དཔེ་ལེགས་དགེ་རྒན་སྐར་མ་ཆོས་དབང་ངོ་སྤྲོད།
དཔེ་ལེགས་དགེ་རྒན་སྐར་མ་ཆོས་དབང་ངོ་སྤྲོད།
སྐར་མ་ཆོས་དབང་ནི་ལོ་ངོ་མང་པོར་སློབ་གསོའི་ཐད་དཀའ་སྤྱད་འབད་བརྩོན་བྱས་པའི་ཕུལ་བྱུང་སློབ་གཙོ་ཞིག་ཡིན་ཞིང་། ཁོའི་ནན་ཏན་གྱི་བྱ་སྒྲུབ་རྣམ་པ་དང་ཕུལ་དུ་བྱུང་བའི་བྱ་བའི་གྲུབ་འབྲས་ལས་སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་ལེགས་པོ་ཐོབ་པ་དང་། སྔ་གཞུག་ཏུ་ཁུལ་དང་རྫོང་རིམ་པའི་སློབ་སྒྲུབ་ནུས་མཐུ་པའི་གཟེངས་རྟགས་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་དགེ་རྒན་དཔེ་ཀློག་སློབ་སྒྲུབ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་ཁུལ་སློབ་གསོ་ཅུས་ཕུལ་བྱུང་སློབ་གཙོ་དང་ཡུལ་ཤུལ་ཁུལ་གྱི་ཕུལ་བྱུང་སློབ་གཙོ་བཅུ་སོགས་ཀྱི་གཟེངས་རྟགས་གནང་བ་རེད།
2008ལོར་ཁོས་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོ་ལྟེ་གནས་བཅའ་སྡོད་སློབ་གྲྭར་སློབ་གཙོའི་འགན་བཞེས་པ་དང་། 2010ལོའི་ཟླ3པར་ཡུལ་ཤུལ་ཁུལ་གྱི་ཨང་ཀིའི་སློབ་ར་ཐོག་མ་དེ་སྡོམ་མདའ་ཡུལ་ཚོ་ལྟེ་གནས་བཅའ་སྡོད་སློབ་གྲྭར་ཚུགས་ཤིང་། འབྲོག་ཁུལ་གྱི་བྱིས་པ་རྣམས་ཀྱིས་འཛིན་གྲྭ་རུ་ཨང་ཀིའི་སློབ་རའི་ཁྲོད་ཐོན་ཁུངས་མཉམ་སྤྱོད་སྟེགས་བུར་བརྒྱུད་དེ་ཕུན་སུམ་ཚོགས་ཤིང་སྤུས་ལེགས་ཀྱི་སློབ་སྦྱོང་ཐོན་ཁུངས་ལོངས་སུ་སྤྱད་ཅིང་། དགེ་རྒན་རྣམས་ཀྱིས་ཨང་ཀིའི་སློབ་རའི་ཁྲོད་བར་དབྱིངས་སློབ་ཁྲིད་ཀྱི་སྟེགས་བུར་བརྒྱུད་དེ་རྒྱལ་ཡོངས་ཀྱི་སྤུས་ལེགས་སློབ་སྒྲུབ་ཐོན་ཁུངས་ལོངས་སུ་སྤྱད་དེ་དུས་མཉམ་སློབ་སྒྲུབ་མངོན་འགྱུར་བྱས། སློབ་གྲྭའི་དོ་དམ་དེ་ཨང་ཀིའི་སློབ་རའི་ཁྲོད་ཀྱི་མཐུན་འབྲེལ་གཞུང་སྒྲུབ་སྟེགས་བུར་བརྒྱུད་ནས་དྲོན་ཆུང་དང་། མགྱོགས་མྱུར། སྟབས་བདེ། བདེ་འཇགས་བཅས་ཡིན་པའི་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་སྟེ། འབྲོག་ཁུལ་སློབ་གསོའི་འཕེལ་རྒྱས་ཐད་སློབ་གསོའི་རྣམ་པ་གསར་བ་ཞིག་མཁོ་འདོན་བྱས།
ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་སྡོམ་མདའ་ཡུལ་ཚོར་ཡང་གནོད་འཚེ་ཅུང་ཐེབས་པ་དང་། དཀའ་ངལ་ཁྱད་བསད་ཀྱིས་སློབ་སྒྲུབ་ལ་འགོར་འགྱིངས་ཆེན་པོ་མ་བཏང་། དེ་ཡང་སྡོམ་མདའ་སློབ་ཁུལ་གྱི་ཕུལ་བྱུང་གྲུབ་འབྲས་ལས་གཙོ་འདོན་སློབ་གསོ་ཅུས་སྔ་གཞུག་ཏུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་འགོ་ཁྲིད་དང་རྐང་འཛིན་དགེ་རྒན་རྩ་འཛུགས་བྱས་ཏེ་སློབ་གྲྭར་གཟིགས་ཞིབ་དང་སློབ་སྦྱོང་དུ་ཕེབས་པ་མ་ཟད། རྒྱལ་ཁབ་རིམ་པའི་འགོ་ཁྲིད་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད། ཁུལ་རིམ་པའི་འགོ་ཁྲིད། རྫོང་རིམ་པའི་འགོ་ཁྲིད་སོགས་ཀྱིས་སྡོམ་མདའ་ཡུལ་ཚོའི་སློབ་གྲྭར་གཟིགས་ཞིབ་དང་ཁྲིད་སྟོན་གནང་ལ། ས་ཁུལ་གཞན་པའི་སློབ་གྲྭ་ཡང་འདིར་ཡོང་སྟེ་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པ་ཡིན། དེར་བརྟེན། སྡོམ་མདའ་ཡུལ་ཚོའི་འབྲོག་ཁུལ་གྱི་སློབ་སྒྲུབ་རྣམ་པ་འདི་ཁུལ་ཡོངས་ཀྱི་འབྲོག་ཁུལ་སློབ་གསོ་ལེགས་པོར་བསྒྲུབ་པའི་དཔེ་ལེགས་སུ་གྱུར། 2012ལོར་ཁོས་ཁྲི་འདུ་རྫོང་ཚོད་ལྟའི་སློབ་གྲྭའི་སློབ་གཙོའི་འགན་བཞེས་པ་དང་། སློབ་གྲྭ་དེ་ནི་དམིགས་བསལ་དང་ལྡན་པའི་སློབ་གྲྭ་གསར་བ་ཞིག་ཡིན་ལ། སློབ་སྒྲུབ་མ་ལག་གསར་བ་དང་། དོ་དམ་འདུ་ཤེས་གསར་བ། སློབ་སྒྲུབ་རྣམ་པ་གསར་བ་སོགས་ཕྱོགས་ཡོངས་ནས་ཁོས་ཡང་བསྐྱར་མགོ་རྩོམ་དགོས་བྱུང་།
དེར་བརྟེན། ཁོས་ཆེད་དུ་རིག་གནས་ཀྱི་རྐང་ཞན་པའི་འབྲོག་ཁུལ་གྱི་བྱིས་པ་རྣམས་ལ་རིག་གནས་ཀྱི་པར་ངོས14སྟེ། བོད་ཀྱི་གྱོན་ཆས་རིག་གནས་དང་། བོད་ཀྱི་བཟའ་བཏུང་རིག་གནས། འབྲོག་ཁུལ་གྱི་རིག་གནས། རྒྱལ་སྲུང་དམག་དོན། ཚན་རིག་ཤེས་བྱ། སློབ་གསོའི་དྲིན་ལན། སྐྱེ་ཁམས་ཁོར་སྲུང་ཤེས་བྱ། མདོ་དབུས་མཐོ་སྒང་གི་སྲོག་ཆགས་དང་སྐྱེ་དངོས་མཚམས་སྦྱོར། མཛེས་སྡུག་གི་ཡུལ་ཤུལ། གླུ་གར། ནང་བསྟན་རིག་གནས། མི་རིགས་མཐུན་སྒྲིལ། གེ་སར་རིག་གནས། བདེ་ཐང་། འཕྲོད་བསྟེན། བདེ་འཇགས་སློབ་གསོ་བཅས་ནང་དོན་འདུས། མ་ཟད་འཛིན་གྲྭའི་འགྲེལ་བརྗོད་པས་འགྲེལ་བརྗོད་བྱེད་པའི་རྣམ་པ་ལྟར་ཁྱད་འཕགས་ཀྱི་རིག་གནས་གྲུབ་ཅིང་། དེ་ལག་ཏུ་བསྟར་བ་ནས་བཟུང་། སློབ་གསོའི་ཆེད་མཁས་པ་དང་ཤེས་ཡོན་པ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་སློབ་གྲྭར་གཟིགས་ཞིབ་ཁྲོད་གདེང་འཇོག་ཚད་མཐོན་པོ་གནང་ལ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཆེད་དུ་ཚོད་ལྟའི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་རིག་གནས་སྣང་ཚུལ་འདིར་སྐར་མ30ཡས་མས་ཀྱི་ཆེད་དོན་བརྙན་སྦྱོར་བྱས།