། ཁྲེན་རུའེ་ཧྥེང་། ལིའུ་ཀི་ཕིང་། ཝང་ལི་མིང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཆེད་ཞུས་འཐུས་མི་ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་ཚོགས་ཆེན་ལ་ཞུགས།
སངས་རྒྱས་སྐྱབས་དང་པད་མ། ཀྲང་ཀོང་རུང་བཅས་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས། ལི་མིང་ཅིན་དང་ལི་ཡུས་ལན། ཅ་གོ་མིང་། ཀུའོ་རུའུ་ཀྲུའོ། སྟག་འབུམ་ཐར། ཡུའེ་ཧྲི་ཧྲུའུ། ཧན་ཡུས་ཀུའེ་སོགས་བརྙན་རིས་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི440ཡོད་པ་དང་། འཐུས་མི408ཚོགས་འདུར་དངོས་སུ་ཞུགས་ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན།
གྲོས་ཚོགས་ཀྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རང་ཞིང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་གྱི་འཐུས་མི་བདམས་ཐོན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཏང་ཀྲུང་དབྱང་གིས་མིང་བཏོན་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་གདམ་བྱའི་འོས་མི་ཀྲའོ་ཁེ་ཀྲི་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས།
གྲོས་ཚོགས་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ཀྱིས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། འཐུས་མི་དང་ཚོགས་ཞུགས་བློ་མཐུན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས། ཚོགས་ཆེན་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་གྱི་ལོ་ལྔའི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ལག་ལེན་ཁྲོད་བསགས་པའི་ཉམས་མྱོང་རྩ་ཆེན་ཉིང་བསྡུས་ཟབ་མོ་བྱས་ལ། འཕྲད་པའི་གོ་སྐབས་དང་འགྲན་རྩོད་ལ་ལུགས་མཐུན་སྒོས་དབྱེ་ཞིབ་བྱས་ཤིང་། རྗེས་ཕྱོགས་ཀྱི་ལོ་ལྔའི་མཚོ་སྔོན་གྱི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ལ་ཇུས་འགོད་ནན་མོ་བྱས་ཏེ། འཐབ་ལམ་གསར་པར་འབད་པས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ། ལེའུ་གསར་པ་འབྲི་བ་བཅས་ཀྱི་སྙན་ཞུ་ཞིག་གྲུབ་ཡོད། གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་རང་ཞིང་གི་འཐུས་མི་བདམས་ཐོན་བྱུང་བ་དང་། སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུ་བདམས་ཐོན་བྱུང་། གྲོས་ཚོགས་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་ཁ་ཕྱོགས་ཁྲིད་སྟོན་བྱེད་པའི་ཚོགས་ཆེན་ཞིག་ཡིན་ལ། སྔར་སྲོལ་རྗེས་སྐྱོང་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། མི་སེམས་གཅིག་སྡུད་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཀྱང་ཡིན་པས། བསམ་བློ་དང་ཆབ་སྲིད། རྩ་འཛུགས་བཅས་ཀྱི་སྟེང་ནས་དེང་རབས་ཅན་གྱི་མཚོ་སྔོན་་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱེད་ངེས་པར་འདོད་ཀྱིན་ཡོད།
ཞིང་ཁྲང་ཞིང་གིས་གཏམ་བཤད་སྐབས་བསྟན་དོན། ལས་འགན་ཁུར་བའི་ལོ་ཚད་དང་བྱ་བའི་དགོས་མཁོ་སོགས་ཀྱི་དབང་གིས། སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུའི་བློ་མཐུན་སྐོར་ཞིག་གིས་སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ལས་འགན་འཁུར་རྒྱུ་མིན་ལ། བློ་མཐུན་དེ་དག་གིས་ལས་འགན་ཁུར་བའི་སྐབས་སུ། མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་དང་། ཏང་གི་འཛུགས་སྐྲུན་ཐད་སེམས་ཤུགས་ཆེན་པོ་བཏོན་པ་དང་། བྱས་རྗེས་གལ་ཆེན་བཞག་ཡོད།
ཞིན་ཁྲང་ཞིང་གིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་ཏང་ཡོན་འཐུས་མི་དག་གིས། ཆབ་སྲིད་ཀྱི་འགན་འཁྲི་དྲག་པོ་དང་ཚོགས་སྲོལ་སྒྲིག་སྲོལ་བཟང་པོ་སྲུང་འཛིན་བྱས་ཤིང་། ཏང་གི་སྒྲིག་ཡིག་གིས་བསྩལ་བའི་ཁེ་དབང་དང་འོས་འགན་ནན་ཏན་གྱིས་ལག་བསྟར་ནན་མོ་བྱས་ཏེ། ཏང་གཤིས་རྩ་དོན་དྲག་པོ་དང་། འབད་འཐབ་དྲིན་གཟོ་དང་བློ་སྤོབས་ཆེན་པོས་ཡར་བརྩོན་བྱེད་པའི་བསམ་བློའི་རྣམ་པ་མངོན་པར་བྱས་ནས། ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་འབྱུང་བར་ཁག་ཐེག་ནན་མོ་བྱས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་ལྟར་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་དགོས། ནན་ཏན་གྱིས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་དགོས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་བཟང་པོར་བསྒྲུབ་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་གྱི་ཡུལ་གྲུ་འདིའི་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་འབྲས་བུ་སྨིན་པར་དངོས་སུ་སྐུལ་འདེད་གཏོང་དགོས། ཐབས་ལམ་ཕུན་སུམ་ཚོགས་པོར་བཏང་ནས་དྲིལ་སྒྲོག་དམ་འཛིན་བྱེད་དགོས་ཏེ། རྩ་འཛུགས་ཇུས་འགོད་ལ་ཤུགས་སྣོན་པ་དང་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་བྱེད་པ་དང་། རྒྱུན་ཆད་མེད་པར་དྲིལ་སྒྲོག་གི་ཁེབས་རྒྱ་དང་སིམ་འཛུལ་ནུས་ཤུགས་ཇེ་ཆེར་གཏོང་དགོས། བསམ་བློ་དང་འགུལ་སྐྱོད་གཉིས་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྟེང་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར་སྣང་ཚུལ་བཟང་པོ་བསྐྲུན་དགོས། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཤིང་། ཧུར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་པ་བྲིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱུགས་ལན་ཡིད་ཚིམས་པ་ཞིག་སྤྲོད་དགོས།
གྲོས་ཚོགས་ཀྱིས་འགན་འཁྲི་གསར་པ་ཁུར་དུ་ལེན་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་། ལོ་རྒྱུས་ལ་ངོ་མི་གནོང་བ་དང་དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བའི་གྲུབ་འབྲས་གསར་པ་ཧུར་བརྩོན་གྱིས་བསྐྲུན་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏོན།
རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་གྱེར་དབྱངས་ཁྲོད་ཚོགས་ཆེན་མཇུག་བསྒྲིལ།
གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་ནི་ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་རྩ་འཛུགས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཡོད། །
འབྲེལ་ཡོད་འོས་སྦྱོར།