logo

སེམས་པ་བོད་ཡུལ་ལ་བཅོལ་བའི་རྒྱའི་སྲུང་མ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-17 ཀློག་གྲངས།:

སེམས་པ་བོད་ཡུལ་ལ་བཅོལ་བའི་རྒྱའི་སྲུང་མ།
  —ཀོན་ཡིན་ཁྲང་དང་གྲྭ་བཞི་ལྷ་མོ

     ངས་ལྷ་སའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་ཆེས་སྟབས་བདེ་བའི་ལོ་རྒྱུས་མཚོན་བྱེད་ནི་ལྷ་སའི་ལྷ་ཁང་དག་རེད། སྐད་ཆ་འདིས་ཀློག་པ་བོ་ཧ་ལས་པར་བྱེད་མོད། འདི་ནི་བསམ་གཞིག་གཏོང་རིན་ཡོད་པའི་ལོ་རྒྱུས་རིག་པའི་གནད་དོན་ཆེན་པོ་ཞིག་ཡིན། ངས་ལྷ་སའི་ལོ་རྒྱུས་ཀློག་གིན་ལྷ་ས་ན་མི་རིགས་གཞན་པའི་ལྷ་ཁང་ག་འདྲ་ཡོད་མེད་ལ་བསམ་གཞིག་བཏང་བ་ཡིན། སྐབས་འདིར་ཀུན་གྱི་ཐུགས་ལ་ཁ་ཆེའི་ལྷ་ཁང་ཤར་ཡོང་མོད། ཁ་ཆེ་ལྷ་ཁང་མིང་ཆེ་ལ་དེ་ལས་གཞན་དོན་ཆེ་བའི་མི་རིགས་གཞན་པའི་ལྷ་ཁང་འགའ་ཡོད།
     བར་མ་རི་ནི་ཕོ་བྲང་པོ་ཏ་ལའི་ནུབ་ངོས་སུ་གནས་ཡོད་ཅིང་། རི་དེའི་དབྱིབས་ནི་སྟག་མོ་ཚང་ལ་འཛུལ་བའི་དབྱིབས་དང་མཚུངས། རིའི་སྟེང་གི་འོད་འཕྲོ་ལྷ་ཁང་དང་། དེའི་འདབས་སུ་རྒྱའི་ལོ་རྒྱུས་ཐོག་གི་མི་སྣ་ཀོན་ཡུས་ཞེས་པའི་གསོལ་མཆོད་བྱེད་སའི་ལྷ་ཁང་ཞིག་ཡོད་པ་དེར་མི་རྣམས་ཀྱིས་བོང་བ་རིའམ་བར་མ་རིའི་གེ་སར་ལྷ་ཁང་ཞེས་འབོད། འོན་ཀྱང་དོན་དངོས་ཐོག་རྒྱའི་ཀོན་ཏིས་ལྷ་ཁང་ཡིན།
     རི་དེའི་སྟེང་རྒྱ་ལུགས་ཀྱི་ལྷ་ཁང་ཞིག་ཡོད་པས་མི་རྣམས་ཀྱིས་གེ་སར་ལྷ་ཁང་ཟེར་ཡང་དོན་དུ་གེ་སར་ལྷ་ཁང་མ་ཡིན་པར་རྒྱའི་ལོ་རྒྱུས་ཐོག་གི་དྲག་དཔོན་ཀོན་ཡིན་ཁྲང་ལ་གསོལ་མཆོད་བྱེད་ས་ཡིན། འདི་ལ་གེ་སར་ལྷ་ཁང་ཞེས་འབོད་པས་གེ་སར་ལ་དད་པ་མང་བོ་ཞིག་འདི་རང་རེའི་གེ་སར་ལ་ནོར་གྱིན་ཡོད། དེ་བས་ཁོང་ནི་གེ་སར་བརྫུན་མ་ཞིག་དང་ཀོན་ཡིན་ཁྲང་ངོ་མ་ཞིག་ཏུ་གྱུར་ཡོད་པ་ངེས་པར་ཤེས་དགོས།
     སྤྱི་ལོ1792ལོར་རྒྱའི་གོང་མ་ཆན་ལུང་ཁྲི་ལོ་བདུན་པའི་ནང་གོར་ཥས་བོད་ལ་བཙན་འཛུལ་བྱས་སྟབས་གོང་མས་དམག་དཔོན་ཀྲུང་ཐང་ཕུའུ་ཨན་གྱིས་གཙོ་བྱས་པའི་དམག་རོགས་བཏང་ནས་གོར་ཥ་མཐར་བསྐྲད། ཀྲུང་ཐང་ཕུའུ་ཨན་གྱིས་འདོད་པ་ལྟར་སྐབས་དེའི་བོད་ཀྱི་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོ་སོགས་ཀྱི་བཀའ་བཀོད་ཇི་བཞིན་མཐུན་རྐྱེན་སྦྱར་ནས་རྒྱ་བོད་ཀྱི་རྡོ་ཤིང་ལས་བཟོ་རྣམས་ཀྱིས་དུས་ཡུན་ཟླ་བ་དྲུག་ཙམ་གྱི་རིང་ལ་ད་ལྟའི་ལྷ་ཁང་གི་བཀོད་དབྱིབས་ཇི་བཞིན་རྒྱ་ལུགས་ཀོན་ཏིས་ལྷ་ཁང་བཞེངས། ལྷ་ཁང་དབུས་སུ་ཀོན་ཡུན་ཆང་གཙོ་འཁོར་དང་འཇམ་དབྱངས་སོགས་ཀྱི་སྐུ་བཞུགས་ཡོད།
     ཀོན་ཏིས་ལྷ་ཁང་དེའི་སྒོ་མོ་ནུབ་ཕྱོགས་སུ་གཏད་ཡོད་པ་དང་། སྒོའི་སྟེང་རྫ་གཡམ་གཡུ་རྩི་མའི་ཐོག་གིས་བརྒྱན་ཅིང་། གཡས་གཡོན་དུ་དཔའ་རྟུལ་གྱི་རྣམ་པའི་འདྲ་གཟུགས་ཆེན་པོ་གཉིས་ལངས་སྟབས་སུ་གནས། སྐས་རིམ་བཅུ་གཉིས་ཡོད་པའི་རྡོ་སྐས་ཀྱི་གཡོན་ཕྱོགས་སུ་སྐབས་དེའི་ལྷ་ཁང་བཞེངས་དགོས་པའི་སྐོར་དང་། ཧྥུའུ་ཀན་ཨན་གྱི་བྱས་རྗེས་ཆེན་པོ་བཅུ་བཀོད་པ་ཟེར་བའི་རྡོ་རིང་ཞིག་བསླངས་ཡོད་དེའི་སྟེང་ཕྱོགས་རྒྱབ་དབུས་སུ་ཀ་བ་དྲུག་གི་རྒྱ་ཁྱོན་ལྡན་པའི་ཀོན་ཧྥེས་གཙང་ཁང་དེ་ཆགས། དེའི་རྒྱབ་ཀྱི་འཇམ་དབྱངས་ལྷ་ཁང་ལ་རྫ་གཡམ་གཡུ་རྩི་མའི་རྒྱ་ཕིབས་དང་། ནང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་འཇིམ་པ་ལས་གྲུབ་པ་ཐོག་ཚད་མས་གཙོས་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་མགོན་པོའི་སྣང་བརྙན་ལྷ་ཁང་འདི་འཇམ་གནས་རི་འདིར་ཀོན་ཏིས་ལྷ་ཁང་མ་བྱུང་བའི་སྔོན་ནས་ཡོད་སྐད། གཙང་ཁང་དེ་གཉིས་ཀྱི་མཐའ་སྐོར་དུ་རྡོ་རྩིག་ཐོག་བརྩེགས་གཉིས་ལྡན་གྱི་མཁར་གྱིས་བསྐོར་པ་དེ་དག་ནི་ལྷ་ཁང་དེའི་ལས་ཀ་བ་དང་གསོལ་མཆོད་བྱེད་པའི་གྲྭ་བ་ཚོའི་བཞུགས་གནས་ཡིན།
     ཀོན་ཏིས་ལྷ་ཁང་གི་ཕྱིའི་འཛུགས་སྐྲུན་གྱི་བཟོ་བཀོད་དང་ནང་རྟེན་གཙོ་བཅས་ནི་རྒྱ་ནག་གི་གནའ་བོའི་མཁར་གྱི་བཀོད་དབྱིབས་ཇི་བཞིན་བསྐྲུན་ཡོད་ཅིང་། གཙང་ཁང་སྟེང་གི་རྒྱ་ཕིབས་རྫ་གཡམ་གཡུ་རྩི་ཅན་དང་། རྒྱ་ཕིབས་ཀྱི་ཕྱོགས་བཞིར་རྫ་ལས་བྱས་པའི་ཆུ་སྲིན་གྱིས་བརྒྱན་པ་བཅས་ཡོད།
     ལྷ་ཁང་དེའི་ནང་རྟེན་གཙོ་བོ་ནི་ཀོན་ཡུས་ཀྱི་འདྲ་གཟུགས་འཇིམ་སྐུ་སྟེ་དེའི་མཐའ་སྐོར་དུ་ཀོན་ཡུས་དང་དུས་མཉམ་པའི་རྒྱའི་ལོ་རྒྱུས་མི་སྣ་འགྱིང་སྟབས་སུ་འཁོད། ལྷ་ཁང་དེའི་སྒོའི་སྟེང་དང་གཡས་གཡོན་རྩིག་ངོས་ཀྱི་མཐའ་སྐོར་དུ་གོང་མ་ན་རིམ་གྱིས་དམག་དཔོན་ཀོན་ཡུས་ཀྱི་བྱས་རྗེས་ལ་བསྔགས་པ་བརྗོད་པའི་སྙན་ཚིག་རྣམས་ཤིང་བྱང་ངོས་སུ་བྲིས་པ་ལྔ་བཅུ་ལྷག་ཙམ་བཀལ་ཡོད་སྐད།
     ད་ལྟ་བོང་བ་རི་ཀོན་ཏིས་ལྷ་ཁང་གི་ཕྱི་དབྱིབས་ཙམ་ལས་བསྡད་མེད། ཀོན་ཏིས་ལྷ་ཁང་དེ་འདྲ་བ་གཞིས་ཀ་རྩེ་དང་། དིང་རི། ཆབ་མདོ་སོགས་ས་ཆ་འགའ་ཤས་ལའང་ཡོད་པ་མ་ཟད། དེ་ཚོར་ཡང་གེ་སར་ལྷ་ཁང་ཞེས་འབོད་ཀྱི་ཡོད་པ་རེད། ཀོན་ཏིས་ལྷ་ཁང་ནི་སྔར་ལྷ་སར་རྒྱ་ལྷ་ཁང་གསུམ་ཡོད་པའི་ནང་གི་གཅིག་ཡིན་ཞིང་། དེ་མིན་གཞན་གཉིས་ནི་སོང་ཀྲུང་ལྷ་ཁང་དང་ཀྲའོ་ཀྲུང་ལྷ་ཁང་རེད། དེ་གཉིས་ཆིང་རྒྱལ་རབས་ཀྱི་སྐབས་སུ་བསྐྲུན་པ་ཡིན་ཞིང་ད་ལྟ་གཉིས་ཀ་འཐོར་ཞིག་ཏུ་སོང་ཟིན་པར་གྲགས།
     ང་གྲྭ་བཞི་དགོན་ལ་འགྲོ་འདོད་མེད་མོད། འོན་ཀྱང་རྒྱ་ནག་ནས་ཀེའུ་ཚང་གི་རྗེས་སུ་འབྲང་ནས་ཡོང་བའི་ལྷ་མོ་འདིས་ད་ལྟ་བོད་དུ་ས་གང་ཞིག་ཟིན་ཡོད་མེད་ནི་ངེས་པར་བལྟ་འདོད་པ་ཞིག་རེད། ཡིན་ན་ཡང་། མོས་བདག་ལ་དགའ་བསུ་བྱེད་འདོད་གཏན་ནས་མེད་པ་འདྲ། ང་ཚོ་དེར་སླེབས་དུས་དགོན་པའི་སྒོ་བརྒྱབས་འདུག ངས་སྒོ་ཁ་ནས་དགོན་པ་དེར་རགས་ལྟ་ཞིག་བྱས་ནས་ཕྱིར་ལོག་པ་ཡིན།
     ངས་འདིའི་སྐོར་གྱི་ལོ་རྒྱུས་མང་བོ་ལ་བལྟས་མྱོང་། གྲྭ་བཞི་དགོན་པའི་མཚན་རྒྱས་པར་གྲྭ་བཞི་བརྟན་བཞུགས་ཆོས་འཁོར་གླིང་ཟེར། སེ་ར་དགོན་ནས་གཡོན་ངོས་སུ་སྤྱི་ལེ་གསུམ་ཙམ་མར་ཡོང་ན་དགོན་དེར་སླེབས། ཐོག་མར་གནས་དེར་བཀའ་བརྒྱུད་པའི་དགོན་གནས་ཤིག་ཡོད་སྐད་ལ་རྒྱལ་བ་ལྔ་བའི་དུས་དགེ་ལུགས་པའི་དགོན་པར་གྱུར།
     དེ་ནས་རྒྱལ་བ་ཡབ་སྲས་ཀྱི་བརྟན་བཞུགས་དགོན་དུ་གྱུར་པས“བརྟན་བཞུགས་ཆོས་འཁོར་གླིང”ཞེས་པའི་མཚན་རྒྱལ་བ་ལྔ་བས་གནང་ཟེར། དེ་རྗེས་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་དུས་སུ་རྒྱ་བསྐྱེད་ཅིང་། ཐོག་མར་གྲྭ་གྲངས་བཞི་ལས་མེད་སྟབས་གྲྭ་བཞི་ཞེས་གྲགས་ཤིང་རྗེས་སུ་ཉེར་ལྔ་བར་འཕར།
     སྔོན་ཀ་བ12ཅན་གྱི་འདུ་ཁང་གི་དབུས་སུ་འཇིམ་སྐུའི་རྒྱལ་བ་ལྔ་བའི་སྐུ་བརྙན་སྐུ་རྒྱབ་ཏུ་མཚན་བྱང་འཁོད་པ། པང་ཁེབས་སྟེང་མུ་ཏིག་གི་འབྲུག་རིས་ཡོད་པ་ཞིག་དང་། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ། གནས་བཅུ་མདའ་ཚད་ཙམ། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་འདྲ་སྐུ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། རྒྱའི་དམག་དཔོན་ཁག་གི་ཕའན་ཞེས་རྒྱ་ཡིག་གི་མིང་བྱང་། སྲུང་མ་ལྕམ་སྲིང་། རིག་པའི་ལྷ་མོ། སྲོག་བདག བཀའ་འགྱུར་དཔར་མ་དང་། བསྟན་འགྱུར་གསེར་བྲིས། ཡང་ཐོག་ཏུ་ཀེའུ་ཚང་རིན་པོ་ཆེའི་གཟིམ་ཆུང་། དེའི་སྟེང་གསེར་ཟངས་ཀྱི་རྒྱ་ཕིབས་དང་རྒྱལ་མཚན་གཉིས་བཅས་ཡོད། ཤར་དུ་ལྷ་མོ་ཁང་ནང་གེ་སར་རམ་སྤྲིན་རིས་རྒྱལ་བོ་ཞེས་གོང་མའི་ཕུལ་བྱུང་གི་བློན་པོའི་སྐུ་བརྙན་རེད་ཅེས་ཟེར་བ་གཉིས་ཡོད་པས་དེའི་མདུན་ཚེམས་ལེན་སྲོལ་ཡོད་ཚེམས་ཡིག་ནི་རྒྱ་ཡིག་ཡིན། དེ་རྗེས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་ལྷ་མོ་ཁང་རྒྱ་སྐྱེད་གནང་། ཀེའུ་ཚང་སྐུ་ཐོག་གཉིས་པ་འཇམ་དབྱངས་སྨོན་ལམ་རྒྱ་ནག་གོང་མས་གདན་དྲངས་རྗེས་ཡར་ཕེབས་སྐབས་རྒྱ་ཡི་ལྷ་མོ་ཞིག་ཆིབས་ཞབས་སུ་འབྲངས་པས་ད་ལྟའི་གྲྭ་བཞིར་ཕེབས་སྐབས་ད་ཁྱོད་གནས་དེར་སྡོད། འདི་ནས་འོང་ས་མེད་ཅེས་གསུངས་པ་ད་ལྟའི་གྲྭ་བཞི་ལྷ་མོ་ཡིན། འདིར་ཚེམས་ཡིག་བོད་ཡིག་ཏུ་བསྒྱུར།
     གཞིས་བདག་ཅེས་པ་ནི། ལྷ་ཁང་འོག་སྟེ་ཡ་མོན་དམག་སྒར་ནས་གདན་དྲངས་པ་ཡིན། ད་ལྟ་འདུ་ཁང་རྙིང་བ་ཉམས་གསོ་གནང་བ་དང་། བསྐྱར་དུ་བཞེངས་པའི་འདུ་ཁང་དུ་སྔོན་གྱི་སྐུ་བརྙན་དག་བསྐྱར་བཞེངས་གནང་། སྔོན་དགོན་དེའི་གཤམ་དུ་གྲྭ་བཞི་ཡ་མོན་ཁང་དང་། རྒྱབ་ཏུ་གྲྭ་བཞི་དམག་སྒར། དེའི་ཤར་དུ་གྲྭ་བཞི་དངུལ་པར་ཁང་སོགས་ཀྱི་གནས་ཡུལ་ཡིན།


འབྲེལ་ཡོད་འོས་སྦྱོར།