logo

གནའ་བོའི་རིག་གནས་ཀྱི་ཞུན་མ་ས་སྒང་དུ་གཏོར་བའི་ཚྭ་འདམ་བྲག་བརྐོས་རི་མོའི་བང་མཛོད།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-19 ཀློག་གྲངས།:


འགྲེམ་སྤེལ་བྱས་པའི་བོད་རྒྱ་སོག་གསུམ་གྱི《ཚྭ་འདམ་བྲག་རིས》།

     འགྲོ་བ་མིའི་ཟས་སུ་མ་རྨོས་ལོ་ཏོག་དང་གོས་སུ་ཤིང་ལོ་བསྣམས་པའི་བསྐལ་བ་ནས་བརྩམས་ཏེ་ལམ་ནི་མིས་བསྐྲུན་པ་དང་མི་ནི་ལམ་ལ་བརྟེན་པ་ཡིན་ཞེས་པ་ལྟར། ཚྭ་འདམ་ཡུལ་གྱི་མེས་པོ་རྣམས་ཀྱི་བསྐལ་བ་ཡ་ཐོག་ནས་ཐོན་སྐྱེད་ཀྱི་འབྲས་བུས་ཁྱད་མཚར་བའི་རིག་གནས་འབོར་ཆེན་བསྐྲུན་ཞིང་། དུས་རབས་གསུམ་པ་ནས་བཟུང་གནས་འདིར་འགྲོ་བ་མི་འཚོ་ཞིང་བོད་བཙན་པོའི་དུས་སྐབས་ཀྱི་འ་ཞའི་ཡུལ་འདིར་བདག་བཟུང་བྱས་ཏེ། དེང་སྐབས་ངོ་མཚར་གྱིས་བརྟས་པའི་ཤུལ་བཞག་རིག་གནས་གང་མང་བོད་རྒྱ་སོག་གསུམ་གྱི་ཞིབ་འཇུག་པ་གང་མང་གིས་དཔོགས་འདོན་ཞིབ་འཇུག་བྱེད་མུས་སུ་བྲེལ་བཞིན་པའི་ཤེའུ་སོགས་བང་སོ་རིག་གནས་ལས།  གཞན་ད་དུང་ཞིབ་འཇུག་བྱེད་རིན་ཡོད་པ་ནི་ཡུལ་དགེ་འདིའི་སྔོན་བྱོན་བྲག་བརྐོས་རི་མོ་མ་ཡིན་ནམ།  རང་ཅག་དཀའ་སྤྱད་བབ་ཆགས་ཀྱི་གཤིས་རྒྱུད་ལྡན་པའི་བོད་མི་རིགས་འདིར། དུས་ཡུན་རིང་བོའི་ལོ་རྒྱུས་ཡོད་ལ། འོད་སྟོང་ལྡན་པའི་གནའ་རབས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡོད། ལོ་ངོ་སྟོང་ཕྲག་དུ་མ་བདའ་རྗེས་ཀྱི་དུས་དེ་རིང་ཡབ་མེས་རྣམས་ཀྱིས་རིག་དངོས་རྗེས་ཤུལ་དང་། དུས་རབས་སོ་སོའི་ལོ་རྒྱུས་ཀྱི་བཤད་ཚུལ་མི་ཉུང་བ་འཁོད་པའི་ཡིག་ཚང་དང་། རྒྱལ་རབས། ཆོས་འབྱུང་། དེབ་ཐེར་ལ་སོགས་པར་སྲོག་ཤིང་ལྟར་འཛིན་ཞིང་། བསམ་པོའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཆེས་ཆེར་འཕར་བའི་རང་རྒྱལ་རིག་གནས་ཀྱི་མཁའ་དབུགས་གཏུག་པོའི་ཁྲོད། དངོས་པོ་མ་ཡིན་ཤུལ་བཞག་རིག་གནས་གང་མང་སྒྲ་ལེན་པ་དང་ཡི་གེར་ཕབ་པའི་རིག་གནས་བསམ་བློ་ལྟ་གྲུབ་ཡང་དག་པའི་གཞུང་ཆེན་དུ་བསྐྱོད་མུས་སུ་ཡོད་ཀྱང་། འོན་ཀྱང་ད་ཕན་ཚྭ་འདམ་ས་ཁུལ་གྱི་ལོ་ངོ་སྟོང་ཕྲག་འདས་པའི་བྲག་བརྐོས་རི་མོ་ལྟ་བུ་རང་རེའི་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་འཁོད་པ་ཉུང་ཤས་ལས་མེད་ལ་ཞིབ་འཇུག་ཟབ་མོ་ཞིག་སོང་ཡོད་པའང་ལྷག་ཏུ་དཀོན།

ཚྭ་འདམ་བྲག་བརྐོས་རི་མོ
ཞིབ་འཇུག་བྱེད་བཞིན་པ།


ཚྭ་འདམ་བྲག་བརྐོས་རི་མོ།


འབྲོང་ཁྱུ།


ཚྭ་འདམ་བྲག་བརྐོས་རི་མོ།

     དུས་རབས་གསར་བའི་གོམ་སྟབས་མྱུར་མོས། རི་མཐོའི་ཆུ་གཙང་གི་ཡུལ་གྲོང་གངས་ཅན་པའི་ལྗོངས་སུ་ཡང་སྔོན་ཆད་དང་མི་འདྲ་བར་འཛམ་གླིང་ཤར་ནུབ་ཀྱི་རིག་གཞུང་འདྲ་མིན་སྣ་ཚོགས་ལ་སྦྱང་བརྩོན་གྱིས་ངལ་བ་ལྷུར་ལེན་པའི་དུས་མཚུངས་སུ། ཕ་དམ་པའི་ཤུལ་བུ་འཛིན་གྱི་འདུ་ཤེས་དྲག་པོ་ཡོ་ལང་བྱེད་པའི་རླབས་རིས་མཚམས་བརྒྱད་ལ་ཁྱབ་པའི་ཁར། དེ་ལས་དགའ་འོས་པ་ཞིག་ལ། ཉེ་བའི་ལོ་འགར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་ངེས་དོན་གྱིས་ཐུགས་ཁུར་ཟབ་མོའི་འོགམཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་ལས་དོན་ཆེད་ཅི་ཐུབ་གང་ཐུབ་ཀྱིས་གཅིག་ལྕོགས་སུ་ཕན་ལྡན་བསྐྲུན་བཞིན་པའི་གོ་སྐབས་དང་བསྡོངས་ནས་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་གཞི་སྒྲུབ་བཞིན་པའི་བསྐལ་བར་འཕྲད་བྱུང་། ང་ཚོ་མཚོ་ནུབ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དབུ་འཁྲིད་དང་མཛུབ་སྟོན། ད་དུང་ཁོ་རང་ལྷན་སྐྱེས་ཀྱི་རང་རིགས་ལ་ཞེན་པའི་ལྷག་བསམ་གཙང་མ་ཞིག་ཡོད་སྐད། ཁོ་རང་གི་མི་ཚེ་རྒྱུ་ལམ་རིང་མོའི་ཁྲོད། དགེ་རྒན་དང་ལོ་ཙཱ། དྲུང་ཡིག་སོགས་ལས་དོན་ཐད་འབད་བརྩོན་དཀའ་ཐུབ་ཀྱི་འབྲས་བུ་བཅོས་མིན་གཏོར་བའི་བསམ་སྦྱོར་གཉིས་ཀྱི་གོམས་གཤིས་བཟང་བོས་ལས་གྲོགས་ཡོངས་ལ་ཤུགས་རྐྱེན་ལྷད་མེད་ཐེབས་དང་ཐེབས་མུས་སུ་མཆིས་པའི་མཁའ་དབུགས་དྭངས་མོའི་ཁྲོད་དུ་ངེད་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་ཡོངས་ཀྱི་འབད་འབུངས་དང་ཧུར་བརྩོན་སྒོས་གཟུགས་འདས་ཤུལ་བཞག་རིག་དངོས་འབོར་ཆེན་འདི་འཚོལ་བསྡུ་ཐུབ་པ་བྱུང་ཞིང་། དེ་མར་མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་པ་དགེ་བསྙེན་ལགས་ཀྱིས་བོད་ཁུལ་གྱི་གནའ་བོའི་བྲག་བརྐོས་རི་མོར་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡོད་པའི་གོ་སྐབས་ལ་བསྟུན་ནས《ཚྭ་འདམ་བྲག་རིས》ཞེས་པའི་བོད་རྒྱ་སོག་གསུམ་གྱི་དཔེ་དེབ་འདི་རྩོམ་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་ནས་དཔེ་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་རེད།

 


སྤྱང་ཀི


པར་ལེན་བཞིན་པ།


འཚོལ་བསྡུ་དང་ཞིབ་འཇུག་བྱེད་བཞིན་པ།


རྭ་ཁ་འགྲན་པ།

     དེ་ལྟ་ན།  《ཚྭ་འདམ་བྲག་རིས》ཞེས་པའི་དཔེ་དེབ་འདི་པར་བསྐྲུན་བྱེད་པར2010ལོ་ནས་བཟུང་འཆར་གཞི་འཐེན་ཞིང་2013་ལོའི་ཟླ་7པའི་ནང་དུ་མངོན་འགྱུར་ཐུབ་པའི་གོ་སྐབས་བསླེབས་སོང་། མཚོ་ནུབ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་དང་ཀྲུའུ་རིན་གཞོན་པ་པཱ་ཡེ་གཉིས་གཙོ་བྱས་ཏེ།  གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་རྒྱལ་མཚན་དང་འབྲེལ་ཡོད་ལས་བྱེད་མི་སྣ་སྐོར་ཞིག་ཐེམ་ཆེན་རྫོང་གི་ཀླུ་མང་དང་ཀླུ་སྲིན།  གཏེར་ལམ་རྫོང་གི་ཀླུ་སྲིན་དང་ཚྭ་ཚྭ་ཞིང་ཁའི་རྟ་ཕུར་ལུང་བ། ན་གོར་མོའི་འབྲོང་ལུང་། གཏེར་ལེན་ཁའི་ཧའེ་ཐི་ཐཱ་ལ་དང་པཱ་ཧན་མའོ་ལི་བཅས་ཀྱི་ཡུལ་དངོས་སུ་སོང་ནས་ཟླ་བ་གཅིག་གི་རིང་ལ་པར་བརྒྱབ་པའི་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱུང་ཏེ་པར་སྐྲུན་གྱི་ལས་ལ་མཐུན་རྐྱེན་གྱ་ནོམ་པ་ཞིག་བསྐྲུན། ས་གནས་དེ་དག་གི་སྔོན་བྱོན་བྲག་བརྐོས་རི་མོ་ལས་ༀ་ཡིག་དང་མ་ཎི་ཡིག་དྲུག་བོད་ཡིག་གི་གསལ་བཤད་སུམ་བཅུ་ལས། ཀ་ཁ་ག་ང་། མཆོད་པ། རྡོ་རྗེ། ཉི་ཟླ། ས་ཞིང་རྨོ་བྱེད་ཀྱི་མཐོང་གཤོལ། གཡུལ་འགྱེད་བྱེད་པ། ཤིང་རྟ། རི་དྭགས་ཀྱི་མགོ་སུག  ལྤགས་པ། སྨྱུག་ས། སྐྱ་མི། རྔོན་པ། ཤྭ་ཁྱི། དེ་མིན། འབྲོང་དང་གཙོད། གླ། རྐྱང་། ཤྭ། རྟ་ནོར་ལུག་གསུམ། མཛོ། སྤྱང་། ཝ། རྔ་མོང་ལ་སོགས་པ་མཐོ་སྒང་གི་འཚོ་བའི་རིག་གནས་དང་རང་བྱུང་གི་རིག་གནས་མཚོན་བྱེད་ཀྱི་བྲག་བརྐོས་རི་མོ་ཕུན་སུམ་ཚོགས་པ་ཞིག་འདུས། རྒྱུན་པར་སྔོན་བྱོན་བྲག་བརྐོས་རི་མོར་ཆ་རྒྱུ་ཟབ་མོ་ཡོད་པ་དང་དེ་ལ་དོ་སྣང་ཆེན་པོ་བྱེད་མཁན་ཤིག་མིན་ཚེ་གདེང་འཇོག་མེད་པར་སྣང་མེད་སྤྱིར་བཏང་བར་འཛིན་ངེས། དེ་ན་ང་ཚོས་ཞིབ་དུ་དཔྱད་ཙ་ན། རབ་རིབ་ཀྱི་རི་མོ་དང་གཟུགས་དབྱིབས་མག་མོག་གིས་ཕབ་པའི་སྐྱ་ཐིག དེ་མིན་ཡ་མ་གཟུགས་ཀྱི་བརྡ་རྟགས་དེ་དག་ལ་སྣང་ཆུང་མེད་པར་བགྱིས།  ཅི་བས་ཕྱིར་དུ་ཞེ་ན།  གཡར་གཟེར་བྲག་རི་ཕབ་མོ་སྟེང་གི་རྟ་ནོར་ལུག་གསུམ། གང་ཟག་མི་སོགས་སྲོག་ལྡན་སྲོག་མེད་དེ་དག་ལ་ཡིད་དབང་འགུག་ཅིང་གསོན་ཤུགས་འབར་བའི་སྣང་བརྙན་མེད་རུང་། དེ་ལས་རི་དྭགས་རྔོན་པ་དང་། ཆོས་ལུགས་ཀྱི་ཆོ་ག་སྤེལ་བ། འཐབ་འཁྲུག་སློང་བ། བྲོ་གར་འཁྲབ་པ་བཅས་ཀྱིས་སྣང་བརྙན་དེ་དག་གི་ནང་སྙིང་འབོལ་པོ་ཞིག་མཆིས་པ་གདོན་མི་ཟ། ང་ཚོས་དེ་དག་ལས་ཡང་མེས་རྣམས་ཀྱི་འཚོ་བའི་སྣང་ཚུལ་མཐོང་ཐུབ་ལ། གདོད་མའི་འཚོ་ཁག་གི་རང་བྱུང་དད་མོས་དང་འཚོ་བ་རོལ་སྟངས། བླ་དང་ཡི་དྭགས་ཀྱི་དད་མོས།  ཡི་གེར་ཕབ་མེད་པའི་ལོ་རྒྱུས་གསེད་འགྲོལ་བྱེད་ཐུབ་སྟེ། གནའ་རྫས་རྟོག་དཔྱོད་རིག་པ་དང་ལོ་རྒྱུས་རིག་པ། མི་རིགས་རིག་པ། དམངས་སྲོལ་རིག་པ། ཆོས་ལུགས་རིག་པ་སོགས་རིག་ཚན་ཀུན་གྱིས་དེའི་སྟེང་ནས་ཞིབ་འཇུག་གི་ཐབས་ལམ་བཙལ་ཏེ་དྲི་བ་གང་མང་གི་ཁ་བསྐོང་ཐུབ།


ཅང་ཤེས་རྟ་ཕོ།


གཏེར་ལམ་རྫོང་ཁོངས་ཀྱི་རྟ་ཕུར་ལུང་བའི་གསར་རྙེད་བྲག་རིས།


བྲེ་སེར་འབྲོང་།

     ང་ཚོ་འགྲོ་བ་མིའི་རང་རང་གི་ཡི་གེ་གསར་གཏོད་མ་བྱས་སྔོན་དུ་བྲག་བརྐོས་རི་མོ་བྱུང་ཡོད་ཚོད་འདུག དར་གོས་དང་ཤོག་དྲིལ། རྫས་ཆས་སོགས་སུ་འཁོད་པའི་ཡི་གེ་དང་རི་མོ་ཉིན་མོའི་སྐར་མ་ནང་བཞིན་མཐོང་དཀོན་ནའང་། རང་བྱུང་གི་བྲག་རྡོ་སྟེང་བརྐོས་པའི་རི་མོ་ནི་ཇི་སྲིད་བར་དུ་རྒྱུན་བསྐྱངས་ནས་ཡོད་པ་རེད།


སྟོན་པའི་སྐུ།


མ་ཎི་ཡིག་དྲུག


ཤ་བོ་རྭ་བརྒྱད།


འབྲེལ་ཡོད་འོས་སྦྱོར།