མ་བཅོས་ལྷུན་གྱིས་གྲུབ་པའི་གླིང་ཀ
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-08-09
ཀློག་གྲངས།:
མ་བཅོས་ལྷུན་གྱིས་གྲུབ་པའི་གླིང་ཀ
_____རྫོང་རྒྱབ་ཀླུ་ཁང་།
བོད་ཀྱི་གླིང་ཀ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སྤྲོ་གསེང་ཆོས་དང་འབྲེལ་བར་བྱས་ཡོད་པ་དེ་ཡིན། དེ་ནི་གླིང་ཀ་རེ་རེར་ལྷ་ཁང་བཞེངས་ཡོད་པ་དེས་གསལ་བོར་ཤེས་ཏེ། རིག་གནས་དང་མ་འབྲེལ་བའི་གླིང་ཀ་ནི་བདག་པོས་མ་བཟུང་བའི་སྤྲོ་གསེང་ཁང་རྒྱ་ཡན་པ་ཞིག་ལས་མ་འདས།
ས་ག་ཟླ་བའི་སྐབས་གླིང་སྐོར་བ་ཚོས་ཀོ་གྲུ་གཏོང་བཞིན་གཞས་དང་རྣམ་ཐར་བཏང་ནས་སྤྲོ་སྐྱིད་བྱེད། ནུབ་ངོས་སུ་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་བཞེངས་པའི་གླང་བོ་ཆེ་བཞུགས་སའི་གླང་ཁང་དང་། དེ་ནས་ནུབ་ཙམ་ན་རྒྱལ་དབང་བཅུ་བའི་སྐབས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཡོད། སྐབས་འདིར་ངས་ཡིད་དུ་ཤར་ཡོང་བ་ནི་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོས1697ལོར་པོ་ཏ་ལ་རུ་ཁྲིར་བཀོད་ན་ཡང་། རྣམ་གཡེང་བག་མེད་ཀྱི་སྤྱོད་པ་ཁོ་ན་མཛད་པས་སྡེ་སྲིད་དང་སྐུ་མདུན་པ་དང་མ་ཡུམ་སོགས་ཀྱིས་སྙན་བསྐུལ་ཅི་ཙམ་ཞུ་ཀྱང་མི་གསན་པ་དང་། སྡེ་སྲིད་ཀྱིས་གསན་སྦྱོང་གི་སྐུལ་མ་མཛད་པར་སུན་སྣང་གི་རྣམ་པ་རྟག་ཏུ་གནང་བས་ཞུ་ས་མེད་པར་གྱུར།
1708ལོར་སྐྱ་ཆས་བཞེས་ནས་ཉིན་མོ་རྫོང་རྒྱབ་ཀླུ་ཁང་དུ་མདའ་རྩེད་སོགས་ལ་ཕེབས་པ་དང་མཚན་མོར་གྲོང་བའི་བུད་མེད་དག་གི་ཁྱིམ་དུ་བཞུགས་པ་སོགས་དག་སྣང་བྱེད་དཀའ་བའི་མཛད་པ་གནང་བར་བོད་སོག་གི་མི་མང་བོ་དང་སེ་འབྲས་སོགས་དད་པ་ལོག་པའི་གཏམ་མང་དུ་བྱུང་། ཁོང་གི་མཛད་སྤྱོད་དེ་ལྷ་བཟང་གིས་སྡེ་སྲིད་ཀྱི་གོ་ས་འཕྲོག་པའི་སྐབས་ཕྱེས་ཤིང་། སྡེ་སྲིད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་ཉུང་དུ་གྱུར། མཐར་ཁོང་གི་སྤྱོད་པ་དེ་ནི་རང་ཉིད་ཀྱིས་རང་ཉིད་ཁྲི་ལས་འབེབ་པའི་སྦྱོར་བར་ཉག་གཅིག་ཏུ་གྱུར།
དེ་དག་གི་རྐྱེན་དྲུང་འཁོར་མཐར་རྒྱས་ཏེ་ཁོས་སྐུ་ཞབས་བསླད་པ་ཡིན་ཞེས་སྡེ་སྲིད་ཀྱིས་ལྐོག་གསོད་གཏོང་མཁན་མངགས་པ་དེས་སྡེ་སྲིད་དང་ཁོང་གཉིས་ཀའི་བར་དུའང་འགལ་བ་ཆེན་པོ་ཆགས་ནས་མཐར་གཉིས་ཀ་རྩ་མེད་དུ་འགྲོ་བའི་ལམ་དུ་ཞུགས། ཁོང་གི་མཛད་སྤྱོད་དེ་དག་གིས་དགའ་ལྡན་ཕོ་བྲང་ལམ་ལོག་ཏུ་འགྲོ་བའི་གཞི་བཏང་བ་རེད།
མི་རིང་བར་ལྷ་བཟང་གི་སྡེ་སྲིད་བཀྲོངས་ཤིང་རྒྱལ་བ་ཚངས་དབྱངས་པ་ཡང་རྒྱ་ནག་ལ་རྒྱང་ཕུད་ལ་བཏང་། རྒྱལ་དབང་སྐུ་ཕྲེང་དྲུག་པའི་སྤྲུལ་སྐུ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་པོ་ཏ་ལའི་ཁྲིར་བཀོད། ཁོང་རྒྱ་ནག་ཏུ་ཕེབས་པའི་དཀའ་སྡུག་ནི་ལྷ་བྱ་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་གཡོར་བ་ལྟ་བུའི་འཕྲུལ་སྣང་གི་རོལ་རྩེད་ཅིག་གཏན་ནས་ཡིན་མི་སྲིད། ཡུལ་གཞན་དུ་དབང་མེད་དུ་འགྲིམ་དགོས་བྱུང་བའི་རྒྱལ་བའི་སྐུ་ཕྲེང་མང་ཡང་། ཚངས་དབྱངས་པའི་ལས་དབང་འདི་ནི་བཙོན་མ་ཞིག་རྒྱང་འཕུད་ལ་བཏང་བ་མ་ཡིན་ནམ།
བདག་ཕྱིར་དྲན་ལས་ཕྱིར་འཁོར་དུས་ཀླུ་ཁང་གི་གང་ཞིག་ཏུ་སླེབས་འདུག་ལ། དེར་ཐོས་པ་ནི་མ་ཅང་གི་ཁྲོག་སྒྲ་དང་། ར་རོ་བའི་ཀུ་ཅོ། ད་དུང་དེང་རབས་རོལ་མོ་དག་གིས་ཀླུ་ཁང་གི་ཕྱོགས་ཕྱོགས་སུ་ཁྱབ་འདུག་པ་ཤེས་བྱུང་།
སྐབས་འདིར་རྒྱ་ནག་གི་ཞིབ་འཇུག་པ་འགའ་རེས། ཀླུ་ཁང་ནི་སྡེ་སྲིད་ཀྱིས་ཚངས་དབྱངས་རྒྱ་མཚོ་བག་མེད་དུ་གཏོང་བའི་ཆེད་དུ་བཞེངས་པ་རེད་ཟེར། དེ་ནི་ལོ་རྒྱུས་ལ་འཁྱོག་བཤད་འབའ་ཞིག་ཡིན་ན་ཡང་། ཀླུ་ཁང་འདིས་ད་ལྟ་སྐྱེས་པོ་ཀུན་བག་མེད་ལ་ཁྲིད་པ་ཚངས་དབྱངས་པའི་ཆེད་དུ་བཞེངས་པས་ནོངས་སམ།
འབྲེལ་ཡོད་འོས་སྦྱོར།