logo

དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ་ཀྱིས་བཏབ་པའི་གློག་རྡུལ་ཚོང་ལས་སྐོར་གྱི་དྲིས་ལན།༤

རྩོམ་པ་པོ།:ཚེ་རིང་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-23 ཀློག་གྲངས།:
དྲི་བ་འདོན་མཁན། བོད་ཡུལ་ཚོང་དོན་གྱི་ཚོགས་མི།
དྲིས་ལན་འདེབས་མཁན། དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ།
ས་གནས། བོད་ཡུལ་ཚོང་དོན་ཚོགས་པ།
ཡི་གེར་ཕབ་མཁན། བརྩེ་དུང་རྡོ་རྗེ།
     འོ་ན། གློག་རྡུལ་ཚོང་ལས་ཁྲོད་ནས་བཙོང་མཁན་གྱིས་ཚོང་སྒོ་ཇི་ལྟར་འབྱེད་དགོས་པ་དང་ཉོ་མཁན་གྱིས་རང་ལ་མཁོ་བའི་ཚོང་ཟོག་ཇི་ལྟར་བཙལ་དགོས་པ་རེད་ཅེ་ན། དེ་ཡང་དཔེ་ཞིག་བཞག་ན། འུ་ཚོའི་སྲོལ་རྒྱུན་གྱི་ཚོང་ལས་ཁྲོད་ནས་ཉོ་མཁན་དེ་བཙོང་མཁན་གྱི་ཚོང་ཁང་དུ་འགྲོ་བའམ་ཡང་ན་ཚོང་བ་མང་པོ་འཛོམས་སའི་ཚོང་རར་བྱིན་ཏེ་རང་ལ་མཁོ་བའི་ཚོང་ཟོག་ཡོད་མིན་ལ་ལྟ་བ་དང་། དེ་ནས། གལ་ཏེ་རང་ལ་མཁོ་བའི་ཚོང་ཟོག་ཞིག་ཡོད་པ་ཡིན་ན། བཙོང་མཁན་དང་གོང་གཏམ་ནས་ཚོང་ཟོག་དེ་ཉོ་འཚོང་བྱེད་ཀི་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། དེ་བཞིན་དུ། གློག་རྡུལ་ཚོང་ལས་ཁྲོད་ནས་ཀྱང་བཙོང་མཁན་གྱིས། དྲ་ཐོག་ནས་ཚོང་ཁང་ཞིག་གི་སྒོ་འབྱེད་དགོས། དེ་ལ་སྣ་གཉིས་ཡོད་དེ། དང་པོ། རང་གིས་ཚོང་ཁང་ཆེན་པོ་ཞིག་གི་སྒོ་ཕྱེ་ཏེ་ཚོང་ར་ཞིག་ཆགས་ཏུ་འཇུག་དགོས། གཉིས་པ། གཞན་གྱིས་བཙུགས་ཟིན་པའི་གློག་རྡུལ་ཚོང་ར་ཞིག་གི་ནང་དུ་ཞུགས་ནས་རང་གིས་ཚོང་ཁང་ཆུང་ཆུང(ཚོང་མིག)ཞིག་གི་སྒོ་འབྱེད་དགོས། གལ་ཏེ་ཁོ་རང་གིས་སྔ་མ་དེ་བྱེད་པ་ཡིན་ན། རང་ཉིད་ལ་མ་རྩ་ཆེན་པོ་ཡོད་དགོས། ཐོག་མར། དྲ་ཚིགས་ཞིག་གི་སྒོ་འབྱེད་པ་ལ་མ་རྩ་ཆེན་པོ་ཡོད་དགོས། གཉིས་པ། ཉོ་མཁན་དག དྲ་ཚིགས་སུ་ཕེབས་ཡོང་བའི་ཕྱོགས་ལ་བརྡ་ཁྱབ་སྤེལ་དགོས། དེ་ལ་མ་རྩ་ཆེན་པོ་ཡོད་དགོས། གསུམ་པ། དྲ་ཚིགས་དེའི་འཁོར་བསྐྱོད་ལ་བདག་སྐྱོང་བྱེད་དགོས་པ་རེད། དེ་ལའང་མ་རྩ་གཏོང་དགོས་པ་རེད། བཞི་པ། དངུལ་ཁང་གི་བརྡ་འཕྲིན་མ་ལག་ཏུ་ཞུགས་དགོས་པ་དང་དེ་མིན་དེའི་སྐོར་གྱི་འབྲེལ་ཡོད་ལག་རྩལ་བྱང་ཆུབ་དགོས། དེ་ལ་ཡང་དངུལ་སྒོར་མང་པོ་གཏོང་དགོས། གལ་ཏེ་ཁྱེད་ཀྱིས་ཕྱི་མ་དེ་བྱས་པ་ཡིན་ན་ཚོང་ལས་འཁོར་བསྐྱོད་ཀྱི་མ་རྩ་དེ་འདྲ་ཆེན་པོ་དགོས་ནི་མ་རེད། ཕྱི་མ་ཟེར་བ་དེ་གཞན་གྱིས་བཙུགས་ཟིན་པའི་ཚོང་རའི་ནང་དུ་སོང་ནས་ཚོང་མིག་ཅིག་གི་སྒོ་འབྱེད་པ་དེ་བཤད་ཀི་ཡོད་ནི་རེད། སྐབས་དེར་ཁྱེད་ཀྱི་འགྲོ་གྲོན་དེ་ཅུང་ཆུང་རྒྱུ་རེད། ཅིའི་ཕྱིར་ཞེ་ན། གཞན་གྱིས་བཙུགས་ཡོད་པའི་གློག་རྡུལ་ཚོང་ར་ཡིས་གོང་ནས་གླེང་སོང་པའི་གནད་དོན་གཙོ་བོ་དག་ཐག་བཅད་ཟིན་པ་རེད། དཔེར་ན། དེང་སང་གི་སྤྱི་ཚོགས་ཁྲོད་ན་ཨ་ལཱས་པཱ་པཱ་ཞེས་པའི་ཁེ་ལས་ཚོགས་པ་ཞིག་གིས་ཐོ་པཱོ(淘宝<གསར་བྱུང་རྒྱུན་བཀོལ་མིང་མཛོད་ན“ནོར་འདྲུ”ཞེས་བསྒྱུར་འདུག>)དང་ཐེན་མཱོ(天猫)ཞེས་ཕན་ཚུན་སྦྲེལ་ཡོད་པའི་གློག་རྡུལ་ཚོང་ར་ཞིག་བཙུགས་ཡོད། གློག་རྡུལ་ཚོང་ར་དེ་ཡིས་གོང་གི་གནད་དོན་དེ་དག་ཐག་བཅད་ཡོད་མ་ཟད་ད་ལྟ་དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་གློག་རྡུལ་ཚོང་ར་ཡིན། ཚོང་ར་དེའི་ཁྲོད་ན་སྒོ་ཕྱེ་ཡོད་པའི་ཚོང་མིག་ནི་བགྲངས་ལས་འདས་ཡོད་པ་མ་ཟད། ཉོ་མཁན་ཡང་བགྲངས་ལས་འདས་པ་ཞིག་ཡོད་ནི་རེད། དེ་སྔོན་འཛམ་གླིང་སྟེང་གི་གློག་རྡུལ་ཚོང་ར་ཆེས་ཆེ་བ་ནི་ཨ་རིའི་ཨཱ་མཱ་ཟོན(amazon) དང་ཨེ་བྷེས(eBay)གཉིས་ཀ་རེད། 2013ལོ་ནས་བཟུང་། ཨཱ་ལཱས་པ་པ་ཡི་གློག་རྡུལ་ཚོང་རའི་ནང་ཚོང་རྒྱབ་པའི་དངུལ་སྒོར་གྱི་གྲངས་ཀ་དེ་ཨཱ་མཱ་ཟོན་དང་ཨེ་བྷེས་གཉིས་ཀ་བསྡོམས་པ་ལས་ཀྱང་མང་བ་རེད།
     ད་མཚམས་འདིར་སླེབས་དུས། ཡང་ལ་ལ་ཞིག་གིས་འོ་ན་གློག་རྡུལ་ཚོང་ལས་ཀྱི་བྱེད་སྟངས་ག་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་བ་ཞིག་བཀོད་ནའང་ཐང་། དེ་ཡང་འདི་ནས་ཉོ་མཁན་གྱི་སྐོར་ནས་རགས་ཙམ་ཞིག་བཤད་ན། ཐོག་མར། ཉོ་མཁན་དེ། དྲ་རྒྱའི་ཐོག་ཏུ་ཞུགས་དགོས། དེ་ནས་གློག་རྡུལ་ཚོང་ཁང་ཆེན་པོའམ་ཡང་ན་གློག་རྡུལ་ཚོང་ར་ཞིག་བཙལ་དགོས། གློག་རྡུལ་ཚོང་ཁང་ཆེན་པོ་ཞེ་ན་དཔེར་ན་ཅིན་ཏུང(京东)ཞེས་པའམ་ཡང་ན་བྭོ་ལུ་མཱ(Walmart)ལྟ་བུ་རེད། ཉོ་མཁན་དེ་ཚོང་ཁང་དེ་ཚོའི། དྲ་ཚིགས་སུ་ཞུགས་ཚེ། ཁོང་གིས་ཚོང་ཟོག་དག་གི་བརྙན་པར་དང་རིན་གོང་། དེ་མིན་ཚོང་ཟོག་གི་ནུས་པ་ལྟ་བུའི་གསལ་བཤད་དག།དྲ་ངོས་ནས་གསལ་བོར་བལྟ་ཐུབ། དེའི་འཕྲོས་ནས་རང་ལ་མཁོ་བའི་ཚོང་ཟོག་ཡོད་སོང་ན། ཚོང་ཟོག་གང་དེའི་བརྙན་པར་ལ་མནན་ཚེ་ཚོང་ཟོག་གི་བརྡ་འཕྲིན་ཆ་ཚང་བ་ཀློག་ཐུབ་པའི། དྲ་ངོས་སུ་འགྲོ་ཐུབ་པ་རེད། བརྡ་འཕྲིན་དེ་དག་ལ་བརྟེན་ནས་རང་གིས་ཉོ་བ་ཡིན་མིན་ཐག་གཅོད་དགོས། གལ་ཏེ། དྲ་ངོས་དང་པོ་ན་རང་ལ་མཁོ་བའི་ཚོང་ཟོག་མེད་སོང་ན། དྲ་ངོས་གཉིས་པ་ལ་མནན་ནས་དེ་རུ་བལྟས་ན་ཆོག་ནི་རེད། དེ་ནས་གསུམ་པ་དང་བཞི་བ། ལྔ་བ་སོགས། དྲ་ངོས་གཞན་དག་ལའང་བལྟས་ན་ཆོག་ཀི་རེད། དེ་ཡང་ང་ཚོ་དེང་སང་ཚོང་རྭའི་ནང་ནས་འཁོར་འགྲོ་པ་བཞིན་གཅིག་པ་གཅིག་རྐྱང་ཡིན། དེ་ལྟར་གྱིས་ན་དུས་ཚོད་མང་པོ་འགྲོ་བས། ཁོང་གིས་དྲ་རྒྱའི་ལག་རྩལ་བེད་སྤྱད་བཏང་ནས་དུས་ཚོད་གྲོན་ཆུང་བྱས་ཆོག  དཔེར་ན། ཁོང་གིས། དྲ་ངོས་ཀྱི“རིགས”ཞེས་པ་ཞིག་ཡོད་པ་དེར་མནན་ནས་རིགས་མཐུན་ཚོང་ཟོག་ཁྲོད་ནས་རང་ལ་མཁོ་བའི་ཚོང་ཟོག་བཙལ་བའམ། ཡང་ན། དྲ་ངོས་ཀྱི་འཚོལ་བཤེར་ལག་ཆ་བརྒྱུད་ནས་ཚོང་ཟོག་དེ་བཙལ་ཆོག དྲ་ངོས་སུ“འཚོལ་བཤེར་ཚན་གོང”ཞེས་པ་ཞིག་ཡོད་པས། དེའི་ནང་དུ་རང་ལ་མཁོ་བའི་ཐོན་རྫས་ཀྱི་མིང་བཏགས་ནས་བཙལ་ཆོག་ནི་རེད། དེ་ལྟར་འཚོལ་བཤེར་བྱས་ན་རང་ལ་མཁོ་བའི་ཚོང་ཟོག་གི་བརྡ་འཕྲིན་ཚང་མ་ལམ་སང་། དྲ་ངོས་སུ་ཤར་ནས་འོང་བ་རེད། སྐབས་དེར། ཚོང་ཟོག་གི་རིན་གོང་དང་བརྙན་པར་ལ་སོགས་པའི་བརྡ་འཕྲིན་ཡང་མཐོང་ཐུབ་ནི་རེད།
     སྐབས་འདིར། ཁོང་གིས་ཚོང་ཟོག་ཅིག་ཉོ་བསམ་དུས་“རྩིས་ཐོ”ཞེས་པ་ཞིག་ཐོ་འགོད་དགོས་པ་རེད། “རྩིས་ཐོ”དེར་སྤྱིར་བཏང་གིས་རིན་སྤྲོད་དགོས་པ་མ་རེད། དེ་ནས་གོང་གི་ཚོང་ཟོག་དེའི་ངོས་ཀྱི“ཉོ་བ་ཡིན”ཞེས་པ་དེར་མནན་པ་ཡིན་ན། ཚོང་ཟོག་དེ“རང་གི་རྩིས་ཐོ”ཡི། དྲ་ངོས་སུ་སླེབས་འཇོག་པ་རེད། དེ་ནས་ཁོང་གིས“རྩིས་རྒྱག་རྒྱུ་ཡིན”ཞེས་པ་དེར་མནན་ན“རྩིས་རྒྱག་གི དྲ་ངོས”སུ་ཞུགས་ཏེ་རྩིས་རྒྱག་གི་བྱེད་ཐབས་འདེམས་དགོས་པ་རེད། རྩིས་རྒྱག་གི་བྱེད་ཐབས་ལ“ཚོང་ཟོག་ལག་ཏུ་འབྱོར་རྗེས་ད་གཟོད་སྒོར་མོ་སྤྲོད་པ”ལྟ་བུ་དང་། “ཐད་ཀར་དངུལ་བྱང་གི་ཐོག་ནས་སྒོར་མོ་སྤྲོད་པ”ལྟ་བུ། ཀྲི་ཧྥོའི་པཱོ(རིན་སྤྲོད་ནོར་བུ支付宝)བརྒྱུད་ནས་སྒོར་མོ་སྤྲོད་པ”ལྟ་བུ་སོགས་མང་ཙམ་ཡོད། གོ་རིམ་དེའི་ཁྲོད་ནས་ཁོས་ཁ་པར་ཨང་གྲངས་དང་སྡོད་གནས་སོགས་གསལ་བོ་ཞིག་བཀོད་རྗེས་ཚོང་ཟོག་དེ་ཐད་ཀར་ཁོང་གི་ལག་ཏུ་བསྐྱལ་ནས་འོང་བ་རེད། ད་གོང་ནས་བཤད་པ་དག་ནི་ཉོ་མཁན་གྱིས་གློག་རྡུལ་ཚོང་ཁང་ཆེན་པོ་བརྒྱུད་དེ་ཚོང་ཟོག་ཉོ་བ་ལྟ་བུ་ལ་དཔེ་བཞག་ནས་བཤད་པ་ཡིན། སྐབས་འདིར་ཤེས་དགོས་པ་ནི་གློག་རྡུལ་ཚོང་ཁང་ཆེན་པོའི་ནང་ན་བཙོང་མཁན་གཅིག་མ་གཏོགས་ཡོད་མ་རེད།
     ད་གློག་རྡུལ་ཚོང་ར་ལ་དཔེར་བཞག་ནས་བཤད་ན། དཔེར་ན་ཐཱོ་པོ་དང་ཐེན་མཱོ་ལྟ་བུ། དེ་གཉིས་འདྲ་ས་ཡོད་ལ་མི་འདྲ་སའང་ཡོད་ནི་རེད། ཐཱོ་པོ་དང་ཐེན་མཱོ་གཉིས་ཀ་ནི་ཚོང་ཟོག་ཉོ་འཚོང་བྱེད་སའི་སྟེགས་བུ་ཞིག་ཡིན་པ་ལས་དེ་གཉིས་ཀ་ཚོང་ཁང་ལྟ་བུའི་ཁེ་ལས་ཚོགས་པ་མིན། ཐཱོ་པོ་སྟེང་ན་ཚོང་མིག་མང་པོ་ཡོད་ནི་རེད། དེ་དག་གི་སྒོ་འབྱེད་མཁན་ནི་གཙོ་བོ་མི་རྐྱ་སྒེར་རེད། དེ་བས། ཐཱོ་པོ་སྟེང་གི་བཙོང་མཁན་ནི་གཙོ་བོ་མི་སྒེར་རེད། ཐཱོ་པོ་སྟེང་ནས་ཚོང་མིག་གི་སྒོ་ཕྱེ་ན་འགྲོ་གྲོན་ཅུང་ཆུང་། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་སུ་དང་སུ་ཡིན་རུང་། གལ་ཏེ་ཁོ་ལ་ཁྲིམས་མཐུན་ཐོབ་ཐང་ལག་འཁྱེར་ཞིག་ཡོད་ཚེ། སུ་ཡིས་ཀྱང་ཐཱོ་པོ་ཞེས་པ་ལས་ཐོ་བཀོད་དེ་ཚོང་མིག་ཅིག་གི་སྒོ་ཕྱེ་སྟེ་ཚོང་ཟོག་སྒོར་བཙོང་ཆོག ཡིན་ཡང་། ཐེན་མཱོ་ཞེས་པའི་སྟེགས་བུ་ཡི་སྟེང་ནས་དེ་འདྲ་བྱས་ཆོག་པ་མ་རེད། ཐེན་མྭོ་སྟེང་ནས་ཚོང་མིག་ཅིག་གི་སྒོ་འབྱེད་བསམ་ཚེ། ཁྱོད་རང་ཡིན་གཅིག་མིན་གཉིས་ཁེ་ལས་ལྟ་བུའི་ཚོགས་པ་ཞིག་ཡིན་དགོས། དེའེ་ཕྱིར། ཐེན་མཱོ་སྟེང་གི་བཙོང་མཁན་ནི་གཙོ་བོ་ཁེ་ལས་ལྟ་བུའི་ཚོགས་པ་ཡིན། ཐཱོ་པོ་དང་བསྡུར་ཚེ། ཐེན་མྭོ་སྟེང་ནས་ཚོང་མིག་ཅིག་གི་སྒོ་ཕྱེ་ན་འགྲོ་གྲོན་ཅུང་ཆེ།
     ཉོ་མཁན་ལ་མཚོན་ན། ཁོང་གིས་་ཐཱོ་པོ་དང་ཐེན་མཱོ་ལྟ་བུའི་གློག་རྡུལ་ཚོང་ར་ནས་ཚོང་ཟོག་ཅིག་ཉོ་བསམ་ཚེ། ཐོག་མར་རྩིས་ཐོ་ཞིག་འགོད་དགོས། ཉོ་འཚོང་གི་གོ་རིམ་ནི་གོང་གི་གློག་རྡུལ་ཚོང་ཁང་གི་དཔེ་ལྟར་ཡིན། གློག་རྡུལ་ཚོང་ཁང་དང་མི་འདྲ་ས་ཞིག་ཡོད་པ་ནི་གློག་རྡུལ་ཚོང་རའི་ནང་དུ་བཙོང་མཁན་མི་འདྲ་བ་མང་པོ་ཡོད་པ་དེ་རེད། བཙོང་མཁན་མི་འདྲ་བ་མང་པོ་ཡོད་པའི་སྐབས་དེར་གཅིག་པ་གཅིག་རྐྱང་གི་ཚོང་ཟོག་ལ་རིན་གོང་མི་འདྲ་བ་མང་པོ་ཡོད་སྲིད། དེའི་ཕན་ཆད་ནས། ཉོ་མཁན་དག་གིས་བཙོང་མཁན་གྱི་ནུས་པ་དང་ཚོང་ཟོག་གི་རྒྱུ་སྤུས་དག་ལ་སྐར་མ་རྒྱབ་ཡོད་པ་རེད། སྐར་མ་མཐོ་ན་བཙོང་མཁན་དེ་བཟང་བོའི་རིགས་ཡིན་པ་དང་། སྐར་མ་དམའ་ན་བཙོང་མཁན་ཅུང་ཡག་པོ་ཞིག་མིན་པ་དེ་མཚོན། དེ་མིན། ཚོང་ཟོག་ཉོ་འཚོང་གི་གོ་རིམ་ཁྲོད། ཚོང་ཟོག་བསྐུར་ཡོང་བའི་འགོར་འགྱང་དང་། བཙོང་མཁན་གྱི་རྣམ་འགྱུར་བཟང་ངན་ལྟ་བུ་སོགས་ཀྱང་ཉོ་མཁན་གྱིས་ཡི་གེར་ཕབ་ཏེ་བཞག་ཡོད། ཉོ་མཁན་གཞན་དག་གིས་དེར་བལྟས་རྗེས་རང་གིས་བཙོང་མཁན་དེ་ལས་ཚོང་ཟོག་ཉོ་མིན་ཐག་གཅོད་བྱས་ཆོག ཉོ་མཁན་གྱིས་ད་དུང་ཚོང་ཟོག་གི་སྐོར་ནས་རྒྱུས་ལོན་ཞིབ་ཆ་ཞིག་བྱེད་འདོད་ཚེ། ཐད་ཀར་བཙོང་མཁན་དང་ཁ་བརྡ་བྱས་ནའང་ཆོག་ནི་རེད། བཙོང་མཁན་ལ་འབྲེལ་གཏུགས་བྱེད་པའི་སྐབས་དེར་“བཙོང་མཁན་ལ་འབྲེལ་གཏུགས་བྱེད་པ”ཅེས་པ་དེ་མནན་ན། དྲ་བའི་སྒེའུ་ཁུང་གཞན་ཞིག་ཐོན་ཡོང་བ་རེད། སྒེའུ་ཁུང་དེ་ནས་ཕན་ཚུན་ལ་ཡི་གེའི་བཏགས་ནས་དྲི་བ་འདོན་པའམ་ལན་འདེབས་པ་ལྟ་བུའི་གླེང་མོལ་བྱས་ཆོག ཐཱོ་པཱོ་དང་ཐེན་མཱོ་ལྟ་བུ་ནི་རྒྱ་ཡིག་གི་ལམ་ནས་ཚོང་ལས་བྱེད་ཀི་ཡོད་པ་ཞིག་ཡིན་པས། རྒྱ་ཡིག་བཀོལ་སྤྱོད་བྱས་ནས་ཁ་བརྡ་བྱེད་དགོས་པ་རེད། ད་ལྟ་དེ་ལྟ་བུའི་ཚོང་ར་ཆེན་པོ་ནས་བོད་ཡིག་བཀོལ་སྤྱོད་བྱས་ཏེ་ཚོང་རྒྱག་ཐུབ་པའི་ཞབས་ཞུ་མཁོ་སྤྲོད་བྱེད་མི་འདུག
     ཐཱོ་པོ་དང་ཐེན་མཱོ་ལྟ་བུའི་སྟེགས་བུ་ལས་བོད་ཡིག་གི་གློག་རྡུལ་ཚོང་ལས་འདོན་སྤྲོད་མི་བྱེད་པའང་གཙོ་བོ་ཁེ་སྤོགས་བཟོ་ཐུབ་རྒྱུ་མ་རེད་བསམ་པ་ཡིན་ནམ་བསམ། ཅིའི་ཕྱིར་ཞེ་ན། བོད་ཡིག་གི་ལམ་ནས་ཚོང་ལས་སྤེལ་བསམ་ཚེ་རང་གིས། དྲ་ཚིགས་ནས་བོད་ཡིག་སྐོར་གྱི་མཉེན་ཆས་མང་པོ་ཞིག་གསར་གཏོད་བྱེད་དགོས་པ་དང་། དེ་མིན་ད་རུང་མཉེན་ཆས་དེ་དག་དང་བརྙན་པར། འགུལ་རིས། མ་ལག་གཞན་དག་སོགས་བར་གྱི་མཐུན་སྦྱོར་སྐོར་གྱི་གནད་དོན་མང་པོ་ཞིག་ཀྱང་ཐག་གཅོད་བྱེད་དགོས་ཡོད་པ་རེད། མཐར་གཏུག་ནས་བཤད་ན་འདི་དག་ནི་ལག་རྩལ་གྱི་གནད་དོན་ཡིན་པ་དང་གནད་དོན་འདི་ཐག་གཅོད་དགོས་ཚེ་དངུལ་མང་པོ་ཞིག་གཏོང་དགོས། དེ་བས་ཁོ་ཚོས་སེམས་སུ་ཁེ་སྤོགས་ལེན་ཐུབ་རྒྱུ་མ་རེད་བསམ་ནས་བོད་ཡིག་གི་གློག་རྡུལ་ཚོང་ར་སྤེལ་བར་གདེང་ཚོད་ཆེན་པོ་ཡོད་ས་མ་རེད་བསམ། དེ་མིན། བོད་ཡིག་གི་སྐོར་ནས་དངུལ་བཏང་སྟེ་གློག་རྡུལ་ཚོང་ལས་དྲ་ཚིགས་བཙུགས་ཟིན་པའང་ད་ལྟ་མཐོང་རྒྱུ་ཆེར་མི་འདུག་པ་ཚང་མས་མཁྱེན་སྲོལ་ཡོད་རེད།


འབྲེལ་ཡོད་འོས་སྦྱོར།