logo

རྡོ་གྲུབ་ཆེན་གེ་སར་རིག་གནས་སྒྱུ་རྩལ་མདོ་ཙམ་གླེང་བ།

རྩོམ་པ་པོ།:འཇམ་དབྱངས་ཤེས་རབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-29 ཀློག་གྲངས།:

  ཡང་རྡོ་གྲུབ་ཆེན་སྐུ་ཕྲེང་དང་བོ་ལས་ཟབ་གསང་འོད་གསལ་ཀློང་ཆེན་སྙིང་གི་ཐིག་ལེ་སྙན་བརྒྱུད་ཡི་གེ་མེད་པའི་སྐོར་རྣམས་དོན་བརྒྱུད་ཡིད་བཞིན་ནོར་བུ་གང་ཟག་ཆིག་བརྒྱུད་དུ་བསྩལ་པའི་རྫ་དཔལ་དགེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། དེའི་དངོས་སློབ།  རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་དང་བླ་སློབ་གཞི་མཐུན་ཁམས་ཀྱི་མཁས་དབང་ཆེན་པོ་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་སྐུ་ཚེ་གང་གི་དགྲ་བླ་སེང་ཆེན་ནོར་བུ་དགྲ་འདུལ་ལ་གནང་ཞིང་།  འཁྲུངས་གླིང་མེ་ཏོག་ར་བ།  གླིང་བྲོ་བདེ་ཆེན་རོལ་མོ། མ་སེང་དགྲ་དྲུབས། གེ་སར་གྱི་བསང་མཆོད་དང་། གསོལ་ཁ་རྒྱས་བསྡུས་སོགས་སྐུ་རྗེ་གེ་སར་རྒྱལ་པོ་དང་འབྲེལ་བའི་རིག་གནས་དུ་མ་ཁྱབ་སྤེལ་དུ་བཏང་ངོ་།། 
  དེ་བཞིན་རྡོ་གྲུབ་ཆེན་གསུམ་པ་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་དང་བླ་སློབ་གཞི་མཐུན་གཏེར་ཆེན་ལས་རབ་གླིང་པ་ ཕྲིན་ལས་མཐའ་ཡས་རྩལ་ལམ་ཉག་བླ་བསོད་རྒྱལ་མཆོག་རྨ་རོང་དུ་བསྙེན་སྒྲུབ་མཛད་སྐབས་གྲོ་ཞུན་ཟླ་བའི་ཚེས་བཅུའི་ཚོགས་མཆོད་ཀྱི་དུས་སུ། གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་ཞིག་གི་དངོས་ཞལ་རྗེན་པར་མཇལ་མཐར་ཁོང་གི་ཐུགས་དབུས་སུ་ཐིམ་སྟེ། སྐྱེས་བུ་གེ་སར་རྒྱལ་པོ་གཙོ་འཁོར་རྣམས་ཡིན་སྙམ་དུ་དགོངས་པའི་རྟ་བ་ཞུབ་ཆེན་མང་པོ་ཡུད་ཙམ་གཟིགས་ནས་ཡལ། དེའི་ཚེས་བཅུ་དགུ་ལ་རྫོགས་ཆེན་བླ་བྲང་དུ་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་བསྙེན་ཐུན་སྐབས། “"སྙིགས་དུས་བདུད་དགྲ་ལས་རྒྱལ་ཕྱིརཿ གུ་རུ་སྐྱེས་བུའི་ཚུལ་བསྟན་གཅེསཿ"”ཞེས་སྐྱེས་མཆོག་གེ་སར་རྒྱལ་པོའི་ཟབ་སྒྲུབ་དགྲ་ལས་རྣམ་རྒྱལ་རྣམས་དགོངས་པའི་དབྱིངས་སྒྲོམ་ནས་རྡོལ། སྐུ་བསོ་ཐོག་གི་གནས་སུ་མཁའ་འགྲོའི་ཚོགས་མཆོད་ཕུལ་ཚེ་གསེར་ལུང་རྩ་གླིང་ཚངས་པའི་ཕུག་གི་སྒོ་སྲུང་གི་མཛོ་ཞེས་པ་དེའི་དངོས་གཟུགས་བསྟན་ནས།“"ཐ་ལ་ཡེ་ཨུ་པ་དཱེ་ཤའི་དབང་།། ལོ་མགོ་མི་འགྱུར་ད་ལྟ་འདིར།། ཐ་ལ་ཡེ་དུས་བབ་མྱུར་ལེ་རེད།། མི་བཟང་དེ་གླིང་གི་རྗེ་དྲུང་རེད།། ས་བཟང་དེ་སྐྱིད་སའི་སུམ་མདོ་རེད།། ཐ་ལ་ཡེ་མོས་ལྡན་མང་ལེ་རེད།།"”ཅེས་ཟེར་ནས་མི་སྣང་བར་གྱུར། དེ་རྗེས་གུ་རུ་རྡོ་རྗེ་འཆང་གི་གཟུགས་སྐུ་ཡུད་ཙམ་མཇལ་བས་མོས་གུས་དྲག་པོས་ཞབས་སྤྱི་བོར་ལེན་དགོས་དགོངས་ཚེ་ཁོང་ཉིད་ལ་ཐིམ་སོང་། དེའི་ཚེ་གེ་སར་གྱི་དབང་དེའི་ཚིག་དོན་བཀྲ་ལམ་མེར་དགོངས་དབྱིངས་ལས་རྡོལ་བའི་གཉུག་མའི་དྲན་ཤེས་ཁྱད་པར་ཅན་ངང་གིས་འཁྲུངས། ཕྱི་ལོ་1924ཤིང་བྱི་ཧོར་ཟླ་དྲུག་པའི་ཚེས་བཅུའི་ནུབ་མོ་མནལ་ལམ་དུ།   བུད་མེད་ངོ་མི་ཤེས་པ་ཤིག་གིས་ལུང་བསྩལ་པར་ཁོང་གིས་མ་ཧཱ་གུ་རུའི་བཀའ་དངོས་ཡིན་སྙམ་པའི་ཐུགས་ངེས་འཁྲུངས་པའི་བཀའ་ཚིག་འདི་སྐད་སྨྲ་སྟེ། “"གེ་སར་འཕྲལ་གཏེར་དེར་བཀའ་བརྒྱད་ཀྱི་ལྷ་ཡོད། དབང་བསྐུར་རྒྱུ་ཡོད་པས་གེ་སར་གཞན་དང་འདྲ་མ་གྲགས། བརྡ་དོན་གཉིས་དེ་བཤད་ན་ནང་རྒྱུད་རྙེད་ཚེ་སོགས་ནས་རྡོ་གྲུབ་ཆེན་སྤྲུལ་སྐུར་གྲོས་བསྡུར་བྱས་སོང་ན། གཏེར་སྒྲོམ་དེའི་ཤོག་སེར་ཕབ་རྒྱུ་ཡོད་འོང་།"” ཞེས་གསུངས་པ་དང་། "ཤིང་བྱིའི་དབྱར་ཟླ་འབྲིང་དང་ཐ་ཆུང་ནང་རིན་པོ་ཆེའི་མདུན་དུ་བཀྲ་ལེབ་ཏུ་བྱོན་ཏེ། རྡོ་གྲུབ་ཆེན་རིན་པོ་ཆེར་གཏེར་ཆོས་ལྷག་མ་རྣམས་འབུལ་བར་མཛད།"” ཅེས་དང་། "རྡོ་གྲུབ་དབང་གིས་ཡི་གེར་ཕབ་པའི་ཕྱག་བྲིས་ལས་བྱུང་བའི་ལུང་བསྟན་དེ་ཡང་གསར་བཞེས་མཛད།" ཅེས་སོགས་ལས་གླིང་རྣམ་ཐར་ལས་བྱུང་བ་རྣམས་ཡར་མར་གུང་བསྒྲིགས་ནས་བལྟས་ན། གཏེར་སྟོན་ལས་རབ་གླིང་པ་མཆོག་དགྲ་འདུལ་གེ་སར་གྱི་གཏེར་འདོན་ཆེན་པོ་ཞིག་ཡིན་པར་མ་ཟད། རྡོ་གྲུབ་དབང་གསུམ་པ་རིན་པོ་ཆེ་དང་། ལས་གླིང་གི་ཆོས་བདག་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་བོ་རྣམ་གཉིས་ཀྱང་རྟེན་རབ་བྱུང་ལགས་ཀྱང་གེ་སར་ནོར་བུ་དགྲ་འདུལ་གྱི་གཏེར་འབྱོན་སྦས་ པའི་རྣལ་འབྱོར་ཞིག་ཡིན་པར་གདོན་མི་ཟའོ།།
  ཡང་རྡོ་གྲུབ་ཆེན་དང་མདོ་མཁྱེན་བརྩེ་ཟུང་འཇུག་གི་རྣམ་རོལ་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་དཔལ་མཉམ་མེད་རིག་འཛིན་འཇའ་ལུས་རྡོ་རྗེས་གེ་སར་འབེབས་སྒྲུབ་སོགས་མཛད་པས་ཀུན་གྱིས་ངོ་མཚར་བསྔགས་བརྫོད་ཀྱི་མེ་ཏོག་རྟག་པར་འཐོར།   གཞན་གེ་སར་གྱི་བསང་དང་གསོལ་ཁ་རྒྱས་བསྡུས་ཅི་རིགས་ཤིག་གནང་ཡང་དུས་དབང་གིས་རེ་ཞིག་ལག་སོན་མ་བྱུང་། དེ་ལྟ་ནའང་འོག་ཏུ་འབྱུང་བ་ལྟར་གེ་སར་ཟློས་གར་འཁྲབ་སྟོན་གྱི་སྲོལ་གསར་འཛུགས་གནང་ཞིང་།  དེའི་ཕྲིན་ལས་ཀྱི་བྱེད་པོའང་མངའ་གསོལ་ལུང་བསྟན་པས་ད་ལྟའི་ཆར་ཡང་གནས་འདི་ཙམ་མ་ཡིན་པར་རྒྱལ་ཁབ་དང་ཞིང་ཆེན་ཁག་སོ་སོ་ནས་བཟུང་ཁུལ་དང་རྫོང་། དགོན་གནས་ཡུལ་གྲུ་དུ་མར་མ་ཉམས་གོང་སྤེལ་དུ་འགྲོ་བཞིན་པ་འདི་གའོ།།
  དེའི་ཕྱིར་རྡོ་གྲུབ་ཆེན་ཆོས་བརྒྱུད་དང་བཅས་པར་གེ་སར་བསྙེན་སྒྲུབ་བྱེད་པའི་གྲུབ་བརྙེས་རིག་འཛིན་ཡང་དུ་མ་བྱུང་སྟེ།  གོང་དུ་སྨྲས་པ་ལྟར་རྡོ་གྲུབ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ཀྱིས་གཙོར་མཛད། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། གྱི་ལུང་ཐུགས་མཆོག་རྡོ་རྗེ། རྫ་དཔལ་དགེ་རྡོ་རྗེ་འཆང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། གཏེར་ཆེན་ལས་རབ་གླིང་པ། རྡོ་གྲུབ་ཆེན་དང་ལས་གླིང་གི་དངོས་སློབ་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ། ལས་གླིང་གི་དངོས་སློབ་གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ། རྡོ་གྲུབ་ཆེན་དང་ཀླུ་ཤུལ་མཁན་ཆེན་གྱི་དངོས་སློབ་ཡག་ཤུལ་བླ་མ་བློ་གྲོས་ཞེས་ཨ་ཁུ་ཁྲོ་ཐུང་གི་དངོས་སྤྲུལ་དེ་དང་། རྡོ་གྲུབ་ཆེན་ལྔ་བའི་ཕ་ཡབ་རིག་འཛིན་མཁའ་སྤྱོད་རྡོ་རྗེའམ་མཁན་པོ་བསོད་ནམས་དཔལ་ལྡན། རྡོ་གྲུབ་ཆེན་བཞི་པའི་དངོས་སློབ་འདན་སྲས་གཡུ་འོད་འབུམ་མེའི་ཟློས་གར་ཆོས་རྗེ་ཡིད་བཞིན་ནོར་བུ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། པདྨ་གཏུམ་དྲག་རོལ་པའི་རྡོ་རྗེ། རྒྱལ་མཆོག་ནོར་བུ་དགྲ་འདུལ་གྱི་འཕྲུལ་བསྒྱུར་བླ་མ་རིག་འཛིན་ཉི་མ་འམ་དོན་གྲུབ་ཝེར་མ་དཀར་པོ། ཌཱཀྐི་མ་མཁའ་འགྲོ་ཏཱ་རེ་ལྷ་མོ་དང་། འཇང་གཡུ་ལྷའི་རྣམ་རོལ་སྙན་ལུང་སྤྲུལ་སྐུ་འཇིགས་མེད་ཕུན་ཚོགས།   ཁང་སར་དབོན་སྤྲུལ་བསྟན་པའི་དབང་ཕྱུག་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་དཔའ་བོ་མཁའ་འགྲོ་འཛམ་གླིང་གེ་སར་དང་འབྲེལ་བའི་རིག་འཛིན་མཆེད་ལྕམ་དུ་མ་བྱུང་ངོ་།། དེ་དག་ལ་མི་རྗེ་སེང་ཆེན་ནོར་བུ་དང་འབྲེལ་བའི་འབེལ་གཏམ་བཀའ་གཏེར་གྱི་ཟབ་ཆོས་དུ་མ་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་མཚུངས་པར་མཆིས་སོ།། དེ་བཞིན་རྡོ་གྲུབ་ཆེན་དམངས་ཁྲོད་དུའང་གླིང་གེ་སར་གྱི་ལོ་རྒྱུས་གླེང་མཁན་དང་། འདོན་སྒྲུབ་བྱེད་མཁན་སོགས་འཇིག་རྟེན་གསར་རྙིང་གཉིས་ཀར་མང་དུ་ཡོད་ལ། དཔེར་ན་རྩོམ་པ་པོ་རང་དང་ན་ཚོད་མཉམ་པའི་གྲོགས་པོ་ཚོའི་ཁྲོད་དུའང་། གེ་སར་སྒྲུང་རྩོམ་པོ་ཏི་ཉི་ཤུ་ལྷག་ཀློག་འདོན་བྱེད་མཁན་མི་གྲངས་བཅུ་ཕྲག་ལས་ངེས་པར་བརྒལ་པ་ཡོད་དོ།།
  རྡོ་གྲུབ་ཆེན་དགོན་དུའང་གོང་སྨྲོས་གེ་སར་རིག་གནས་སྒྱུ་རྩལ་དེ་དག་འདོན་སྒྲུབ་དང་།  གེ་སར་གྱི་གཏོར་མའི་བཅའ་བཟོ། བཤད་སྤེལ། འཁྲབ་སྟོན། དཔྱད་གླེང་། བརྩམས་ཆོས་སོགས་མ་ལུས་ཤིང་ལུས་པ་མེད་པའི་རྒྱུན་བཟང་སྔར་རྡོ་གྲུབ་ཆེན་སྐུ་རབས་ལྔའི་རིང་ལ་མཐར་ཆགས་སུ་ཡོད་པ་ནི་སྨྲོས་མ་དགོས་ཏེ། དཔེར་མཚོན་ན་གྲུབ་དགོན་མགོན་ཁང་དུ། སྒྲུབ་མི་ཆེད་འཛུགས་ཀྱིས་ཉི་མ་རེ་རེ་བཞིན་ཀློང་ཆེན་སྙིང་ཐིག་གཉན་པོའི་བཀའ་སྲུང་ཚེ་རིང་མ་དང་རྡོ་རྗེ་གཡུ་སྒྲོན་མས་གཙོར་བྱས་མ་གཟའ་དམ་གསུམ། ཞིང་སྐྱོང་དུར་ཁྲོད་ཀྱི་ལྷ་མོ་ངན་ནེ་མ། རྒྱལ་ཆེན་སྐུ་ལྔ། གནོད་སྦྱིན་ཙིའུ་དམར། སེང་ཆེན་ནོར་བུ་དགྲ་འདུལ། དགོངས་འདུས་བཙན་རྒོད་སྤུན་བདུན། བྲག་སྲིན་འཇིགས་བྱེད་འབར་མ་བཅས་ཀྱི་གསོལ་ཁ་དུས་རྟག་པར་གསུང་བཞིན་ཡོད་ལ། མགོན་ཁང་དུ་ཆོས་སྐྱོང་དེ་དག་གི་སྐུ་བརྙན་བྲིས་འབུར་ལྡེབས་བྲིས་ཅི་རིགས་སུ་བཞུགས་སོ།།
  ད་ལྟ་གྲུབ་དབང་ལྔ་བ་རིན་པོ་ཆེས་བསྟན་སྲུང་དེ་དག་གི་མགོན་ཁང་བརྩེགས་གཉིས་ཅན། ཁང་མིག་གྲངས་མང་ཞིང་ཞལ་འབག་དང་སྐུ་བརྙན་ཟིལ་ཆེ་བ་སོགས་ཕྱི་ནང་གཟུངས་རྟེན་གྱི་རིམ་པ་བཅས་གང་ཅིའི་ཐད་ནས་ཆ་ཚད་དང་ལྡན་པ་ཞིག་བཞེངས་བསྐྲུན་གནང་ཡོད་དོ།། དེ་བཞིན་གྲུབ་དགོན་གྱི་སྒྲུབ་ཁང་དང་། རི་ཁྲོད། བཤད་གྲྭ། དགོན་གཞུང་བཅས་ཀྱི་སྒྲུབ་ཆེན་སྒྲུབ་མཆོད་དགུ་གཏོར་སོགས་དུས་མཆོད་ཆེན་པོ་རྣམས་དང་། སྤྱི་སྲུང་། སྤྱི་བསང་། ཚེས་བཅུ་ཉེར་ལྔ་ནས་བཟུང་སྟེ་སྤྱི་སྒེར་སུ་ཡིན་རུང་སྒྲུབ་པ་རྣམས་ཀྱི་སྐབས་སུ་བཀའ་སྲུང་དེ་དག་གི་མཆོད་གསོལ་བྱེད་པ་ནི་ཆེས་གལ་ཆེན་དང་གཙོ་སྙིང་ཞིག་ལགས་སོ།།
  ད་དུང་དགོན་འདིར་རྒྱུ་ཟངས་གསེར་ལས་གྲུབ་པའི་གླིང་རྗེ་རྒྱལ་པོས་གཙོར་བྱས་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་དང་། དྲན་གསོ་ཁང་ཡོད་པ་གཤམ་དུ་གསལ་ལོ།།

འབྲེལ་ཡོད་འོས་སྦྱོར།