logo

ཐང་ག་བཞེངས་མཁན་གྲུབ་མཆོག་གི་གཏམ་རྒྱུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2017-09-18 ཀློག་གྲངས།:


དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན(གཡོན)དང་གྲུབ་མཆོག་མཉམ་དུ་བརྒྱབ་པའི་འདྲ་པར།

     གྲུབ་མཆོག་གི་སྨི་ངོས་གྲུ100ལྷག་ཙམ་ཡོད་པའི་ཐང་ག་བཞེངས་ཁང་དུ་བོད་རུམ་བཏིང་འདུག་ལ་མེ་ཏོག་ཁོག་མ་ཁ་ཤས་བསྒྲིགས་འདུག་པས། བལྟས་པ་ཙམ་གྱིས་སྐྱིད་སྣང་ཤིན་་ཏུ་དོད། ཁོང་གིས་ང་ཚོ་ཚོམས་ཆེན་དུ་འབོད་ནས་ཇ་བླུགས་པ་དང་འབྲེལ། རང་ཉིད་ཀྱི་གཏམ་རྒྱུད་བརྗོད་བྱུང་། ལོ28ལ་སླེབས་པའི་གྲུབ་མཆོག་ནག་ཆུའི་འབྲོག་དུད་ཅིག་ཏུ་སྐྱེས་པ་དང་ཆུང་དུས་ནས་ཐང་གར་དགའ་པོ་ཡོད་ལ། ལྷག་པར་དུ་ཐང་གའི་ངོས་ཀྱི་ཕྱག་རྒྱ་སྣ་ཚོགས་ཀྱི་སྐུ་དང་རྣམ་པར་བཀྲ་བའི་ཚོས་གཞིར་དེ་བས་དགའ་པོ་ཡོད།
     ལོ12ལ་སླེབས་སྐབས་ཁོང་གིས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་སངས་རྒྱས་ཕུན་ཚོགས་སློབ་དཔོན་ལ་བསྟེན་ནས་ཐང་ག་འབྲི་རྩལ་གྱི་རྨང་གཞི་སྦྱངས། ལོ་ལྔ་སོང་རྗེས་ཡང་དགེ་རྒན་བློ་བཟང་ལགས་ཀྱི་ས་ནས་འཇིམ་སྐུ་བཞེངས་སྟངས་སྦྱངས། 2009ལོར་སྨན་ཐང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་བསྟན་པ་རབ་བརྟན་གྱི་དྲུང་ནས་སྨན་ཐང་ལུགས་ཀྱི་ཐང་ག་འབྲི་རྩལ་སྦྱོང་འགོ་ཚུགས། 2015ལོར་སླེབས་སྐབས་གྲུབ་མཆོག་གིས་ལོ་གསུམ་གྱི་རིང་བྲིས་པའི་ཐོན་ཐང《རྡོ་རྗེ་འཆང》ཞེས་པ་ལེགས་གྲུབ་ཟིན།

     ཐང་ག་དེར་ཁྱོན་སྐུ་འདྲ་ཆེ་ཆུང་སྣ་ཚོགས་བསྡོམས100ཙམ་ཡོད་པ་དང་སྐུ་འདྲ་དག་ཉམས་འགྱུར་མི་འདྲ་ཞིང་། ཚོན་མདོག་ཀྱང་བཀྲག་མདངས་ཆེ་བས་མིག་གི་ལོངས་སྤྱོད་ཅིག་ཏུ་གྱུར། ཁོང་གི་ཐང་ག་དེར་རྒྱལ་ཡོངས་དང་། བོད་ལྗོངས། མཚོ་སྔོན་སོགས་ཀྱི་ཐང་གའི་འགྲེམས་སྟོན་ཐོག་བྱ་དགའ་རག་པ་མ་ཟད། ཁོང་རང་ཉིད་ཀྱང་སྐད་གྲགས་ཆོད་འགོ་ཚུགས། ད་བར་ཁོང་གིས་ཐང་ག་དེ་རང་ཉིད་ཀྱི་གཅེས་ནོར་ལྟ་བུར་བརྩི་བ་དང་གཞན་གྱིས་སྒོར་ཁྲི130སྤྲད་དེ་འཚོང་རོགས་ཞེས་བཤད་ཀྱང་བཙོངས་མེད།
     “སྐབས་དེ་དུས་སློབ་གྲྭ་ཐོན་མ་ཐག་ཡིན་སྟབས། དངུལ་དཀོན་ཙམ་ཡོད། གོང་ཚད་མཐོ་པོ་དེ་འདྲ་སྤྲོད་དུས་འཚོང་འདོད་ཆེན་པོ་བྱུང་། འོན་ཀྱང་ཉིན་གསུམ་ཏག་ཏག་བསམ་བློ་བཏང་རྗེས་འཚོང་ཕོད་མ་བྱུང”ཐང་ག་དེར་རང་ཉིད་ཀྱི་རྩལ་ཡོད་ཚད་བཏོན་ཡོད་པ་མ་ཟད། རྒན་བསྟན་པ་རབ་བརྟན་ལགས་ཀྱིས་ཐང་ག་དེ་ཡག་པོ་ཇི་འདྲ་ཡོད་ལུགས་བྲིས་ཡོད་པས་འཚོང་ག་ལ་ཕོད་ཅེས་བརྗོད་བྱུང་།
     དུས་ད་ཆ་ཡང་སློབ་གཉེར་དུས་ཀྱི་ཐང་ག་སྦྱོང་བའི་དཀའ་ངལ་འཕྲད་པའི་གནས་ཚུལ་དེ་དག་བློ་ལ་གསལ་པོར་ངེས་ནས་ཡོད། ཁོང་ཁྱིམ་གྱི་འཚོ་བ་དེ་ཙམ་ཕྱུག་པོ་མེད། ཐོག་མར་རྒན་བསྟན་པ་རབ་བརྟན་ལགས་ཀྱི་སར་ཐང་ག་སྦྱོང་བར་འགྲོ་སྐབས་སྒོར་ཁྲི2ལས་རུབ་ཐུབ་མེད། ལྷ་སར་ཁང་གླ་སྤྲོད་པ་དང་། ལྟོ་རིན། ཚོན་ཉོ་བ། ཐང་རས་ཉོ་བ་བཅས་ལ་དངུལ་གཏོང་དགོས་པས་སྒོར་ཁྲི2དེ་དག་མི་རིང་བར་བེད་སྤྱོད་བཏང་ཟིན།“ཐབས་ཤེས་མི་འདུག ནང་མིར་བསྐུར་རོགས་ལབ་ན་ལབ་མི་བདེ་བས་མཐར་ཉིན་ལྟར་དགོང་མོ་མཚན་ཁྲོམ་ལ་མེ་ཏོག་བཙོངས་ནས་བསྡད་པ་ཡིན”ཞེས་བཤད་བྱུང་།

     དེ་ལྟར་གྲུབ་མཆོག་གིས་མེ་ཏོག་ཟླ་བ་བརྒྱད་བཙོངས་མོད། ཁེ་བཟང་རག་པའི་དངུལ་རྣམས་འཁྱུག་ཙམ་ནང་རྫོགས། དེ་ལྟར་སློབ་ཐོན་གྱི་མཚམས་སུ་བཅར་བས་ཚོན་ཉོ་བྱེད་ཀྱི་དངུལ་མེད་པས། མཚོ་སྔོན་དུ་བསྐྱོད་དེ་ཉིན་གླ་སྒོར250བླངས་ཏེ་ལྡེབས་རིས་འབྲི་བའི་ལས་ཀ་མ་བྱས་ཐབས་མེད་བྱུང་།
     འཚོ་བར་དཀའ་ངལ་དེ་འདྲ་འཕྲད་ཀྱང་། ཁོང་གིས་ཐང་ག་བཙོངས་ནས་དངུལ་རག་ཐབས་བྱས་མེད། ཁོང་གིས“རྒྱུན་དུ་རྒན་ལགས་ཀྱིས་ང་ལ་སློབ་གཉེར་གྱི་དུས་སུ་དངུལ་རག་ཐབས་ཀྱི་བསམ་བློ་གཏོང་རྒྱུ་མེད། དེ་ལྟར་བྱས་ན་དངུལ་ཁོ་ན་བསམ་སྟེ་ཐང་ག་བཞེངས་སྟངས་ཡག་པོ་ཤེས་མི་ཐུབ་ཅེས་བཀའ་སློབ་གནང་གི་ཡོད”ཅེས་བརྗོད་བྱུང་།
     དེ་ལྟར་དཀའ་སྤྱད་འབད་བརྩོན་དང་སྡུག་རུས་མང་པོ་བརྒྱབ་པར་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཅིང་། ད་ཆ་ཁོང་ལ་མིང་གྲགས་བྱུང་བ་དང་བཞེངས་པའི་ཐང་གར་གོང་མཐོ་པོ་རག་གི་ཡོད་ཁར། དགེ་ཕྲུག་ཀྱང་ཡོད་ལ་རང་ཉིད་ཀྱི་ཐང་ག་བཞེངས་ཁང་ཞིག་བཙུགས་ཐུབ་ཡོད། བོད་བྱང་ཐང་དང་ཐ་ན་མཚོ་སྔོན་ནས་གྲུབ་མཆོག་གི་དྲུང་དུ་ཐང་ག་བཞེངས་སྟངས་སྦྱོང་བར་ཡོང་མཁན་ཡོད་ཅིང་། ཁོང་གིས་དགེ་ཕྲུག་གི་དཔལ་འབྱོར་ཆ་རྐྱེན་ལ་མི་བལྟོས་པར་ཐང་ག་བཞེངས་སྟངས་སྦྱོང་འདོད་ཡོད་པའི་དགེ་ཕྲུག་བསྡུ་ཀྱང་བྱེད་ཀྱི་ཡོད།
     “འབྲོག་ཁུལ་ནས་ཡོང་བའི་ཕྲུ་གུ་མང་པོ་ཞིག་གི་ཁྱིམ་ཚང་ཆ་རྐྱེན་སྐྱོ་པོ་ཡིན་ཡང་། ཁོ་ཚོར་ཡར་བརྩོན་གྱི་བསམ་པ་ཆེན་པོ་འདུག རྒྱུན་དུ་ཁོ་ཚོ་མཐོང་སྐབས་རྟག་ཏུ་རང་ཉིད་ཆུང་དུས་ཀྱི་གནས་ཚུལ་དྲན་གྱི་འདུག ང་རང་ཡང་སྐྱོ་པོ་ཞིག་ནས་གོམ་པ་རིམ་སྤོས་ཀྱིས་ཡོང་བ་ཞིག་ཡིན། དེས་ན། ཁོང་ཚོར་ལྟོ་རིན་དང་ཁང་གླ་ལེན་གྱི་མེད། ཕྲུ་གུ་མང་པོ་ཞིག་ཐང་ག་བཞེངས་རྒྱུར་ཧ་ཅང་དགའ་པོ་འདུག ཁོང་ཚོས་ཐང་ག་བཞེངས་རྒྱུ་དེ་རང་ཉིད་མི་ཚེའི་ལམ་བུ་ཞིག་ཏུ་བརྩི་གི་འདུག་པས་ངས་ཁོང་ཚོར་རོགས་པ་མི་བྱེད་པ་ག་ལ་སྲིད། གལ་ཏེ་ཁོང་ཚོ་ཐང་ག་བཞེངས་སུ་མ་བཅུག་ན་ཁོང་ཚོའི་མི་ཚེའི་གང་འདྲ་ཞིག་ཡོང་མིན་སུས་ཀྱང་ཤོད་ཐབས་བྲལ་ཞེས་གྲུབ་མཆོག་གིས་བཤད་བྱུང་།
     ཐང་ག་ཞིག་བཞེངས་པར་ཉུང་ན་གཟའ་འཁོར་གསུམ་ནས་ལྔ་བར་དང་མང་ན་ལོ་གསུམ་ནས་ལྔ་བར་འགོར་གྱི་ཡོད་པས་སྙིང་རུས་ཆེན་པོ་དགོས་ཤིང་། གལ་ཏེ་དགའ་ཕྱོགས་དང་དད་སེམས་མེད་ན། མཐའ་འཁྱོལ་དཀའ་མོ་རེད། གྲུབ་མཆོག་གིས་རང་ཉིད་ཀྱི་དགེ་ཕྲུག་ལ་སློབ་ཚན་འཁྲིད་སྐབས་ངེས་པར་དུ་སེམས་གནས་ཐུབ་པ་བྱེད་དགོས། ལམ་སེང་མིང་གྲགས་ཐོབ་ཐབས་མི་བྱེད་པར་སྔོན་ལ་ཐང་ག་བཞེངས་སྟངས་དང་ཚོན་མདོག་སྲེ་སྟངས་ཡག་པོ་སྦྱོང་དགོས་ཞེས་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
     ཁོང་གིས་དགེ་ཕྲུག་ཚོར་སློབ་ཚན་ཁྲིད་པ་དང་ཆབས་ཅིག རྒྱུན་དུ་ཐང་ག་གསར་རྩོམ་དང་གསར་གཏོད་ཀྱི་ལས་ལ་གཞོལ་ཞིང་། ཁོང་གི་ཐང་གར་ཀརྨ་སྒར་བྲིས་ལུགས་དང་སྨན་ཐང་ལུགས་ཀྱི་འབྲི་རྩལ་གྱི་ཉམས་འགྱུར་ལྡན་པ་མ་ཟད། དེང་རབས་སྒྱུ་རྩལ་གྱི་མཚོན་ཐབས་དང་རྒྱ་རིགས་ཀྱི་སྲོལ་རྒྱུན་རི་མོའི་གཞི་རྒྱུ་ཡང་བརྩམས་ཆོས་ནང་མཉམ་དུ་བསྡུས་ཡོད།
     མིག་རྒྱང་རིང་དུ་གཏོང་བ་དང་དགེ་ཕྲུག་ཡག་པོ་སྐྱོང་ཆེད། ཁོང་རྟག་ཏུ་ས་གནས་ཁག་ཏུ་མཛེས་ལྗོངས་ལ་ལྟ་བར་བསྐྱོད་དེ་འགྲེམས་སྟོན་ལ་བལྟས་ནས་གསར་གཏོད་ཀྱི་རིག་པའི་ཀློང་བརྡོལ་ཐབས་བྱེད་པ་དང་འབྲེལ། རྒྱུན་དུ་སློབ་མ་ཚོ་ལྷ་སའི་དགོན་སྡེ་ཁག་ཏུ་ལྟ་སྐོར་དང་ལྡེབས་རིས་ལྟ་བར་ཁྲིད་ནས་རི་མོའི་སྒྱུ་རྩལ་དང་གསར་རྩོམ་གྱི་ཐབས་རྩལ་སློབ་ཀྱི་ཡོད་པས་དགེ་ཕྲུག་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མ་འོངས་པའི་ཐད་གྲུབ་མཆོག་ལ་རང་ཉིད་ཀྱི་འཆར་གཞི་ཞིག་ཡོད་པ་སྟེ། སང་ལོ་སྒེར་གྱི་ཐང་གའི་འགྲེམས་སྟོན་ཞིག་གཉེར་རྩིས་ཡོད་པ་དེ་རེད། གོང་གི་པར་རིས་ནི་གྲུབ་མཆོག་དང་ཁོང་གི་དགེ་ཕྲུག་ཚོས་ཧོར་ཐང་གི་བཞེངས་ཁང་དུ་ཐང་ག་ནན་གྱིས་བཞེངས་པ་དང་ཉམས་མྱོང་སྤེལ་རེས་བྱེད་བཞིན་པ་རེད།


འབྲེལ་ཡོད་འོས་སྦྱོར།