logo

སྤྱི་ཚོགས་སློབ་གསོའི་སྐོར་ཉུང་ཙམ་གླེང་བ།

རྩོམ་པ་པོ།:ནོར་བུ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-13 ཀློག་གྲངས།:

  སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ་གསུམ་ནི་སློབ་གསོའི་ལོ་རྒྱུས་ཐོག་གི་གྲུབ་ཆ་གསུམ་ཡིན་པ་དང་། དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་ཆོས་རེ་ཡོད། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོའི་སྐོར་གོང་དུ་ཉུང་ཙམ་གླེང་བ་དེ་ལྟར་ཡིན་ལ།སྤྱི་ཚོགས་སློབ་གསོ་ཟེར་བ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་བའི་ཆོས་ཉིད་ལ་བྱ་འགུལ་སྣ་ཚོགས་བརྒྱུད་ནས་སློབ་གསོའི་ཤུགས་རྐྱེན་འཇོག་པ་དེ་འདྲ་ཞིག་ཡིན། དེ་ལ་ནང་གསེས་གཉིས་ཡོད་དེ། གཅིག་ནི་སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན་པ་དང་། གཞན་ཞིག་ནི་སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ཡིན། སྒྲ་ཡངས་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སྤྱི་ཚོགས་འཚོ་བས་མིའི་རིགས་ཀྱི་ལུས་སེམས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ཤུགས་རྐྱེན་འཇོག་པའི་སློབ་གསོའི་སྐོར་ཡིན་ལ། སྒྲ་དོག་འཇུག་གི་སྤྱི་ཚོགས་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་མ་གཏོགས་པའི་རིག་གནས་དང་སློབ་གསོ་ཡིས་རྒན་དར་གཞོན་གསུམ་ལ་སློབ་གསོ་གཏོང་བའི་བྱ་འགུལ་རིགས་ཤིག་ཡིན། དེང་རབས་ཅན་གྱི་སྤྱི་ཚོགས་སློབ་གསོ་ཡིས་སློབ་གྲྭའི་སློབ་གསོ་ལ་ཁ་གསབ་ཀྱི་སློབ་གསོ་སྤེལ་བཞིན་ཡོད་ལ། སྤྱི་ཚོགས་འཚོ་བ་དངོས་ཀྱི་ལག་ལེན་གྱི་ཁྲོད་ནས་སློབ་གསོ་ཐོབ་ཏུ་འཇུག་པའི་སྤྱི་ཚོགས་སློབ་གསོ་འདི་མིའི་རིགས་ཀྱི་འཚོ་བ་དང་ཤིན་ཏུ་ཉེ་བར་བརྟེན། འགྲོ་བ་མིའི་རིགས་ཡར་རྒྱས་དང་རྒྱུ་སྤུས་མཐོར་འདེགས་ཀྱི་ཕྱོགས་ལ་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེ་བས་ལེའུ་འདིར་སྤྱི་ཚོགས་སློབ་གསོའི་ངོ་བོ་དང་ཕན་ནུས་སོགས་གླེང་བའི་ཞོར་ནས། བོད་རང་གི་སྤྱི་ཚོགས་སློབ་གསོ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་དང་དེས་བོད་ཀྱི་མིའི་རིགས་ལ་སློབ་གསོ་གང་འདྲ་བཏང་ཚུལ། དུས་ནམ་ཞིག་ནས་འགོ་བརྩམས་ཚུལ། དེ་ལ་དགེ་མཚན་གང་དག་ཡོད་ཚུལ་སོགས་གླེང་ནས་བོད་ཀྱི་སྤྱི་ཚོགས་སློབ་གསོའི་ཕྱོགས་ལ་དཔྱད་གཞི་ཙམ་འབུལ་བར་འདོད་དོ། །
  གཅིག  གནའ་རབས་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར། 
  གནའ་རབས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་ཚུལ་ལ་ལོ་རྒྱུས་དང་དེབ་ཐེར་ཕལ་ཆེར་ཞལ་མཐུན་པར“ཡར་ཀླུང་གཙང་བོའི་ཆུ་བརྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང་། བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་འཕེལ་བའི་ཕྲུ་གུ་རྣམས་རིམ་འགྱུར་གྱིས་བྱུང་བ” ཡིན་པའི་བཤད་ཚུལ་འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཚན་རིག་གི་ལྟ་བ་དང་མཐུན་པ་ཞིག་ཡིན་ལ། གཞན་རྣམས་ཀྱི་དཀོན་མཆོག་གིས་མི་བཟོས་ཚུལ་དང་འཇིམ་པའི་མི་ལས་པར་ཕུ་བཏབ་ནས་གསོན་པོར་གྱུར་བའི་བཤད་ཚུལ་དེ་དག་དང་བསྡུར་ན། བོད་ཀྱི་འགྲོ་མི་བྱུང་ཚུལ་ལ་བདེན་པའི་གནས་ལུགས་ཀྱིས་ཕྱུག་ཅིང་དོན་དངོས་གནས་ཚུལ་དང་མཐུན་པ་ཞིག་ཡིན། དུད་འགྲོ་མི་རུ་འགྱུར་བའི་ལོ་ངོ་དུང་ཕྱུར་མང་པོ་རིང་གི་བརྒྱུད་རིམ་དེའི་ཁྲོད་དུ་བོད་མི་དེ་དག་གིས་རང་བྱུང་ཁམས་ཀྱི་རང་བྱུང་གནོད་འཚེ་དང་གཅན་གཟན་གཏུམ་པོའི་ཡ་ང་བའི་འཇིགས་པ་སྣ་ཚོགས་ལ་གཡུལ་བཤམས་ཏེ་འཐབ་རྩོད་རབ་་་་དང་རིམ་པ་བྱས་མཐར། འཚོ་གནས་ཀྱི་རིག་པའང་རིམ་གྱིས་འཕེལ་རྒྱས་བྱུང་། དུད་འགྲོ་མི་རུ་མ་འགྱུར་བའི་བར་སྐབས་དེར་ད་དུང་མིའུ་རིགས་ཀྱི་དུས་སྐབས་ཤིག་བརྒྱུད་མྱོང་བ་འདྲ་སྟེ། མིའུ་རིགས་ཟེར་བ་ནི་དུད་འགྲོའི་རྣམ་པ་འགྱུར་ཞིང་མི་ངོ་མ་ཞིག་ཏུ་གྱུར་མེད་པར་བར་སྐབས་ཀྱི་སོ་མཚམས་སུ་ཡོད་པ་ཞིག་སྟེ། རང་རེའི་བོད་ཀྱི་ཐ་སྙད་དུ་མིའུ་རིགས་བཞི་དང་མི་མ་ཡིན་གྱི་དབང་མཛད་བཅུ་སོགས་བྱུང་མྱོང་བ་དེ་ལ་དཔག་ན་མིའུ་ཡི་དུས་སྐབས་ཤིག་བརྒྱུད་ཡོད་པ་ཤེས་ཐུབ། མིའུ་རིགས་ཀྱི་ཕྱིའི་ལུས་ཀྱི་རྣམ་པའི་ཆ་ནས་བལྟས་ན་ཡོངས་སུ་དུད་ནས་འགྲོ་བ་ཞིག་མ་ཡིན་ལ། ད་ལྟའི་མི་རྣམས་དང་འདྲ་བར་ཡོངས་སུ་ལངས་ནས་འགྲོ་བ་ཞིག་ཀྱང་མ་ཡིན་པར། ལངས་མ་དུད་དུ་ཡོད་པའི་བར་སྐབས་སུ་འདུག མིའུ་ཟེར་བར་ཡང་རྒྱུ་མཚན་འདྲེན་དུ་ཡོད་དེ། བོད་ཀྱི་སྐད་ཡིག་གི་ནང་རྟ་ཆུང་ཆུང་ལ་རྟེའུ་དང་། བ་ཆུང་ཆུང་ལ་བེའུ། ར་ཆུང་ཆུང་ལ་རེའུ། མཚོ་ཆུང་ཆུང་ལ་མཚེའུ། རྡོ་ཆུང་ཆུང་ལ་རྡེའུ་སོགས་ཟེར་བ་བཞིན་མི་ཆུང་ཆུང་ལ་མིའུ་ཞེས་ཟེར་ཞིང་འུ་ཡིག་གིས་ཆུང་ཆུང་གི་དོན་སྟོན་པ་ཡིན་པས། མིའུ་རིགས་ནི་ད་ལྟའི་མི་དང་བསྡུར་ན་གཟུགས་གཞི་ཆུང་ཆུང་ཡིན་པས་མིའུ་ཞེས་བཏགས་པ་ལ་མི་རིགས་རང་གི་ཐ་སྙད་འདོག་སྟངས་ཀྱི་ཁྱད་ཆོས་ལྡན། སྤྲ་འགྱུར་ནས་མིའུ་དང་། དེ་ནས་མི་རུ་གྱུར་བའི་ལོ་རྒྱུས་དུས་སྐབས་དེའི་སྣང་བརྙན་ནི་མིའི་ཡིད་ལ་འཆར་ཐུབ་པ་ཞིག་དང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་གནས་ལུགས་དང་མཐུན་པ་ཞིག་ཡིན་པས། དེ་དག་གི་འཕེལ་འགྱུར་གྱི་སྣང་ཚུལ་དཔེ་རིས་ཀྱི་ཚུལ་དུ་བྲིས་ན་འདི་ལྟ་སྟེ། སྤྲ + སྤྲེལ = སྤྲེལ་ཕྲུག > མིའུ > མི། མིའུ་དུས་སྐབས་ཤིག་མེད་ན་དུད་འགྲོ་མི་རུ་འགྱུར་བའི་བརྒྱུད་རིམ་ཆ་མི་ཚང་ཞིང་ལོ་རྒྱུས་ལ་ཡིད་མི་ཆེས་པ་ཞིག་ཏུའང་འགྱུར། དེ་བས 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། །”ཞེས་གསུངས་པ་ལྟར། མིའུ་དེ་དག་གིས་ལོ་ཏོག་ཟོས་པར་བརྟེན་ལུས་ཀྱི་སྤུ་ཕྱི་ཞིང་མཇུག་མ་མེད་པར་གྱུར་བ་དང་ངལ་རྩོལ་ལ་བརྟེན་ནས་བླངས་པའི་འབྲུ་རིགས་མ་ཡིན་པར་མ་རྨོས་པའི་ལོ་ཏོག་ཟ་བ། ལུས་ཀྱི་སྤུ་ཕྱི་ཞིང་མཇུག་མ་སོགས་མེད་པར་གྱུར་བ་ན་ནུ་མ་དང་གསང་གནས་སོགས་མངོན་པར་གསལ་ཞིང་དེའི་ངོ་ཚ་སྐྱོབས་པའི་ཕྱིར་དུ་ཤིང་གི་ལོ་མ་གོས་སུ་གྱོན། རང་བྱུང་གི་ནགས་ཚལ་དུ་རི་དྭགས་ལྟར་འཚོ་བ། བྱ་བྱེད་སྤྱོད་གསུམ་ལ་དཔལ་ཡོན་མེད་པས་ཀློ་དང་མོན་ལྟར་བྱེད་པ་དེ་དག་གིས་བོད་ཀྱི་ས་ཆ་བདག་གིར་བཟུང་ཞིང་ཡོད་ལ། དེ་དག་རིམ་གྱིས་ཇེ་མང་དུ་སོང་བ་དང་བསྟུན། བསེ་དང་རྨུ། ལྡོང་དང་སྟོང་ཟེར་བའི་རིགས་རིས་བཞི་རུ་གྱེས་པ་ནི་བོད་ཀྱི་ལོ་རྒྱུས་སུ་མིའུ་རིགས་བཞི་ཟེར་བ་རེད། རྩ་བའི་རིགས་བཞི་བྱུང་བ་འདི་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་གྲུབ་པའི་མངོན་རྟགས་ཤིག་མིན་ཞེས་སུས་བཤད་ཐུབ། སྤྱི་ཚོགས་ཟེར་བ་ནི་ཐུན་མོང་གི་ཁེ་ཕན་དང་རིན་ཐང་གི་ལྟ་ཚུལ། སྤྱིའི་དམིགས་འབེན་སོགས་གྱི་ཆེད་དུ་མི་རྣམས་གནས་གཞི་གཅིག་ལ་འདུས་ཤིང་འཚོ་བ་རོལ་བའི་ཚོགས་པ་ཞིག་ལ་ཟེར་བས། མིའུ་རིགས་བཞི་ལའང་དེའི་ཁྱད་ཆོས་འཛོམས་ཡོད་པར་མ་ཟད། དེ་ལྟར་རིགས་རུས་ཀྱི་མིང་ མཛད་དོན་ཡང་ཐུན་མོང་གི་ཁེ་ཕན་གྱི་དོན་ཡིན་ལ། རིན་ཐང་གི་ལྟ་ཚུལ་གཅིག་པ་ལས་གཞན་སྤྱིའི་དམིགས་འབེན་ལ་སོགས་པ་མཐུན་པ་ཡང་བཤད་མ་དགོས་པ་ཞིག་རེད། དེ་ བས་རིགས་རུས་བཞི་རུ་གྱེས་པ་དེ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་ཆུང་ཆུང་བཞི་རུ་ངོས་བཟུང་ཡང་མི་འགྲིག་པ་ཅི་ལ་ཡོད། མིའུ་རིགས་བཞིའི་ཚོགས་པ་ཆེ་ཆེར་རྒྱས་ཏེ་ཕན་ཚུན་བར་འགལ་ཟླ་བྱུང་སྟེ་གཞི་གཅིག་ཏུ་མ་ཡོང་བར་སོ་སོར་གྱེས་དོན་ཡང་། སོ་སོའི་ཁེ་ཕན་ དང་རིན་ཐང་ལྟ་ཚུལ། དམིགས་འབེན་མ་གཅིག་པ་ནས་གྱེས་པ་གདོན་མི་ཟ་བ་ཡིན། ད་ དུང་མི་མ་ཡིན་གྱི་དབང་མཛད་བཅུའམ་བཅུ་གཉིས་བྱུང་ཚུལ་དེ་དག་ལ་ལེགས་པར་དཔྱདན་གནའ་བོའི་སྤྲ་མི་ནས་མིའུ་རིགས་སུ་གྱུར་བའི་དུས་སྐབས་ཤིག་ལོས་ཡིན་སྙམ། རྒྱུ་མཚན་ ནི་མིའུ་རིགས་ནི་མི་མ་ཡིན་པས་སོ། །
  དེ་ཡང་ལོ་རྒྱུས་ཆེན་མོ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཇི་སྐད་དུ། “དང་པོར་གནོད་སྦྱིན་ནོག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། ། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང་། །བཞི་བ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །ལྔ་བར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་། །ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །དགུ་བ་རྒྱལ་བོས་དབང་བྱས་ངམ་པོ་ཅེ། །བཅུ་བ་འགོང་བོ་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་བདེ་བཅོ་བརྒྱད་ཟེར། །”ཞེས་གསལ་ཞིང་། དབང་མཛད་པ་སོ་སོས་དབང་བསྒྱུར་བྱེད་སྐབས། ཡུལ་གྱི་མིང་ལ་ཅི་བཏགས་པ་དང་ལག་ཆ་གང་དག་བྱུང་བའི་སྐོར་གསལ་བར་བཤད་ཡོད་པས། དངོས་ནས་ཚན་རིག་གི་ལྟ་བ་དང་མཐུན་པ་ཞིག་རེད། ད་དུང་དབང་མཛད་བཅུའི་སྐོར་འདི་བོན་གྱི་ལོ་རྒྱུས《བསྟན་འབྱུང》ཞེས་པའི་ནང“དེ་རྗེས་བདུད་དང་སྲིན་མོས་དབང་བྱས་ཤིང་། །བྲག་རི་དམར་ནག་ནགས་ཁྲོད་ ལ་གནས་བཅས། །འགྲོ་བ་མི་ལ་གནོད་བྱེད་དངོས་སུ་ཟ། །མི་རྣམས་དུད་འགྲོའི་ཤ་ཟ་གདོང་བ་དམར། །ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ་ལམ། །ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ། །མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོའང་མང་། །འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། །”ཞེས་དབང་མཛད་བཅུའི་གཉིས་པའི་སྐབས་ཀྱི་ལོ་རྒྱུས་ཕལ་ཆེར་ཞལ་མཐུན་པར་ཡུལ་གྱི་མིང་ནི་བདུད་ཡུལ་ཁ་རག་ཡིན་པ་དང་དབང་མཛད་གནང་མཁན་བདུད་ཟེར་བ་ཞིག་ཡིན་འདུག་པའང་བན་བོན་གཉིས་ཀྱི་ལོ་རྒྱུས་འདྲ་བ་རེད། མི་རྣམས་དུད་འགྲོའི་ཤ་ཟ་གདོང་བ་དམར་ཞེས་བོད་མིའི་གདོང་བ་དམར་དོན་དུད་འགྲོའི་རིགས་ཀྱི་ཤ་ཟོས་པས་ཡིན་པ་སོགས་བོད་མི་སྤྱིའི་ངོ་གདོང་གི་ཁྱད་ཆོས་ཀྱང་བརྗོད་འདུག ཁྱད་པར་དུ་འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ་ཞེས་རང་བྱུང་དང་རང་བྱུང་མ་ཡིན་པའི་འགལ་རྐྱེན་སྣ་ཚོགས་བྱུང་ཚེ་ཡུལ་ལྷ་གཞི་བདག་གི་རིགས་ལ་དུད་འགྲོའི་རིགས་ཀྱི་དོན་ལྔ་སྣོད་དྲུག་དང་ཡན་ལག་ཉིང་ལག་བཏོན་ནས་མཆོད་པ་འདིའི་སྟེང་ནས། བོད་དུ་གདོད་མའི་ཆོས་ལུགས་བྱུང་ཡོད་པ་མཚོན་འདུག་ལ། ཁྱད་པར་དུ་ཡུལ་ལྷ་གཞི་བདག་མཆོད་པའི་བྱ་བྱེད་འདི་ནི་གདོད་མའི་ཆོས་ལུགས་ཀྱི་བྱེད་སྟངས་ཤིག་ཡིན་པར་མ་ཟད། ད་དུང་གནའ་རབས་ཀྱི་སྤྱི་ཚོགས་སློབ་གསོའི་རིགས་ཤིག་ཡིན་པ་དང་སྤྱི་ཚོགས་སློབ་གསོ་དར་ཡོད་པའི་མངོན་རྟགས་ཤིག་ཀྱང་མཚོན་འདུག་པ་ཞིག་རེད། ཅིའི་ཕྱིར་ཟེར་ན། ཡུལ་ལྷར་དམར་གྱིས་མཆོད་དོན་ནི་ཐུན་མོང་གང་ཞིག་གི་ཁེ་ཕན་གྱི་དོན་ཡིན་ལ། དེ་ལྟར་བྱས་ན་ཡུལ་ལྷ་གཞི་བདག་གིས་མིའི་རིགས་ལ་གྲོགས་བྱེད་པར་འདོད་པའི་ཁོ་ཚོར་དེ་ལྟའི་རིན་ཐང་གི་ལྟ་ཚུལ་ཞིག་ཀྱང་ཆགས་ཡོད་པ་ཡིན། མིའི་རིགས་ལ་གནོད་པ་མི་འབྱུང་བའི་སྤྱིའི་དམིགས་འབེན་ དེའི་ཆེད་དུ་ཡུལ་ལྷ་དམར་གྱིས་མཆོད་པའི་ལས་བགྱིས་པ་རེད། དེ་ལྟར་བྱེད་པའི་བྱ་འགུལ་དེའི་ཁྲོད་དུ་ཐུན་མོང་གི་འདུ་ཤེས་འཛུག་པ་དང་ཐུན་མོང་གི་ལྟ་བ་འཛུག་པ། ཚོགས་པ་དང་རུས་རྒྱུད་གང་དེ་གོང་བུ་གཅིག་གྱུར་ཡོང་བའི་སློབ་གསོ་ཡོད་པར་བརྟེན་དེ་ནི་བོད་གནའ་རབས་ཀྱི་གདོད་མའི་སྤྱི་ཚོགས་སློབ་གསོ་ཡིན། འོན་ཀྱང་། ད་ལྟའི་ཆ་དང་འདྲ་བར་སློབ་གསོ་ལས་ཁུངས་དང་རིག་གནས་ཁང་། རྒྱང་སྒྲོག་ཁང་དང་བརྙན་འཕྲིན་ཁང་། དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་། རྗེས་དྲན་ཁང་དང་དྲིལ་སྒྲོག་ཁང་སོགས་ལྟར་སློབ་གསོ་སྤེལ་བ་ལྟ་བུ་ཞིག་མ་ཡིན་ཀྱང་། གནའ་རབས་བོད་ཀྱི་སྤྱི་ཚོགས་སློབ་གསོ་དེར་ཡང་སློབ་གསོ་དང་དྲིལ་སྒྲོག་གི་ནུས་པ་འདྲ་མཚུངས་སུ་ཡོད་འདུག་པས། དེ་ནི་བོད་ གནའ་རབས་ཀྱི་སྤྱི་ཚོགས་སློབ་གསོ་ཡིན་ནོ། །
  གཉིས། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར།
  བོད་ཀྱི་གནའ་མི་ཚོས་ལོ་ངོ་ཁྲི་སྟོང་མང་པོའི་རིང་རང་བྱུང་ཁམས་ཆེན་པོའི་དཀའ་ཚེགས་ཆེ་བའི་གནོད་འཚེ་དང་འཇིགས་སྣང་ལ་ཅི་མི་སྙམ་པར་འཐབ་རྩོད་དང་འགྲན་སློངབྱས་ཏེ་འཚོ་གནས་ཀྱི་རྒྱུན་བསྐྱངས་པའི་རིང་། ཐོག་མར་རང་བྱུང་གི་རྡོ་ཆས་སོགས་ལག་ཆར་སྤྱད་དེ་ཐབས་ཆག་གི་འཚོ་བ་རོལ་བ་དང་། དེ་ནས་རིམ་གྱིས་རྡོ་ཆས་ཁོ་ན་སྤྱོད་པའི་ སྟབས་བདེའི་ལག་ཆ་དེ་ཤིང་དང་ལྕགས་ལ་བསྒྱུར་ནས་བཟོ་ཤེས་པའི་རིག་པ་རྙེད། དེ་ལྟར་ རིམ་གྱིས་རི་དྭགས་རྔོན་པ་དང་རི་དྭགས་རྒོད་པོ་གཡུང་ལ་བཀུག་ནས་ཕྱུགས་ལས་དར། ས་བབ་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་མ་རྨོས་པའི་ལོ་ཏོག་ས་ལ་འཐོར་བ་ལོ་རྗེསམར་སླར་ཡང་སྨིན་པ་མཐོང་ནས་ཞིང་ལས་བྱེད་འགོ་ཡང་ཚུགས། ཐོན་སྐྱེད་འཚོ་བའི་ངལ་རྩོལ་ལ་དངོས་སུ་ཞུགས་པ་དེ་ནས་བཟུང་ངལ་རྩོལ་གྱིས་མིའི་རིགས་ཀྱི་འདུ་ཤེས་ལ་གསུབ་ཐབས་མེད་པའི་བག་ཆགས་དང་ཤེས་རབ་བསྩལ་བར་བརྟེན། དེ་སྤྱི་ཚོགས་འཚོ་བ་ གོང་ནས་གོང་དུ་འཕེལ་བའི་སྒུལ་ཤུགས་སུ་གྱུར། དེ་ལྟར་བོད་ཀྱི་གདོད་མའི་མི་རྣམས་ཀྱི་ འཚོ་བ་སྔར་ལས་གོང་འཕེལ་དུ་སོང་བ་དང་བསྟུན། ཐོན་སྐྱེད་འཚོ་བའི་ཐོན་རྫས་ལྷག་མ་ བྱུང་ཞིང་དེ་དག་ཆུད་མི་ཟ་བའི་ཆེད་དུ། རུས་རྒྱུད་ཚོ་བ་ཁག་གི་རྒན་རབས་ཉམས་མྱོང་ལྡན་པ་ཞིག་ཚོ་བར་འགན་འཁུར་བའི་འགོ་བར་བཞག དེར་མི་རྣམས་ཀྱི་ཐོན་སྐྱེད་ཡོང་འབབ་ནས་ཟ་སྐལ་ཉུང་ཙམ་བྱིན་ནས་བརྩི་བཀུར་བྱེད་པའི་སྲོལ་ཆགས། མི་རྒན་ཉམས་མྱོང་ཅན་དེས་ཚོ་བ་ཐུན་མོང་ལ་བཀོད་འདོམས་བྱེད་དགོས་པས། དེ་ནི་ལྟོས་བཅས་ཀྱིས་ བཤད་ན་ཚོ་དཔོན་ཡིན་པར་མ་ཟད། སྤྱི་ཚོགས་སློབ་གསོ་གཏོང་བའི་དགེ་རྒན་ཀྱང་ཡིན་འདུག་པ་རེད། ཁོའི་ཉམས་མྱོང་གི་སྟེང་ནས་བཤད་པའི་སྐད་ཆ་ནི་འཚོ་བའི་ཉམས་མྱོང་ཡིན་པ་ཙམ་དུ་མ་ཟད། བསླབ་བྱ་དང་སློབ་གསོ་ཡང་ཡིན་འདུག་པས་འདི་ནི་གནའ་རབས་བོད་ཀྱི་སྤྱི་ཚོགས་སློབ་གསོ་གཏོང་བའི་ལོ་རྒྱུས་ཐུང་ངུ་ཞིག་ཀྱང་ཡིན་ནོ། །
  གནའ་རབས་སུ་རུས་རྒྱུད་ཚོ་བ་བྱུང་བ་དེ་ནི་སྤྱི་ཚོགས་གྲུབ་པའི་རྟགས་ཡིན་ལ། ཚོ་དཔོན་ནམ་རྒན་རབས་ཉམས་མྱོང་ཅན་བྱུང་བ་དེ་ནི་སྤྱི་ཚོགས་སློབ་གསོ་དར་བའི་མངོན་རྟགས་ཀྱང་ཡིན། དེ་དུས་ཀྱི་སྤྱི་ཚོགས་སློབ་གསོའི་ནང་དོན་ནི་འཚོ་བ་རོལ་བའི་ཉམས་མྱོང་དང་འཚོ་ཐབས་བྱེད་པའི་ཤེས་བྱ། རྒན་བཀུར་ཆུང་བྱམས་དང་རུས་རྒྱུད་ཚོ་བ་ཐུན་མོང་ལ་དགའ་བའི་འདུ་ཤེས་སྤེལ་རྒྱུ་ཙམ་དེ་ཡིན། དེ་ལྟར་ཟེར་བར་རྒྱུ་མཚན་ཡོད་དེ། སྐབས་དེར་ “རུས་ཚོ་སྟོབས་ཤུགས་ཆེ་བ་རེ་རེས་རུས་ཚན་ཆུང་བ་འགའ་ཤས་དབང་དུ་བསྡུས་ནས་བོད་ཁམས་སྟོད་སྨད་བར་གསུམ་དུ་སྡེ་དཔོན་ནམ་རྒྱལ་ཕྲན་བཅུ་གྲངས་ཤིག་ཆགས་པ་དང་། ཐག་རིང་ས་བཙན་དུ་གནས་པའི་རུས་ཚན་དེ་བས་མང་བ་ཞིག་སྔར་བཞིན་གྲམ་ནས་སོ་སོར་སྡོད་པ”རེད། དེ་བས་ཚོ་བ་ཐུན་མོང་ལ་དགའ་བའི་འདུ་ཤེས་མ་སྤེལ་ན་རང་གི་ཚོ་བ་གཞན་འོག་ཏུ་འཇུག་པའི་ཉེན་ཁ་ཡོད་པར་བརྟེན། རྒན་རབས་ཉམས་མྱོང་ཅན་ཚོས་རང་གི་ཉམས་མྱོང་རྣམས་རུས་ཚོ་དེ་དག་གི་མི་རྣམས་ལ་བསྒྲགས་ནས་དོགས་ཟོན་ཡོད་པ་བྱ་དགོས་པའི་རྒྱུ་མཚན་གྱིས་ཡིན།རྒྱལ་ཕྲན་བཅུ་གྲངས་ཤིག་ཆགས་པ་དེར་བོད་ཀྱི་ཡིག་ཚང་ནང་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ཞེས་ཡོངས་སུ་གྲགས་ཡོད་པ་དེ་ཡིན། རྒྱལ་ཕྲན་བཅུ་གཉིས་ཀྱི་གྲངས་ འདྲེན་ལ་ཏུན་ཧོང་གི་ཡིག་རྙིང་ལས། “རྒྱལ་པྲན(ཕྲན)ཡུལ་ཡུལ་ན། མཁར་བུ་རེ་རེ་གནསྟེ། རྒྱལ་པྲན(ཕྲན)བགྱིད་པ་དང་། རྒྱལ་པྲན་གྱི་བློན་པོ་བགྱིད་པའི་རང(རབས)ལ། ཞང་ཞུང་ ངར་བའི་རྗོ(རྗེ)། བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལོམ་མ་ཙེ་གཉིས། མྱང་རོའི་པྱེད(ཕྱེད)ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། ཡུལ་ གནུབས་ཀྱི་གླིང་དགུ་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་ རོའི་ཤམས་པོ་ན། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་ འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱི་རྗེ་འི་ མཁར་པ། བློན་པོ་དབོ་དང་རྡུག་གཉིས། ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ ཚ། བློན་པོ་རྔོ་དང་དབའས་གཉིས། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང་། བློན་པོ་སས་པ་དང་མྱང་ནད་གཉིས། ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ཡུལ་རྐོང་ལ་བྲེ་སྣར་ན། རྗེ་ཀོང་རྗེའི་ཀར་པོ། བློན་ པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱི་སྤྲོག་ཟིན།
བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ་འུ། བློན་པོ་དང་དང་དིང་དི་གཉིས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་ མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཡུལ་འབྲོག་མོ་སྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་ པོ་སྐྱང་རེ་གནས། ……གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ། ཡུལ་ཆེའི་བདག་བྱེད་བྱེད་པ་ལས། རྒྱལ་བོ་བཙན་པ་དང་། བློན་པོ་འཛངས་པ་ དཀུའ་བོ་ཆེ་རྣམས་ཀྱིས་གཆིག(གཅིག)ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་དབུ་རྨོག་མ་ཐོབ”ཅེས་བོད་ཀྱི་ཡུལ་དུ་ས་ཆ་རེ་ན་རྗེ་བོ་རེ། རྗེ་བོ་རེ་ལ་ བློན་པོ་གཉིས་ནས་དུ་མ་རེས་དབང་བཟུང་སྟེ། གཅིག་འོག་གཅིག་ལ་མ་འདུ་བར་གནས་ཡོད་པ་དང་། དབང་དུ་བསྡུས་པ་རྣམས་གཡོག་པོ་བྱེད་དུ་བཅུག་སྟེ་རྗེ་ལ་ཞབས་ཞུ་བྱེད་ དགོས་པ་སོགས་ལ་དཔག་ན་སྐབས་དེའི་རྣམ་པ་ནི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བཞུད་འགོ་བརྩམས་པའི་དུས་སྐབས་སུ་སླེབས་ཡོད་པ་ཤེས་ཐུབ།
  བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས་འདི་ནི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པར་བརྟེན། བྲན་གཡོག་བདག་པོ་ལ་བྲན་གཡོག་བདག་དོམ་ བྱེད་ཐབས་ཀྱི་སྤྱི་ཚོགས་སྒྲིག་སྲོལ་ཞིག་ཆགས་ཡོད་པ་དང་། སྒྲིག་སྲོལ་དེ་ནི་བྲན་གཡོག་ཚོའི་གཉའ་ནས་མནན་ཏེ་ཡར་ལངས་མེད་པ་བཟོ་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་མ་བཤད་ཀྱང་ཤེས་ནུས་པ་ཞིག་རེད། བྲན་གཡོག་བདག་པོས་བྲན་གཡོག་རྣམས་རང་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་པ་ལས་མི་ཚེའི་རང་དབང་དང་ཐོབ་ཐང་སོགས་ཅི་ཡང་མེད་པ་རེད། འདི་ནི་ཐོན་སྐྱེད་འཚོ་བའི་ཐོན་རྫས་ལྷག་མ་བྱུང་བ་དེ་ནས་བཟུང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སྒྲིག་སྲོལ་རིམ་གྱིས་དར་རྒྱས་བྱུང་བ་ཡིན། རུས་རྒྱུད་ཚོ་བར་ཐོན་རྫས་ལྷག་མ་བྱུང་ བ་དེ་ནི་བྲན་གཡོག་བདག་པོས་རུས་རྒྱུད་ཚོ་ཆུང་དབང་དུ་བསྡུ་བའི་རྒྱུ་རྐྱེན་དུ་གྱུར་ལ། ཐོན་རྫས་ལྷག་མ་དེའི་ཆེད་དུ་དམག་འཁྲུག་གི་འགོ་ཡང་བརྩམས་པ་རེད། དེ་ལྟར་བྱས་ནས་ བླངས་པའི་ཐོན་རྫས་དེ་ནི་བྲན་གཡོག་བདག་པོར་མཚོན་ན་ཕྱོགས་གཅིག་ནས་ཁོའི་ཆབ་་་་སྲིད་དང་དཔལ་འབྱོར་གྱི་མ་རྩ་ཇེ་མཐོར་འགྲོ་བ་དང་། ཕྱོགས་གཞན་ཞིག་ནས་སྒེར་ལ་དབང་བའི་མ་རྩའི་ཆ་རྐྱེན་བསྐྲུན་ཐུབ། སྒེར་ལ་དབང་བའི་མ་རྩའི་ཐོན་ཁོངས་འདི་བྱུང་བ་དང་བསྟུན་བྲན་གཡོག་བདག་པོས་བྲན་གཡོག་དང་གཞན་པའི་རུས་རྒྱུད་ཚོ་བར་བཤུ་གཞོག་བྱེད་པའི་ཐབས་ལམ་དེ་ཡང་བྱུང་བ་ཡིན། གསལ་བར་བཤད་ན་བོད་ཀྱི་རྒྱལ་ཕྲན་ བཅུ་གཉིས་སམ་སིལ་མ་བཞི་བཅུའི་སྐབས་ཀྱི་རྗེ་བོ་རྣམས་ནི་བྲན་གཡོག་བདག་པོ་རེ་རེ་ཡིན་ལ། བློན་པོ་རྣམས་ནི་བྲན་གཡོག་ལམ་ལུགས་ལག་བསྟར་བྱེད་པའི་མི་སྣ་གཙོ་གྲས་ཡིན། དེ་དག་གིས་བཟོས་པའི་སྒྲིག་སྲོལ་མཐའ་དག་ནི་ཇི་ལྟར་མང་ཚོགས་ལ་བཤུ་གཞོག་དང་གཉའ་གནོན་བྱེད་པའི་ཐབས་ཤེས་ཁོ་ན་ཡིན་པས། སྒྲིག་སྲོལ་དྲིལ་སྒྲོག་བྱེད་མཁན་གྱི་བློན་པོ་དག་ནི་སྐབས་དེའི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སློབ་གསོ་སྤེལ་མཁན་དག་ཡིན། བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སློབ་གསོའི་ནང་དོན་ནི་རྗེ་བོ་དག་ལ་བློ་དཀར་དགོས་པ་དང་ཐོན་སྐྱེད་ངལ་རྩོད་ལ་ཞུགས་ནས་རྗེ་བོ་དག་ལ་ཐོན་སྐྱེད་མ་རྩ་ཇི་ལྟར་གསོག་འཇོགབྱེད་དགོས་ཚུལ་གྱི་སློབ་གསོ་དག་ཡིན་པའང་ཤེས་ནུས་པ་ཞིག་གོ །
  གསུམ། སྤུ་རྒྱལ་གདུང་རབས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར།
  བོད་དུ་བཙན་པོའི་གདུང་རབས་བྱུང་བ་ནས་བཟུང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྤྱི་ཚོགས་འགོ་བརྩམས་པའང་ཤེས་ཐུབ། རྒྱུ་མཚན་ནི་རྒྱལ་བོའི་ས་དང་བཙུན་མོའི་ཆུ་ཟེར་བ་ལྟར་། ས་ཆུ་ཐམས་ཅད་རྒྱལ་བོས་བདག་བཟུང་བྱས་ཡོད་པ་དང་། དེ་དག་བློན་པོ་དང་སྐུ་དྲག ཆོས་བྱེད་མི་སྣ་དག་ལ་དུམ་བུར་བཅད་དེ་བཀོད་སྒྲིག་བྱས་ཡོད་ལ། དེ་དག་གིས་ཀྱང་འབངས་རྣམས་ལ་ཞིང་ས་གཡར་ཏེ་ཞིང་ཁྲལ་དང་འུ་ལག་ལེན་པའི་ལམ་་་་་ལུགས་བཙུགས་ཡོད་པས་སོ། །
  སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རུ་སྲོང་བཙན་གྱི་བར་དུ། བོད་ཀྱི་ཆབ་ སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་མཛད་དེ། བོན་ཆོས་ཆེ་ཆེར་དར་ཡོད་པའི་སྐབས་ཡིན། དེའི་རིང་ལ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ནི་བྲན་གཡོག་ལམ་ལུགས་སྤྱི་ཚོགས་ཤིག་ཡིན་པར་མ་ཟད། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱི་འགོ་ཡང་བརྩམས་ཟིན་པ་རེད། གཉའ་ཁྲི་བཙན་པོས་བོད་ཐུན་མོང་གི་རྗེ་བོ་མཛད་པ་ནས་བཟུང་། སྤུ་རྒྱལ་གྱི་བཙན་པོའི་ གདུང་རབས་དབུ་བརྙེས་ཤིང་། ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས། བཙན་པོ་དེའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང་ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། མཚེ་མི་གཤེན་གྱི་སྨུ་རྒྱལ་གྱིས་བོན་བསྒྱུར་ནས་བོན་ལུགས་དར་རྒྱས་སུ་བཏང་བར་གྲགས། ཀོང་པོ་དེ་མོའི་རྡོ་རིང་ཞེས་གྲགས་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་བཞེངས་པའི་རྡོ་བརྐོས་གཙིགས་ཀྱི་ཡི་གེ་དེའི་ཕྲེང་བཞི་བར། “ཉ་ཁྲི་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རི་གྱང་ཐོར་བཤེགས་པ་ཚུན་ཆད། དྲི་གུམ་ བཙན་པོ་ཕན་ཆད། གདུང་རབས་བདུན་གྱི་བར་དུ་ཕྱིང་བ་སྟག་རྩེ་ན་བཞུཊ་བཞུཊ་པ” ཞེས་གསལ་བ་ལྟར་ན། གནམ་གྱི་ཁྲི་བདུན་རྣམས་སྐུ་མཁར་ཕྱིང་བ་སྟག་རྩེར་བཞུགས་ནས་ཆབ་སྲིད་མཛད། རིམ་གྱིས་བཙན་པོ་དག་གིས་བོན་པོའི་སྐུ་གཤེན་དག་ལ་བཀུར་སྟི་དང་ཆེ་བསྟོད་བྱས་པར་བརྟེན། རྒྱལ་གཤེན་དོ་མཉམ་པ་ཙམ་དུ་ཆགས་པ་མ་ཟད། “གཤེན་ངག་ ཚིག་གསུམ་མ་བྱུང་བར། རྒྱལ་བོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་ གསུམ་མ་བླངས་བར། རྒྱལ་བློན་གླུ་བྲོ་མི་རོལ”ཞེས་སྐུ་གཤེན་རྣམས་རྒྱལ་བློན་གྱི་གོང་དུ་ ཤོར་བ་དེར་བློན་པོ་ཁག་ཅིག་གིས“དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱི་ལྗིད། ཟས་ཞིམ་པོ་མྱངས་ དྲགས་ན་སྐྱུག་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ནས། སྤྱི་བོའི་གཙུག་རྙོག”སོགས་གླུ་ བླངས་ཤིང་མི་དགའ་བའི་གཏམ་བོར་བས་སྐུ་སྲུང་གི་བོན་ཙམ་ལས། གཤེན་པོ་ཐམས་ཅད་ མཐའ་ལ་སྤྱུགས་ནས་བོན་བསྣུབས་ཚུལ་གྱི་ལོ་རྒྱུས་བྱུང་བ་ལ་དཔག་ན་ཆོས་བྱེད་མི་སྣས་ཆོས་ལུགས་བེད་སྤྱད་དེ་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་བསླངས་པའི་གནས་ཚུལ་ཞིག་ཀྱང་མཐོང་ཐུབ་པའོ། །
  གཞན་ད་དུང་སྤུ་རྒྱལ་གདུང་རབས་སྐབས་སུ་བྱུང་བའི“བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །ཤིག་ལ་མིག་ཕུག་ གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་ལ་དྲངས། །རྨོན་ལ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་ མར་འདི་ནས་བྱུང་། །”ཞེས་དང་། ཡང་“ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། །དེ་ཡི་ བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་ བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུལ་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་བྱུང་། །”ཞེས་གསར་སྐྲུན་རང་ བཞིན་ལྡན་པའི་ཐོན་སྐྱེད་ངལ་རྩོལ་བྱས་ནས་ཚན་རིག་དང་མཐུན་པའི་གསར་གཏོད་ཀྱི་་་་ ལས་མཛད་པའི་ལོ་རྒྱུས་འདི་དག་ལ་དཔགས་ན། སྤུ་རྒྱལ་གདུང་རབས་སྐབས་ཀྱི་བོད་ཀྱི་ སྤྱི་ཚོགས་འཚོ་བའི་ཐོན་སྐྱེད་དེ་ཚད་ངེས་ཅན་ཞིག་ཏུ་སླེབས་པ་རྟོགས་པར་འགྱུར། ད་དུང་ བོན་གྱི་ལོ་རྒྱུས་ལྟར་ན། “ས་ལ་ལེགས་དྲུག་གི་རིང་ལ། བོན་གྱི་རྒྱུད་གཞུང་དུ་མ་དང་། རིག་ པའི་གནས་ལྔ་རྣམས་དར་ཞིང་། རིག་པའི་གནས་ལྔ་ནི། ནད་ཀྱིས་གདུང་བ་སྨན་གྱིས་ གསོ། །གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། །ཕས་ ཀྱི་རྒོལ་བ་སྒྲས་ཚར་གཅོད། །”པ་སོགས་ཀྱི་རིག་གནས་ཀྱང་དར་མྱོང་བར་བཤད།
  སྤུ་རྒྱལ་གདུང་རབས་ཏེ། གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེངས་གཉིས། བར་གྱི་ལེགས་དྲུག ས་ལ་ལྡེ་བརྒྱད། འོག་གི་བཙན་ལྔ་སོགས་བྱུང་བའི་གདུང་རྒྱུད་འདི་དག་གི་རིང་ལ་ འཕྲུལ་བློན་མཛངས་མི་དུ་མ་བྱུང་བ་དང་དེ་དག་གིས་རང་གི་འཚོ་བའི་ཉམས་མྱོང་གཞི་མ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ལ་ཕྱག་རྗེས་མི་དམན་པ་བཞག་ལ། བོན་ཆོས་ཀྱིས་ཀྱང་མིའི་རིཊ་ལ་ནད་བརྟག་སྨན་བཅོས་དང་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་སེལ་བ། ཕས་རྒོལ་འདུལ་བ་ སོགས་བྱས་རྗེས་བཞག་མྱོང་བ་རེད། དེ་དག་ལ་བརྟག་ན། སྤུ་རྒྱལ་གདུང་རབས་སྔ་མའི་སྐབས་ཀྱི་བོད་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་་་ལམ་ལུགས་སུ་གནས་ཡོད་ནའང་། ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་བར་བཤད་པས། སྐབས་དེའི་བོན་ཆོས་གཉེར་མཁན་རྣམས་ནི་སྤུ་རྒྱལ་གདུང་རབས་སྐབས་ཀྱི་སྤྱི་ཚོགས་ སློབ་གསོ་གཏོང་བའི་མི་སྣ་གཙོ་བོར་གྱུར་ཡོད་པ་ཤེས་ཐུབ། “བོན་ལ་དབྱེ་ཚུལ་མང་ཡང་བསྡུས་ན། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དང༌། གཡུང་དྲུང་བོན་གཉིས་སུ་འདུ་བ་དང༌། སྔགས་མང་བཟླས་ཏེ་ཡར་རྒན་གྱི་ལྷ་མཆོད་པ་དང༌། བར་ཁྱིམ་གྱི་ཐབས་འདོན་པ། མར་འདྲེ་སྲི་གནོན་པ་བཅས་ཆོ་ག་རྒྱ་ཆེར་སྤེལ་བའི་བོན་དེ་རིགས་ནི་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དང༌། སྟོན་པ་གཤེན་རབ་མ་བྱོན་གོང་དུ་དབལ་བོན་དང༌། ཡོགས་བོན། ཁྲིན་བོན། གཉེར་བོན། འོ་བོན། འཚམས་བོན། བདུད་བོན། དམུ་བོན། བཙན་བོན། སྲིད་བོན། ལྷ་བོན་སོགས་བོན་གྱི་ རིགས་ཇི་སྙེད་ཅིག་བྱུང་བ་དེས་གནའ་རབས་བོད་མིའི་ལྟ་སྒོམ་སྤྱོད་གསུམ་ལ་ཤན་སྟོབས་་་ཆེན་པོ་ཐེབས་ཡོད། དེ་ཡང《དེབ་ཐེར་དམར་པོ་གསར་མ》སོགས་ལོ་རྒྱུས་ཡིག་ཚང་དུ་ འཁོད་པ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་བཅུ་བདུན་ཡས་མས་སུ། རྗེ་གཉའ་ཁྲི་གཙན་ པོའི་རིང་ལ་དམུ་གཤེན་རྨུ་རྒྱལ་བྱ་བས་སྲོལ་ཕྱེས་པའི་བོན་ལ་བརྡོལ་བོན་ནམ་ལྡེའུ་བོན་ཞེས་བརྗོད་ཅིང༌། དེ་ནི་བོད་རང་ས་ནས་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་ རྨང་གཞིའི་སྟེང་བྱུང་བའི་བོན་ཆོས་ཐོག་མ་ཡིན་པ་དང༌། གཙོ་བོ་འབྱུང་བ་ལྔའི་ལྷ་དང་ ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་ལྟ་བུའི་རིགས་ལ་མགོན་སྐྱོབས་སྡོངས་གྲོགས་ཞུ་བ་ཡིན། དེ་ལ་རྒྱུའི་ བོན་ཆབ་ནག་ཅེས་ཀྱང་གྲགས། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དེ་ལ་མངོན་གསལ་དོད་པོའི་ ཁྱད་ཆོས་མངའ་བ་ནི། དཔེར་ན། ཕྱི་སྣོད་ཀྱི་རི་ར་བ་ཁང་ཁྱིམ་དང་རི་དྭགས་སྒོ་ཕྱུགས་ སོགས་ལྷའི་རྣམ་སྤྲུལ་དུ་འཛིན་པའི་ལྷ་གསོལ་འདྲེ་འདུལ་གྱི་དད་མཆོད་དང༌། མོ་ལྷ་ བདར་བས་ལེགས་ཉེས་མགོན་ཤེས་གསལ་བ་དང༌། གླུད་ཕར་གཏོང་བས་འདྲེ་ཚིམས་པ་ བཅས་མདོར་ན་ལྷ་ཚོགས་ལ་དད་མཆོད་བྱེད་པར་མཚོན་ལ། གཞན་ཡ་ཐོག་སྲིད་པ་རྒྱུད་ ཀྱི་བོན་གྱིས་ལྷ་བསང་རྒྱག་རྔན་བསྔོ་བ་དང༌། འདྲེ་འདུལ་མོ་རྩིས་བྱེད་པ། ཚེ་དཔལ་ཕྱྭ་གཡང་འགུགས་པ། འཁྲུག་བཅོས་གཏོ་ཟློག་བྱེད་པ། མི་དཔྱད་ས་དཔྱད་བྱེད་པ་བཅས་ཀྱིས་སྣོད་བཅུད་བཏང་སྙོམས་དང༌། སྤྱི་ཚོགས་ཞི་མཐུན་ལ་ནུས་པ་ཆེན་པོ་ཐོན་ཡོད།”པ་སོགས་ནི་སྤྱི་ཚོགས་སློབ་གསོའི་ནང་དོན་ཡིན་ནོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།