2015ལོའི་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་པོ་བསྡུས་པ།
2015ལོའི་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་པོ་བསྡུས་པ།
ཡུལ་དངོས་ཀྱི་རྣམ་པ།
མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དབང་རྒྱལ་དང་།
བོད་ཀྱི་དམངས་གཉེར་ཁེ་ལས་པ་པདྨ་བསྟན་འཛིན། བོད་ཀྱི་སློབ་གསོ་བ་གྲགས་ཅན་
འཇིགས་མེད་རྒྱལ་མཚན་སོགས་བོད་ཀྱི་ཚོང་ལས་པ།
ཚོགས་འདུའི་ཟུར་ཞིག
བོད་ཀྱི་ན་གཞོན་ཚོང་ལས་པ་རྣམས་ཀྱི་ལྷན་པར།
2015ལོའི་ཟླ12པའི་ཚེས27ཉིན། ཚོ་ཤོག་གསར་བའི་ཚོང་ལས་དཔུང་སྡེ་ཡིས་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་པོ་དེ་མཚོ་སྔོན་ཞིང་ཆེན་ཚོགས་འདུའི་ལྟེ་གནས་སུ་བསྡུས།
ཚོགས་འདུ་མགོ་བརྩམས་མ་ཐག ཚོ་ཤོག་གསར་བའི་ཚོ་དཔོན་རྡོ་རྗེ་འབུམ་གྱིས་ལྷག་བསམ་ཟོལ་མེད་ངང་ཚོགས་རའི་འགོ་བརྗོད་ཀྱི་གཏམ་བཤད་གནང་སྟེ་ཚོགས་ཞུགས་མི་སྣ་སོ་སོར་ཡིད་ཆེས་དང་སྤོབས་པ་བསྩལ་ཞིང་། བོད་ཁུལ་ཡོངས་ཀྱི་མིག་སྔའི་དཔལ་འབྱོར་དང་ཁོར་ཡུག་ཇི་ལྟར་རྒྱུད་འཛིན་དང་སྲུང་སྐྱོབ། བོད་ཀྱི་མི་རིགས་ཁེ་ལས་འཕེལ་རྒྱས་གཏོང་བར་བློ་སྤོབས་དང་ཡིད་ཆེས་ཀྱིས་ཁེངས་པའི་ན་གཞོན་ཚོང་ལས་པ་དགོས་པའི་གལ་ཆེན་རང་བཞིན་དང་། བོད་ཡུལ་སོ་སོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གོང་མཐོར་གཏོང་དགོས་པ་སོགས་དམིགས་སུ་བཀར་ནས་བཤད།
ལས་ཞུགས་ནི་དམངས་ཀྱི་འཚོ་ཚིས་ཀྱི་རྩ་བ་ཡིན་ལ། ཚོང་ལས་གཉེར་ན་ལས་ཞུགས་ཐག་གཅོད་བྱ་ཐུབ་པ་ཡིན། ད་ལྟའི་རང་རྒྱལ་གྱི་དཔལ་འབྱོར་གྱི་རྣམ་པ་གསར་བ་དང་མི་གྲངས་ཀྱི་འཕེལ་ཚད་སོགས་ཀྱིས་ལས་ཞུགས་ཀྱི་གནས་བབ་ཛ་དྲག་ཅན་དུ་གྱུར་བ་དང་། གཏེར་ལས་ཐོན་ཁུངས་ཉམས་དམས་སུ་འགྲོ་བའི་ཚུལ་སྔར་བས་ཇེ་སྡུག་ཡིན་པ། དེ་ལ་བརྟེན་ནས་བྱུང་བའི་འབྲེལ་ཡོད་ལས་གནས་ཀྱང་ཇེ་ཉུང་ལ་འགྲོ་བཞིན་ཡོད་པ། འདིས་ང་ཚོའི་ལས་གནས་བཀོད་སྒྲིག་གི་བྱ་བ་ལེགས་འགྲུབ་ཡོང་རྒྱུ་ཇེ་དཀའ་ལ་བཏང་ཡོད་ཚུལ། དེར་བརྟེན་ང་ཚོས་མཐར་ཕྱིན་སློབ་མ་ཞིག་ཡིན་ཡང་རྒྱལ་ཁབ་ཀྱི་གཞུང་ཞབས་རེག་རྒྱུར་སྒུག་པ་ལས་ཁེ་ལས་གསར་སྤེལ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཀྱང་སྒེར་དབང་ཚོང་ལས་གཉེར་བ་ནི་སྤྱི་ཚོགས་བརྟན་བརླིང་དང་འཚོ་གནས། འཕེལ་རྒྱས་ལ་འབྲེལ་བ་ཡོད་པས ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཁེ་ལས་གསར་འཛུགས་ཀྱི་འགན་འཁྲིའི་འདུ་ཤེས་དགོས་ཚུལ་བཤད།
ཉེ་བའི་ལོ་དགའི་རིང་གི་ལས་ཞུགས་འཕེལ་ཕྱོགས་ཀྱི་དབྱེ་ཞིབ་ལྟར་ན། ན་གཞོན་དཔུང་སྡེའི་ངལ་རྩོལ་ནུས་ཤུགས་གཙོ་བོ་ཆགས་ཡོད་པའི་རྣམ་པ་མངོན་གསལ་ཇེ་དོད་ཡིན་ལ། ཞིང་འབྲོག་ས་ཁུལ་གྱི་སྐྱེ་ལྡན་ཐོན་རྫས་ཀྱིས་ཁྲོམ་རའི་སྣེ་ཁྲིད་དང་ཤེས་བྱ་ཁྱབ་བརྡལ་དུ་གཏོང་དགོས་པ་ཁ་ཚ་དགོས་ཐུག་ཏུ་གྱུར་ཡོད། དཔེར་ན། ཐོན་རྫས་ཡོད་ཀྱང་དེར་མཐུན་གྱི་ཁྲོམ་ར་མི་རྙེད་པ་དང་། ཡང་ན་ཐོན་རྫས་དེ་ས་གནས་ཀྱི་ཁྲོམ་ར་ལས་འདའ་མི་ཐུབ་པ། ལྷག་པར་སྤུས་ཚད་མི་ལོངས་པ། འཇོག་ཡུན་རིང་བ་དང་། ལག་རྩལ་གྱིས་མ་འདང་བ་སོགས་ཀྱི་གནད་དོན་ལྟ་བུ།
དེར་བརྟེན། ང་ཚོས་དེ་རིང་ནང་བཞིན་ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྱད་ནས། རྨང་གཞིའི་ཚོང་གཉེར་འདུ་ཤེས་དང་ཕན་ཚུན་རོགས་རེས་ཀྱི་རུ་དཔུང་སྙིང་སྟོབས་གོང་དུ་སྤེལ་དགོས། མ་འོངས་པའི་ལོ་འགའི་ནང་། གྲོང་བརྡལ་དང་ཞིང་སྡེས་ཀྱང་ཚོང་ལས་གཉེར་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་ངེས་ལ། སློབ་ཆེན་པ་གང་མང་དང་བོད་ཀྱི་ན་གཞོན་ཚོང་ལས་པ་ཡང་རིམ་བཞིན་ཏུ་རང་ཡུལ་འཕེལ་རྒྱས་ཀྱི་འཆར་འགོད་ནང་ཞུགས་ངེས་པ་མ་ཟད། ཁེ་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་འབྱུང་འགྱུར་འཕེལ་ཕྱོགས་ལ་གཙིགས་ཆེན་གནང་ངེས་རེད། འོན་ཀྱང་། དེའི་སྔོན་དུ་ང་ཚོས་མཐོ་སྒང་ས་ཁུལ་གྱི་འགྲོས་དལ་བའི་དཔལ་འབྱོར་གྱིས་འདོན་ཐུབ་པའི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་དང་། ཁེ་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཚོང་ལས་གཉེར་བའི་འཆར་འགོད་ཀྱི་སྣེ་སྟོན་གང་ལེགས་ཀྱིས་བེད་སྤྱོད་གཏོང་དགོས། འདི་ཡང་ཐེངས་འདིའི2015ལོའི་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་པོ་འཚོགས་པའི་དགོས་པ་དང་དོན་སྙིང་ཡིན་ནོ། །
ཐེངས་འདིའི་ཚོགས་འདུར་བོད་ཀྱི་ཆེད་མཁས་པ་གྲགས་ཅན་གང་མང་གདན་ཞུ་བྱས་ཏེ། ཚོགས་ཞུགས་མི་སྣ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས་བཤད་རྒྱུར། རྣམ་པ་གསར་བའི་ཚོང་ལས་གཉེར་བའི་སྲིད་ཇུས་ཀྱིས། བོད་ཀྱི་ཚོང་ལས་གཉེར་མཁན་རྣམས་ལ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་ལེགས་ཆ་གང་ལེགས་ཀྱིས་འདོན་སྤེལ་དང་། རང་གི་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས། འཕེལ་རྒྱས་ཀྱི་འགོག་རྐྱེན་ཕྱིར་འདོན། སྤྱི་ཚོགས་བྱ་གཞག་གོང་སྤེལ། མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་བར་ཤུགས་སྣོན། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཤུགས་ཆེར་གཏོང་དགོས་པའི་རེ་བ་བཏོན། དཔེ་ཀློག་གི་འདུ་ཤེས་དང་མི་རིགས་གཞན་གྱི་མཉམ་ལས་སོགས་མིག་དཔེ་འཛིན་དགོས་ཚུལ་གསུངས།
བོད་ཀྱི་དམངས་གཉེར་ཁེ་ལས་པ་པདྨ་བསྟན་འཛིན་གྱིས་ཀྱང་། རང་ཉིད་ཀྱི་གསོ་རིག་གཞུང་ལུགས་དང་ཁེ་ལས་ཉམས་མྱོང་ཟུང་དུ་སྦྲེལ་ནས། ཁེ་ལས་ཀྱི་དོ་དམ་ལ་དབྱེ་ཞིབ་བྱས་ཏེ། ཁེ་ལས་ལ་དོ་དམ་བྱ་དགོས་པ་དང་། ཚོང་ལས་གཉེར་བའི་གོ་རིམ་དུ་རང་ཉིད་ཀྱི་ཁེ་ལས་ལ་དོ་དམ་ལེགས་པོ་བྱེད་པ་དང་། ཡུན་རིང་འཕེལ་རྒྱས་ཀྱི་དམིགས་འདུན་ལ་གཞིགས་ནས་རྒྱུ་འབྲས་དང་སྤྱི་ཕན་གྱི་ཁེ་ལས་གང་ལེགས་ཀྱི་འདོན་སྤེལ་བྱ་དགོས་ཚུལ་བཤད།
བོད་ཀྱི་སློབ་གསོ་བ་གྲགས་ཅན་འཇིགས་མེད་རྒྱལ་མཚན་གྱིས། འཇིགས་མེད་རྒྱལ་མཚན་ལས་རིགས་སློབ་གྲྭ(吉美坚赞民族职业学校)དང་། མགོ་ལོག་ཁུལ་གངས་ལྗོངས་ནོར་བུ་ཚད་ཡོད་ཀུང་ཟི(果洛州雪域珍宝有限公司)གངས་ལྗོངས་སྤྲི་ཕྱུར་བཟོ་གྲྭ། མཉམ་སྡེབ་ཚོང་ར་བཙུགས་པའི་ཉམས་མྱོང་སོགས་གླེང་བ་མ་ཟད། ཚོང་ལས་པ་རྣམས་ལ་ཁ་ཏའི་ཚུལ་དུ། ཚོང་གཉེར་བར་དཔའ་གདེང་ཙམ་གྱིས་མི་ཆོག་པར། སེམས་ཤུགས་དང་སློབ་སྦྱོང་། གསར་གཏོད་ཀྱི་སྤོབས་པ་སྙིང་ལ་བཅངས་ཏེ་དུས་རྣམ་ཀུན་ཏུ་རང་ཉིད་ཀྱི་རིན་ཐང་གསར་ཏུ་བསྐྲུན་དགོས་ཚུལ་གསུངས།
གཞན་ཡང་ན་གཞོན་ཚོང་ལས་པ་གང་མང་ལ་སྐུལ་མ་གཏོང་ཆེད། སྤྱི་གཉེར་ཁང་སོ་སོའི་བྱུང་རིམ་དང་ཚོང་གཉེར་གོ་རིམ་དུ་འཕྲད་པའི་དཀའ་ལས་དང་ཐོན་རྫས་སོགས་རྩིས་འཁོར་ནང་ལ་བཅུག་ནསpptརྣམ་པའི་པར་ཡིག་དང་སྦྱར་ནས་སྐར་ལྔའི་ནང་ལ་ངོ་སྤྲོད་མདོར་བསྡུས་བྱས་པ་གཤམ་ལྟར།
1 ཐོག་མར་ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་ཏེ། མང་རྫོང་ཙོང་ལ་བཟོ་ཚོང་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང(贵南县宗拉工贸有限责任公司)གི་སྤྱི་གཉེར་བ་སྒྲོལ་མ་སྐྱབས་ཀྱིས་ཙོང་ལ་ནས་ཆང་གི་གྲུབ་ཆ་དང་བྲོ་བ། ཚོང་ལམ། མང་ཚོགས་ཀྱི་དགའ་བསུ་ཐོབ་ཚུལ། དྲིལ་སྒྲོལ་བརྙན་ཐུང་སོགས་བསྟན་ནས་ཀུན་ལ་གཏམ་བཤད་གཟིགས་འབུལ་ཞུས།
2 རོགས་སྒྲུབ་ལས་ཁུངས་ཚོ་ཤོག་གསར་པའི་ཁེ་ལས་དཔུང་སྡེ་ལས་མཚོ་ལྷོ་སྔོན་གྱི་ཁ་མལ་བཟའ་བཏུང་ཚད་ཡོད་སྤྱི་གཉེར་ཁང་གི海南州老卡玛餐饮有限公司སྤྱི་གཉེར་བ་རྟ་མགྲིན་ཚེ་བརྟན་གྱིས་རང་ཉིད་ཀྱིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་ལས་ཞབས་ཞུ་བ་དང་རྐང་བཀྲུ་བ་ནས་འགོ་ཚུགས་ཏེ་ཚོང་གཉེར་གྱི་བྱུང་རིམ་དང་ལས་རིགས་སྣ་ཚོགས་གཉེར་ཚུལ། སྲོག་ཉེན་ལ་འཕྲད་ཚུལ་སོགས་སྦ་གསང་མེད་པར་བཤད་པས་ཚོགས་ཞུགས་པ་གང་མང་ལ་ཡིད་འགུལ་དྲག་པོ་ཐེབས་ནས་མིག་ཆུ་ཤོར།
3 གཙུག་ལག་ཕྲེང་བ་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང(青海宗拉昌瓦文化传媒有限公司)གི་སྤྱི་གཉེར་བ་བཀྲ་སྐྱབས་ཀྱིས་དཔེ་དེབ་མཆོད་བཤམས་དང་མཆོད་མཇལ་བྱེད་པ་ལས་ཁ་ཕྱེས་ཏེ་དཔྱད་སྔོག་སྒྱུར་གསུམ་བྱ་དགོས་ལ། དམངས་ཡོངས་ལ་དཔེ་ཀློག་གི་འདུ་ཤེས་དགོས་ཚུལ། སྔོན་ཆད་བོད་ལ་སྒྲ་སྒྱུར་གླིང་དང་ལོ་པཎ་ཧ་ཅང་མང་པོ་བྱོན་མོད། དེང་སྐབས་བྱིས་པའི་ཀློག་དེབ་དང་བློ་འབྱེད་སྒྱུར་དེབ། བསླབ་ཕྱིའི་ཀློག་དེབ་ཀྱི་རིགས་ཧ་ཅང་དཀོན་ཚུལ། ལས་རིགས་ཅི་ཞིག་གཉེར་ཡང་རྩ་བ་སློབ་གསོ་དང་དེ་ཡི་རྩ་བ་དཔེ་ཀློག་ཡིན་པ་སོགས་བཤད་པས་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ།
4 གཡང་དཀར་བོད་ཀྱི་རིག་གནས་གསར་འདོན་ཚད་ཡོད་སྤྱི་གཉེར་ཁང(海南州羊格尔藏文化创意有限公司)གི་སྤྱི་གཉེར་བ་མགོན་ལྷས་གཡང་དཀར་གྱོན་གོས་ཀྱི་ཁྱད་ཆོས་དང་སྤུས་ཀ གཞན་ཡང་ཀོ་རིགས་ཐོན་རྫས་གསར་བ་དང་ཞྭ་ལྷམ་སོགས་ལ་སྤྱོད་སྒོ་ཆེ་བ། སྟབས་བདེ་བ། ཟོར་ཡང་བ་སོགས་གནའ་དེང་ཟུང་འབྲེལ་གྱི་ཨ་གསར་ཐོན་རྫས་འདི་ལ་བྱ་དགའ་ཐོབ་མྱོང་ཚུལ་སོགས་བཤད་པས་དགའ་བསུ་ཚད་མེད་ཐོབ།
5 སྐར་མ་སྨིན་དྲུག་བོད་ཀྱི་བཟའ་བཏུང་རིག་གནས་དར་སྤེལ་སྤྱི་གཉེར་ཁང་།(青海戈玛梦珠藏族餐饮文化发展有限公司)གི་སྤྱི་གཉེར་བ་སངས་བསོད་ཀྱིས་བོད་ཀྱི་བཟའ་བཏུང་རིག་གནས་དང་སྒོས་སུ་སྐར་མ་སྨིན་དྲུག་གི་བྱུང་རིམ། ཡན་ལག བསླད་མེད་ཟས་རིགས་ཀྱི་གལ་ཆེན་རང་བཞིན། རྩ་དོན་གསུམ་ལས་གལ་ཆེ་ཤོས་བསམ་པ་བཟང་པོ་ཡིན་དགོས་ཚུལ། བསམ་པ་བཟང་པོའི་ཟས་གཡོ་སྦྱོར་བྱས་པའི་ཟས་རིགས་ཡིན་ན་གཟོད་ཞིམ་པོ་ཡིན་ཚུལ་སོགས་བཤད་པས་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ།
6 རྐང་ཚའི་ནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་། (刚察县阿雅克牛绒开发销售有限公司)སྤྱི་གཉེར་བ་རྡོ་རེས་ཀྱིས་རྐང་ཚའི་ནོར་ཁུལ་བསྡུ་ཉོའི་ལས་རིམ་དང་མང་ཚོགས་ལ་ཕན་པའི་དགེ་མཚན། ཁེ་ལས་གསར་སྤེལ་གྱི་བྱུང་རིམ། ནོར་ཁུལ་རྒྱལ་ནང་གི་ཁྲོམ་ར་ཅན་དུ་བསྒྱུར་ཚུལ་སོགས་བཤད་པས་དགའ་བསུ་ཚད་མེད་ཐོབ།
7 མཚོ་སྔོན་ནོར་བཟང་ཉོ་ཚོང་ཚད་ཡོད་སྤྱི་གཉེར་ཁང(青海诺若桑商贸有限公司)གི་སྤྱི་གཉེར་བ་རིག་ལྡན་གྱིས་ནོར་བཟང་ཉོ་ཚོང་གི་བྱུང་རིམ་དང་འབྲེལ་ཡོད་སྤྱི་ཚོགས་དགེ་ལས་དང་རོགས་སྐྱོར་ཀྱི་རྣམ་གྲངས་སོགས་བཤད་པས་དགའ་བསུ་ཚད་མེད་ཐོབ།
8 མཚོ་སྔོན་གངས་ལྷ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི(青海岗拉文化传播有限公司)སྤྱི་གཉེར་བ་སྙིང་ལྕགས་རྒྱལ་གྱིས་གངས་ལྷ་རིག་གནས་ཀྱི་ཁྱབ་ཁོངས་དང་རྣམ་གྲངས། བྱུང་རིམ། གཞན་ཡང་སྤྱི་ཚོགས་ཁེ་ལས་ཟེར་བ་ཡང་སྙིང་ཅི་ཞིག་ལ་གོ་དགོས་ཚུལ། བོད་ཁུལ་ལ་ལོ་རེའི་ཁ་གསབ་རོགས་དངུལ་གྱི་སྡོམ་གྲངས་དང་ཞིབ་སྡུར། ཞིང་ཆེན་སོ་སོའིGDPཞིབ་སྡུར། ལས་རིགས་ལག་རྩལ་སློབ་གྲྭའི་ཞིབ་སྡུར་སོགས་རེའུ་མིག་དང་གྲངས་ཚད་ལྟར་དབྱེ་ཞིབ་བྱས་ནས་བཤད་པས་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ།
9 མཚོ་སྔོན་སྒང་བ་བོད་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང(青海大藏文化传媒有限公司)གི་འགན་འཛིན་པ་འཇམ་དབྱངས་ཀྱིས་སྒང་བ་བོད་སྨྱན་བྱད་ལས་རིགས་སོ་སོ་འཚམས་སྦྱོར་དང་ལས་གཞིའི་རྣམ་གྲངས། གློག་བརྙན་དང་བརྙན་ཐུང་སོགས་ཀྱི་འཆར་ཟིན་དང་འབྲེལ་ནས་བཤད་པས་དགའ་བསུ་ཚད་མེད་ཐོབ།
10 མཚོ་སྔོན་རྨུ་ཐག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཚོང་གཉེར་ཁང(热贡梦土文化传播有限公司)གི་སྤྱི་གཉེར་བ་དོན་གྲུབ་རྒྱལ་གྱིས་རྨུ་ཐག་རིག་གནས་ཀྱི་ཁྱབ་ཁོངས་ལས་བཟའ་བཏུང་དང་གྱོན་གོས། དཔེ་ཁང་། མགྲོན་ཁང་སོགས་སྣ་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གཉེར་བའི་ཉམས་མྱོང་དང་ཕུགས་བསམ་སོགས་མདོར་བསྡུས་ནས་བཤད་པས་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ།
11 གངས་ཅན་པོད་པར་ཁང(岗坚蕃影视工作)གི་འགན་འཛིན་པ་འཕྲིན་ལས་ཀྱིས་བསྐྱོན་པའི་སྒྱུ་རྩལ་རང་བཞིན་གྱི་པར་དང་གཉེན་སྒྲིག་པར་ཚགས་བཟོས་ཚུལ། མ་འོངས་པའི་པར་རྒྱག་འཆར་ཟིན་སོགས་བཤད་པས་དགའ་བསུ་ཚད་མེད་ཐོབ།
12 མཚོ་སྔོན་ལྡོང་གླིང་བོད་ལུགས་ཇུས་འགོད་བཟོ་སྐྲུན་ལས་ཁུངས་ཀྱི(青海东林藏式创意设计机构)སྤྱི་གཉེར་བ་ལྡོང་གླིང་ཆེད་དུ་ཚོགས་འདུར་ཞུགས་ཤིང་དུས་ཚོད་ཀྱི་དབང་གི་གཏམ་བཤད་མ་སྤེལ་མོད། ཁོང་གི་སྤྱི་གཉེར་ཁང་ལ་ཡུལ་སྐོར་རིག་གནས་ཀྱི་རྟེན་གཞི་ཇུས་འགོད་དང་ཁང་བའི་ཕྱི་ནང་གི་བཀོད་པ་སོགས་ཇུས་འགོད་དང་ལག་ལེན་བྱ་བའི་རྣམ་གྲངས་གང་མང་འདུས་པས་དམངས་ཁྲོད་ནས་དགའ་བསུ་ཚད་མེད་ཐོབ་ཡོད།
13 མཐར་པེ་ཅིན་གཙུག་ལག་ཕྲེང་བ་རིག་གནས་དར་སྤེལ་སྤྱི་གཉེར་ཁང(北京宗拉昌瓦文化传播有限公司)གི་སྤྱི་གཉེར་བ་དགེ་ལེགས་ཀྱིས་དཔེ་དེབ་གང་མང་ལ་རྩོམ་སྒྲིག་ཇུས་འགོད་དང་། པར་སྐྲུན་འགན་ལེན་བྱས་ཚུལ་སོགས་མདོར་བསྡུས་ནས་བཤད་པས་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ་པ་དང་བཅས་སོ།།
ཚོ་ཤོག་གསར་བའི་སྤྱི་གཉེར་བ་ཡོངས་ལ་ཚོགས་ར་ཡོངས་ནས་དགའ་བསུ་ཚད་མེད་ཐོབ་པ་དང་དུས་ཚོད་ཀྱི་དབང་གིས་བགྲོ་གླེང་ཕྱི་མའི་རིམ་པ་ཚོ་ཤོག་གསར་བའི་ཁེ་ལས་གསར་སྤེལ་གྱི་སྐད་འཕྲིན་ཚོགས་པ་ལས་གྲོས་སྡུར་བྱ་བའི་གྲོས་མགོ་བཏོན་པ་དང་མཇུག་མཐར་ཚོགས་ཞུགས་ཡོངས་ནས་མཉམ་པར་ཞིག་བསྒྲོན་རྗེས་བཀྲ་ཤིས་བདེ་ལེགས་ངང་ཚོགས་འདུའི་མཇུག་བསྡུས་སོ།།