logo

མཚོ་ལྷོ་ཁུལ་གྱིས་ཚོགས་ཆེན་ཉི་ཤུ་བ་བསུ་བའི་རིག་གནས་སྒྱུ་རྩལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-07-19 ཀློག་གྲངས།:
        དབྱར་གྱི་དཔལ་ཡོན་རྣམ་པར་རྒྱས་པའི་དུས་ཀྱི་རང་མདངས་དང་མཉམ་དུ་མཚོ་ལྷོའི་འཛིན་མའི་ཕང་བ་རུ་ཚོགས་ཆེན་ཉི་ཤུ་བ་བསུ་བའི་དགའ་སྟོན་གྱི་ཡོ་ལང་ཕྱོགས་ཀུན་ཏུ་སྤེལ་ནས་ངོ་མཚར་ཡིད་དུ་འོང་བའི་ལྟད་མོ་སྣ་ཚོགས་མ་བོས་མགྲོན་པོ་ཀུན་གྱི་མིག་གི་དགའ་སྟོན་དུ་སྨིན་བཞིན་ཡོད།
        2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པའི་ལོ་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཁྱོན་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་མཚོ་ལྷོ་ཁུལ་གྱི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་དང་། དེ་བཞིན་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བསྟན་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རིག་གནས་ཀྱི་ཡིད་ཆེས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་།
        ཟླ7པའི་ཚེས14ཉིན། ཀོས་ནན་རྫོང་གི་འཆམ་མཐུན་ཐང་ཆེན་དུ་གློག་འོད་སྣ་ཚོགས་ཀྱི་དྲ་བ་ཕྱོགས་བཞིར་འཕྲོས་པའི་རྣམ་པའི་ཁྲོད་དུ། ཞིང་ཆེན་ནང་ཁུལ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་མཉམ་གཅིག་ཏུ་གླུ་གར་གྱི་འཁྲབ་སྟོན་སྣ་ཚོགས་ལ་གཟིགས་ནས་ཏང་གི་འོད་སྟོང་འཕྲོ་བའི་སྲིད་ཇུས་ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ་ཉམས་སུ་མྱངས་པར་མ་ཟད། ཀོས་ནན་རྫོང་གི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱས་ཏེ་དར་རྒྱས་གོང་འཕེལ་དུ་བཏང་ནས་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས། དེ་མིན་སྐབས་བརྒྱད་པའི་བོད་ཀྱི་གཙེགས་དྲུབ་དང་གླུ་གར་རིག་གནས་ཀྱི་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ་དེས་ཀྱང་ཀོས་ནན་གྱི་བུ་ཕྲུག་ཚོས་རིག་གནས་ཀྱི་རྣམ་པ་ཟབ་མོའི་ཁྲོད་ནས་ཀོས་ནན་གྱི་འགྱུར་ལྡོག་ཆེན་པོ་ལ་རོལ་མྱོང་བྱེད་ཐུབ་པ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ། རིག་གནས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་གསར་དུ་བཏོད་ཐུབ་པ་བཅས་བྱུང་ཡོད།
        རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཁྲོད་དུ་‍‍ཀོས་ནན་རྫོང་ནི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱས་ནས་བྱེ་འགོག་བྱེ་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི21ལྷག་འཕར་བ་དང་། རོང་འབྲོག་ཐོན་རྫས་ལས་སྣོན་བྱེད་པའི་ཐད“དྲི་ཞིམ་ཕྱོགས་བཅུར་འཐུལ”ཅེས་པའི་སྤུས་རྟགས་དེ་རྫོང་ཁོངས་ནང་རིན་མེད་ངངམཉམ་སྤྱོད་བྱེད་ཐུབ་པ། རོང་ཕྱུགས་ཐོན་རྫས་རིགས40ལྷག་ཙམ་གསར་སྤེལ་བྱས་པ། བྲིན་ཚོང་ཡོང་འབབ་སྒོར་ཁྲི1200ཟིན་པ་བཅས་བྱུང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་ལས་སྦྲེལ་ཐག་ཐེངས་གཉིས་པའི་འབབ་འཕར་མངོན་འགྱུར་བྱུང་། གཟན་རྩྭ་ལས་སྣོན་དང་ཕྱུགས་ཟོག་གསོ་འཕེལ་ལ་སྐུལ་འདེད་བཏང་བ་དེས་རྫོང་ཡོངས་ཀྱི་ཕྱུགས་རིགས་བསྡོམས་འབོར་གྱི75%བཟུང་། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་འཛུགས་སྐྲུན་གྱི་ཐད་ལ་མ་དངུལ་སྒོར་དུང་ཕྱུར1.2བཏང་། སློབ་གསོའི་བྱ་དགའི་ཐེབས་རྩ་བཙུགས་པ། སློབ་གྲྭའི་དཔྱད་ཞིབ་བྱེད་སྟངས་སྒྱུར་བཅོས་བྱས་པས་ཀོས་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོའི་སྔོན་ཐོན་རྫོང་དུ་བདམས་ཡོད་པ་རེད།
        ཟླ7པའི་ཚེས12ཉིན། ཞིན་ཧེ་རྫོང་མཁར་ནུབ་མཚམས་ཀྱི་སྤྱི་ལེ32ཙམ་ཡོད་པའི་རྒྱལ་ཁབ་ཀྱིAAAརིམ་པའི་གནས་རི་སྤྲེལ་རྫོང་མཛེས་ལྗོངས་ཁུལ་དུ་གླུ་གར་གྱི་མཆོད་པ་ཕུལ་ཏེ་བཀྲ་ཤིས་པའི་དུས་ཆེན་ལ་རོལ་ཞོར། མི་རྣམས་ཀྱིས་རྒྱན་གོས་ལེགས་པར་སྤྲས་ནས2022ལོའི་ཞིན་ཧེ་རྫོང་གི“སྐྱིད་པའི་སྤྲེལ་རྫོང་གོམ་བགྲོད། མཛེས་པའི་སྐྱེ་ཁམས་མཉམ་རོལ”ཅེས་པའི་བྱེད་སྒོ་སྤེལ་ཅིང་། གནས་རི་སྤྲེལ་རྫོང་ནི་ཞིན་ཧེ་རྫོང་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་གནས་གྲགས་ཆེན་ཞིག་ཡིན་པ་དང་། གནས་རི་སྤྲེལ་རྫོང་གི་མཛེས་ལྗོངས་ཁུལ་གཞི་རྟེན་དུ་བྱས་ཏེ་ཞིན་ཧེ་རྫོང་གིས་སྐབས་དྲུག་པའི་སྤྲེལ་རྫོང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་བསྟུད་མར་སྤེལ་ནས་ཞིན་ཧེ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས། དེ་མིན་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་དང་མང་ཚོགས་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་གསོན་ཤུགས་བཅས་མངོན་ཡོད།
        ཟླ7པའི་ཚེས15ཉིན། གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དགོན་གསར་ཐང་དུ“ལབ་ཙེ་ཆ་རིལ”བསྟོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དུས་ལྟར་འཚོགས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྩྭ་ཐང་སྟེང་དུ་གྲོང་རྡལ་ཡོངས་ཀྱི་ཤང་གྲོང15དང་སྡེ་ཁུལ8ནས་ཡོང་བའི་ལུས་རྩལ་པ་དག་མཉམ་དུ་འཛོམས་ནས་དམངས་སྲོལ་རང་བཞིན་ལྡན་པའི་གླུ་གར་གྱི་དུས་སྟོན་ལ་རོལ། ལབ་ཙེ་ཆ་རིལ་ནི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གནས་ཤིག་ཡིན་པ་དང་། དེ་ནི་གུང་ཧོ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མཚོན་པར་བྱེད་པའི་སྲོལ་རྒྱུན་གྱི་བྱ་འགུལ་སྤེལ་སའི་གནས་ཤིག་ཡིན་ལ། ལབ་ཙེ་ཆ་རིལ་གྱི་བྱེད་སྒོ་འདིས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་ནང་དོན་ཕྱོགས་བསྡུས་བྱས་ནས་དམངས་སྲོལ་དང་རྒྱན་གོས། ལུས་རྩལ། འགྲེམས་ཚོགས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་མཉམ་འདྲེས་ངང་སྤེལ་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་བཏང་སྟེ་འཆམ་མཐུན་གྱི་མཚོ་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
        དབྱར་གྱི་དཔལ་ཡོན་རྣམ་པར་རྒྱས་པའི་དུས་ཚིགས་དང་མཉམ་དུ“ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་བ་དང་ལོ་བཅུའི་ནང་གི་འགྱུར་ལྡོག་ལ་ལྟ་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། མཚོ་ལྷོ་ཁུལ་གྱི་ས་གནས་ཁག་གི་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། དེའི་རྒྱབ་ཏུ་མངོན་པ་ནི་ལོ་ངོ་བཅུའི་རིང་གི་མཚོ་ལྷོའི་འགྱུར་ལྡོག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན་བྱེད་པའི་བླ་ན་མེད་པའི་བརྩེ་སེམས་དང་། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་སྨོན་བྱེད་པ། དུས་རབས་གསར་བའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བར་བསྔགས་བརྗོད་བྱེད་པ་བཅས་མཚོན་ནོ། །
འབྲེལ་ཡོད་འོས་སྦྱོར།